Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
  collapse section
   
   
   
   
   
   
འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་བསྟོད་པ་གཞན་ཕན་ཀུནྡའི་ཕྲེང་བ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་བསྟོད་པ་གཞན་ཕན་ཀུནྡའི་ཕྲེང་བ།next

འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་བསྟོད་པ་གཞན་ཕན་ཀུནྡའི་ཕྲེང་བ།


JKT001_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་བསྟོད་པ་གཞན་ཕན་ཀུནྡའི་ཕྲེང་བ་ཞེས་བྱ་བ། ན་མོ་མ་ཧཱ་བོ་དྷི་ས་ཏཱ་ལོ་ཀཱི་ཤྭ་རཱ་ཡ། ཀ་ཀུ་བྷ་ཡི་འདབ་མ་ཇི་བཞིན་མཁྱེན་བརྩེའི་སྤྱན་རས་རབ་བཀྲ་བས། །ཁ་བ་ཅན་ལྗོངས་འགྲོ་ལ་རྟག་གཟིགས་ལྷན་ཅིག་མཚན་དཔེའི་དཀྱིལ་འཁོར་ཀྱང་། །ག་བུར་འཛིན་པ་གསར་པའི་ལང་ཚོས་ཐར་པའི་ཀུ་མུད་བཞད་པ་དང་། །ང་བདག་གཟུང་འཛིན་འཁྲུལ་པའི་ཆུ་སྐྱེས་ཟུམ་པར་བྱས་ཏེ་དྭང་བས་འདུད། ༡ །ཅ་ཅོ་རྣམ་སྤངས་འགོག་བདེན་དོན་དམ་གདོད་མའི་ནགས་སུ་ཉེར་གཟིམས་ཀྱང་། །ཆ་མེད་སྡུག་བསྔལ་གསུམ་གྱིས་གཟིར་ལ་སྙིང་རྗེ་ཆེན་པོས་རབ་གཟིགས་ཏེ། །ཇ་ཧོང་ལས་ལྡོག་རྣམ་པར་དཀར་བའི་ལམ་བདེན་མུ་ཏིག་དོ་ཤལ་མཆོག །ཉ་ལྕིབས་ཇི་བཞིན་གསུང་གསང་བརྗོད་བྲལ་ནཱ་དའི་ཁམས་ཀྱིས་སྦྱིན་དེར་འདུད། ༢ །ཏཱ་ལའི་ཕྲེང་བས་ཡོངས་སུ་བསྐོར་བའི་གྲུབ་པའི་ས་འཛིན་པོ་ཏ་ལ། །ཐ་གྲུ་མི་མངོན་གཞལ་དཀའི་རྒྱན་གྱིས་རྣམ་པར་མཛེས་པའི་ཕོ་བྲང་དབུས། །ད་དུང་ཆགས་པའི་རྩེ་དགའ་མིན་ཀྱང་རིག་འཛིན་ཌཱ་ཀི་བྱེ་བ་ཡིས། །ན་མར་ཁྱོད་ཞབས་པདྨོའི་གེ་སར་ཐོར་ཚུགས་རྒྱན་དུ་རོལ་དེར་འདུད། ༣ །པ་སངས་གསར་པའི་འོད་ཀྱིས་མ་བཏབ་བྱང་ཆུབ་སེམས་མཆོག་བདུད་རྩི་ཡིས། །


JKT001_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

ཕ་རོལ་ཕྱིན་ལམ་སྤྱོད་པ་རྒྱ་མཚོའི་ཡོངས་འདུས་དབང་པོར་བྲན་གྱུར་པས། །བ་ཀུ་ལ་ཡི་འདབ་རྒྱ་ཇི་བཞིན་བྱང་སེམས་པདྨོ་བཞད་པ་ལས། །མ་དཱ་ན་ལྟར་ཐུགས་རྗེའི་རོ་ཡིས་ཐར་མཆོག་ལང་ཚོ་སྦྱིན་དེར་འདུད། ༤ །ཙ་མ་ར་ལྟར་ཁེངས་དང་དྲེགས་ལྡན་འཇིག་རྟེན་བྱེད་པོ་སྦྲང་རྩིའི་བུ། །ཚ་གྲང་དཔལ་གྱིས་གཞན་སྲོག་གཅོད་བྱེད་འབོད་སྒྲོགས་འབྱུང་པོའི་སྡེ་ཚོགས་ཀྱང་། །ཛཱ་ཏིའི་པདྨོ་གསར་པ་བཞད་ལྟར་ཀུན་ཏུ་ཞི་བའི་སྙིང་རྗེའི་མཐུས། །ཝ་བཞིན་རབ་ཞུམས་ཁྱོད་ཀྱི་ཞབས་སེན་ཐོར་ཚུགས་རྒྱན་དུ་རོལ་དེར་འདུད། ༥ །ཞྭ་ཐོད་དར་གྱི་ཕོད་སྲོང་བཙན་སྒམ་པོ། ཀ་དཀྲིས་པའི་འཇོ་སྒེག་སྟུག་པོར་ཆགས་མིན་ཡང་། །ཟ་མ་ཏོག་ལྟར་ཤེས་བྱ་ཀུན་བསྡོམས་བརྩེ་ཆེན་སྣང་བའི་མུ་ཁྱུད་ནི། །འ་ཅག་སྐྱེ་བའི་འཁྲི་ཤིང་བཟུང་གནས་གངས་ཅན་གླིང་དུ་བསྐོར་བའི་ཚེ། །ཡ་བྲལ་དགེ་སྡིག་འཆོལ་བར་སྤྱོད་པའི་མུན་པའི་དཔུང་ཚོགས་སྨད་དེར་འདུད། ༦ །རྭ་ལྟར་རྡུལ་བྲལ་རྟག་ཆད་སྤྲོས་པའི་མཐའ་དང་མི་མཛའ་སྟོང་པ་ཉིད། །ལ་ལ་ཙམ་མིན་ཀུན་ཁྱབ་སྙིང་རྗེའི་ལང་ཚོ་མཆོག་དེར་རབ་ཆགས་པས། །ཤ་ཀུ་ན་ཚོགས་མཁའ་ལ་རོལ་བཞིན་འགྲོ་དོན་ཐོགས་མེད་རྟག་སྤྱོད་ཕྱིར། །ས་བཅུར་ངལ་བསོའི་བྱང་སེམས་ཚུལ་འཛིན་རྒྱལ་རྣམས་ཀུན་པདྨ་དཀར་པོ་སོགས་ཀྱིས་གསལ་ལོ། །གྱིས་བསྔགས་དེར་འདུད། ༧ །ཧ་རིའི་ཙནྡན་རེག་བྱས་མི་མཚོན་ཁྱོད་མཚན་


JKT001_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

ཀཏཱུར་དབང་པོའི་རྒྱུན། །ལུས་ཅན་གང་ཞིག་ཐོས་པ་འཛིན་པའི་ཀུནྡའི་བཏུང་བར་འཇོ་ཙམ་གྱིས། །བརྒྱད་གཉིས་འཇིགས་བཅས་ཚ་གདུང་བསལ་པད་དཀར་ལས་བསྟན། དང་བདེ་བའི་ལང་ཚོ་ལ་སྦྱར་ན། །ཨ་ལ་ལ་ཞེས་ངོ་མཚར་བཞད་སྒྲས་ནོར་འཛིན་ཁམས་འདིའང་གཡོ་བ་བཞིན། ༨ །དེས་ན་རྟག་ཏུ་ཁྱོད་ལ་རབ་དད་དྲི་བཞོན་གཡོ་བའི་ཕོ་ཉ་ཡིས། །གང་ཐུགས་སྙིང་རྗེའི་སྤྲིན་དཀར་བསྲུབས་ལས་མཁྱེན་བརྩེའི་བདུད་རྩིའི་གྲུ་ཆར་གྱིས། །སྡུག་བསྔལ་མེ་ཚོགས་མཐའ་དག་མནལ་དང་ཆབ་གཅིག་མངོན་མཐོའི་ཨུཏྤ་ལ། །ཡིད་འོང་འགུགས་པས་འགྲོ་ཀུན་བདེ་བའི་དགའ་སྟོན་མཆོག་ལ་སྦྱོར་གྱུར་ཅིག ༩ ། ཁྱད་པར་སྲོག་ཀྱང་གཞན་དོན་ལ་དོར་གཅིག་ཏུ་བརྟན་པའི་དམ་བཅའ་ཡིས། །ཞི་བའི་གོ་ཆས་འཛམ་བུའི་གླིང་དུ་ཁྱོད་འདྲེན་མཉེས་པར་བགྱིད་བཞིན་དུ། །བདག་ཀྱང་སྐྱེ་ཀུན་འགྲོ་བ་སྒྲོལ་བའི་དམ་བཅའ་གཡོ་མེད་བརྟན་གྱུར་པས། །འཕགས་པ་དགྱེས་པའི་འཛུམ་ཞལ་གཡོ་བས་ལུང་བསྟན་དབུགས་དབྱུང་ཐོབ་གྱུར་ཅིག ༡༠ །ཤིན་ཏུ་དབེན་པའི་ཤིང་དྲུང་དག་ཏུ་མི་སྨྲ་ཙོག་པུར་འདུག་བྱས་ཏེ། །དག་བྱེད་རྒྱུན་གྱི་ཁྲུས་ལ་འཇུག་ཅིང་ཀུ་ཤ་གསར་པའི་གདན་དང་བཅས། །དཀའ་ཐུབ་དྲག་པོའི་ཕོ་ཉས་བཏབ་པས་ལུས་ཀྱི་འཁྲི་ཤིང་ཉམས་གྱུར་པའི། །དྲང་སྲོང་ཇི་བཞིན་འདིར་ཡང་བྱང་ཆུབ་སྤྱོད་པའི་མཆོག་ལ་འཇུག་


JKT001_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཤོག ༡༡ །འདོད་པའི་མཛེས་སྡུག་ཨུཏྤལ་དཀར་པོའི་དཔལ་ལ་འགོངས་པའི་ཆུ་ཤེལ་དབང་། །གདུང་སེལ་གངྒཱའི་རྒྱུན་གྱིས་མ་བཀྲུས་རི་དྭགས་གཟུགས་ཀྱིས་སྤུད་པའི་ཟེར། །ཟུར་མིག་བཀྲ་བའི་མཛེས་མས་མ་བཀུག་སྙིང་གི་ཀུ་མུད་ལ་ཆགས་པས། །བདུད་རྩིའི་འགོ་བཤར་ཐིག་པས་བྲན་ལས་འཛུམ་ཕྲེང་དགོད་པའང་ཐོབ་གྱུར་ཅིག ༡༢ །དེ་ལྟར་གུས་པའི་ཡིད་ལས་རབ་སྐྱེས་གསོལ་འདེབས་ཚིག་གི་དར་ཤམ་རྩེར། །རྣམ་པར་དགེ་བའི་ཙིནྟ་མ་ཎི་འོད་ཟེར་ཕུང་པོ་རབ་འབར་བས། །གནས་སྐབས་མཐར་ཐུག་ཕན་དང་བདེ་བའི་འབྱོར་པའི་དབྱིག་གིས་ཕྱུག་གྱུར་ཏེ། །བླ་ན་མེད་པའི་བྱང་ཆུབ་མཆོག་གི་གྲིབ་བསིལ་མཆོག་ཏུ་བསྟི་བར་ཤོག ༡༣ །དེ་ལྟར་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་བསྟོད་པའི་རབ་ཏུ་བྱེད་པ་ཡི་གེའི་མ་མོ་ལ་སྤེལ་བ་འདི་ཡང་གཞོན་ནུ་ཨ་བྷཱ་ཡས་ཆོ་འཕྲུལ་ཟླ་བའི་ཐུན་མཚམས་ལ་གསོལ་བ་བཏབ་པ་ཛ་ཡནྟུ། །


previousའཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་བསྟོད་པ་གཞན་ཕན་ཀུནྡའི་ཕྲེང་བ།next