Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
  collapse section
   
   
   
   
   
   
   
   
རྗེ་བཙུན་སྒྲོལ་མ་ཉེར་གཅིག་ལ་བསྟོད་པ་ཕན་བདེའི་ཨུཏྤལ་གསར་པའི་དོ་ཤལ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྗེ་བཙུན་སྒྲོལ་མ་ཉེར་གཅིག་ལ་བསྟོད་པ་ཕན་བདེའི་ཨུཏྤལ་གསར་པའི་དོ་ཤལ།next

རྗེ་བཙུན་སྒྲོལ་མ་ཉེར་གཅིག་ལ་བསྟོད་པ་ཕན་བདེའི་ཨུཏྤལ་གསར་པའི་དོ་ཤལ།


JKT001_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བཙུན་སྒྲོལ་མ་ཉེར་གཅིག་ལ་བསྟོད་པ་ཕན་བདེའི་ཨུཏྤལ་གསར་པའི་དོ་ཤལ་ཞེས་བྱ་བ། ན་མོ་ཨཱརྱ་ཏཱ་ར་ཡེ། སྲས་བཅས་རྒྱལ་བའི་སྤངས་རྟོགས་ནོར་བུའི་མཛོད། །གང་གི་གསང་གསུམ་ཆུ་གཏེར་ལ་ཆགས་པས། །ཕན་བདེའི་འདོད་པ་ཡོངས་སུ་འཇོ་བའི་གཉེན། །རྗེ་བཙུན་སྒྲོལ་མར་བསྟོད་པའི་མེ་ཏོག་འབུལ། ༡ །བྱང་ཆུབ་སྤྱོད་པའི་རིན་ཆེན་གྲུ་བོ་མཆོག །ཚད་མེད་སྙིང་རྗེའི་ཟུར་ཕུད་དང་འགྲོགས་པས། །འགྲོ་རྣམས་སྡུག་བསྔལ་གསུམ་གྱི་འཁོར་མཚོ་ལས། །བསྒྲལ་བར་མཛད་པའི་དེད་དཔོན་སྤྱི་བོར་བསྟེན། ༢ །བེ་ཌཱུར་ལྷུན་པོར་འཁུ་བའི་མཚན་དཔེའི་དཔལ། །གང་གི་དྲན་པ་ཙམ་ནས་བརྒྱད་གཉིས་ཀྱི། །འཇིགས་པའི་མུན་པ་འཕྲོག་བྱས་ངེས་


JKT001_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་ཀྱི། །ཐེམ་ཨུཏྤལ། སྐས་དམ་པར་དབུགས་འབྱིན་སྩལ་ལ་འདུད། ༣ །བྱེ་རུ་ཞུན་མའི་རྡུལ་ལྟར་དམར་བའི་སྐུའི། །རབ་གཡོའི་སྤྱན་གྱིས་སྙན་གྲགས་སྤྲིང་ཡིག་གིས། །ས་གསུམ་ཁམས་ཀུན་མཛེས་པར་སྒྲོག་པའི་དཔལ། །སྦྱིན་མཛད་རབ་གཡས་འཁྱིལ་དུང་། ཞི་མྱུར་མ་དཔའ་མོར་འདུད། ༤ །གང་ན་རྨོངས་པའི་མུན་པ་བཟའ་བ་ལ། །ཀུན་ནས་ཆས་པའི་མཚན་དཔེའི་ཟླ་སྣང་གིས། །བློ་མཆོག་ཨུཏྤལ་དཀར་པོའི་འདབ་མའི་ཁ། །གཅིག་ཅར་འབྱེད་མཁས་མེ་ལོང་གི་མཚན། སྒྲ་དབྱངས་ལྷ་མོར་འདུད། ༥ །འཛམ་བུའི་སྙེ་མ་སྨིན་པའི་མདོག་ལྡན་སྐུར། །སྟོང་ཕྲག་ཉི་གཞོན་འཆར་ཀས་འཁྱུད་པའི་འོད། །རབ་གུས་ཆུ་ཟློསྐྱེས་གཞོན་ནུར་ངལ་བསོས་པས། །བསོད་ནམས་མཆོག་གི་འཛུམ་ཕྲེང་སྟེར་ལ་འདུད། རིན་ཆེན། ༦ །མདོག་བཟང་ལྷུན་པོའི་དཔལ་འཛིན་པདྨོའི་ཕྱག །འཆི་མེད་བཅུད་ཀྱིས་གཏམས་པའི་ཀ་ལ་ཤས། །མཚན་པས་བརྟན་གཡོའི་ཚེ་དཔལ་མྱུར་སྡུད་ནས། །སྒྲུབ་ལ་སྦྱིན་མཛད་རྣམ་པར་རྒྱལ་མར་འདུད། ༧ །དམར་སེར་མཚར་སྡུག་སྤྱན་གྱི་ཉི་གཞོན་གྱིས། །དྲེགས་ལྡན་ཨུཏྤལ་གདེངས་ཀར་དམ་འཁྱུད་པས། །ཁམས་གསུམ་ཡིད་དབང་འགུགས་པའི་འཛུམ་ཕྲེང་གིས། །འདོད་དགུའི་དཔལ་སྟེར་རིག་བྱེད་སྒྲོལ་མར་འདུད། ༨ །ཁྲོས་པའི་ཉམས་བརྒྱས་རབ་སྒེག་དམར་ནག་ཞལ། །ཡེ་ཤེས་མེ་དང་མཉམ་པར་སྦྱོར་བའི་


JKT001_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

གཟིས། །སྨྱོ་བརྗེད་ཤ་ཟ་གྲིབ་གནོན་འབྱུང་པོའི་གདོན། །ཀུན་ནས་བསྲེག་མཛད་འཇིགས་བྱེད་ཕུར་བུ། ཆེན་མོར་འདུད། ༩ །ཆར་སྤྲིན་ལྟར་གནག་ཆེས་ཆེར་ཁྲོས་པའི་ཕྱག །འབར་བའི་རལ་གྲིས་མཚན་པའི་གཡུལ་ངོ་རུ། །ཆུ་འཁྲིག་གནམ་ལྕགས་མཚོན་ཆའི་འཁྲུལ་འཁོར་དཔུང་། །ཡོངས་སུ་ཕམ་མཛད་གཏུམ་མོ་ཆེན་མོར་འདུད། ༡༠ །རབ་དམར་མིག་སྨན་མདོག་གིས་མདངས་པའི་ཞལ། །ཚ་ཞིང་རྩུབ་པའི་རྡོ་རྗེའི་འོད་ཕྲེང་དང་། །འགྲོགས་པས་ཉོན་མོངས་བདུད་དགྲའི་ཚང་ཚིང་ཀུན། །མྱུར་དུ་བསྲེག་མཛད་གཞན་མི་རྒྱལ་མར་འདུད། ༡༡ །མ་རྒད་རི་བོའི་མདངས་འཛིན་མཛེས་ཞལ་དང་། །རབ་འགྲོགས་རིན་ཆེན་འཁོར་ལོ་གཡོ་བའི་དཔུང་། །ཁྲག་ཁྲིག་འོད་ཟེར་སྣང་བས་འཇིགས་པའི་ཚོགས། །བསལ་མཛད་སེང་ལྡེང་ནགས་ཀྱི་སྒྲོལ་མར་འདུད། ༡༢ །པདྨ་རཱ་གའི་རྡུལ་གྱིས་བྱུག་པའི་སྐུ། །རྒྱལ་མཚན་འཛུམ་ཕྲེང་གཡོ་བས་མཚན་པ་དང་། །ལྷན་ཅིག་བཞད་པ་བརྒྱད་ལྡན་སྔགས་ཀྱི་སྒྲས། །འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་ལ་འདུད། ༡༣ །དམར་སེར་ཞལ་ཅན་གཏེར་གྱི་བུམ་མཚན་ཕྱག །འདོད་དོན་ཅི་དགར་འཇོ་བའི་ཕྲིན་ལས་མཐའ། །ནོར་བུའི་འཁྲི་ཤིང་ལས་ལྷག་སྩོལ་མཛད་པས། །དབུལ་བ་སེལ་མཛད་ནོར་གཏེར་སྒྲོལ་མར་འདུད། ༡༤ །འཛམ་བུ་ནཱ་ད་ཞུན་མའི་མཚན་དཔེའི་འོད། །གང་ལ་


JKT001_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

རེག་ན་རྒུད་པའི་མུན་བཅོམ་ནས། །དགེ་མཚན་རྫོགས་ལྡན་གསར་པའི་དཔལ་བེའུའི། །སྣོད་བཅུད་ཕྱུག་མཛད་བཀྲ་ཤིས་སྒྲོལ་མར་འདུད། ༡༥ །དུས་མཐའི་མེ་ལྟར་འབར་ཞིང་རྡོ་རྗེའི་མཚོན། །གདེངས་པ་ཙམ་ནས་ཕས་རྒོལ་རི་བོའི་རྐང་། །མྱུར་བཅོམ་འཆི་མེད་གྲུབ་པའི་ཁང་བཟང་དབུས། །རང་སྡེ་སྲུང་མཛད་མེ་འབར་ཁྲོས་མར་འདུད། ༡༦ །སྲོད་མུན་འཁྲིགས་པའི་མདངས་ལྟར་གནག་པའི་ཞལ། །མེ་འབར་ལོག་འདྲེན་ཚོགས་ལ་དཔའ་བའི་ཁུར། །རྡོ་རྗེའི་གཏུན་ཤིང་གཡོ་བས་སླར་འཇོམས་པའི། །དྲག་ཤུལ་མཆོག་ལྡན་ཁྲོ་གཉེར་ཅན་ལ་འདུད། ༡༧ །ཆུ་གཏེར་རླབས་ཕྲེང་འཕྱུར་བའི་སིམ་པ་འབུམ། །གཅིག་བསྡུས་ཟླ་ཤེལ་གསར་པའི་འཛུམ་རླབས་ཅན། །རབ་ཏུ་ཞི་བའི་ཀུཎྜིའི་སྤྱི་བླུགས་ཆུ་གཏེར་གྱིས། །སྒྲིབ་གཉིས་དྲི་མ་འཁྲུད་མཛད་དེ་ལ་འདུད། ༡༨ །དུས་མཐའི་མེ་ལྟར་རབ་ཏུ་འབར་བའི་སྐུ། །སྣ་ཚོགས་རྡོ་རྗེས་མཚན་པའི་འོད་ཟེར་གྱིས། །ཕས་རྒོལ་རིག་སྔགས་ནུས་པའི་སྟོབས་འཆིངས་ནས། །གཞོམ་མེད་སྲུང་མཛད་འབར་བའི་འོད་ལ་འདུད། ༡༩ །གུར་གུམ་གེ་སར་རྒྱས་པའི་འཇོ་སྒེག་ལ། །ངོ་མཚར་མཆོད་རྟེན་དཔལ་གྱིས་མཚན་པའི་ཞབས། །གཡོ་བས་བདུད་དགྲ་འབྱུང་པོའི་དཔུང་ཚོགས་ཀུན། རྣམ་པར་འཆིང་མཛད་དཔག་མེད་རྣོན་མར་འདུད། ༢༠ །བརྟན་གཡོའི་འབིགས་བྱེད་གཡོ་བའི་དུཝཁ་ནི། །རབ་དཀར་


JKT001_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེའི་སྨན་གྱིས་ཞི་མཛད་ཕྱིར། །རང་ཏོགས་བདུད་རྩི་སྤྲོ་བའི་རི་དྭགས་ཅན། །ནམ་ཡང་འབྲལ་མེད་རྨ་བྱ་ཆེན་མོར་འདུད། ༢༡ །ཀུནྡཱའི་དཔལ་འཛིན་གཟུགས་སྐུའི་འཁྲི་ཤིང་ལ། །མཁྱེན་བརྩེའི་གདུགས་དཀར་གཡོ་དང་ལྷན་ཅིག་པར། །སྣ་ཚོགས་རྡོ་རྗེའི་ཏོག་གི་ཚྭ་ཚྭ་ཡིས། །འགལ་རྐྱེན་བཅོམ་མཛད་མི་ཕམ་རྒྱལ་མོར་འདུད། ༢༢ །དམར་སེར་ཟ་མ་ཏོག་གིས་མཚན་པའི་ཕྱག །ཧ་རིའི་ཙནྡན་ཚལ་དུ་གཡོ་བའི་འོད། །ཐུགས་རྗེའི་ག་བུར་གཞོན་ནུའི་བསིལ་ཡབ་ཀྱིས། །མི་ངལ་གདུང་འཕྲོག་རི་ཁྲོད་ལྷ་མོར་འདུད། ༢༣ །ཟླ་བ་ཞུན་མའི་ལང་ཚོའི་མཛེས་པའི་ཕྱག །གསེར་མདོག་གོ་ཆ་ལྡན་པས་མཚན་པའི་འོད། །གང་ལ་རེག་ན་འབྱུང་པོའི་བླ་དང་ཚེ། །འཕྲོགས་པའི་དཔལ་བཅོམ་འོད་ཟེར་ཅན་ལ་འདུད། ༢༤ །གཞན་ཡང་གང་འདུལ་གཟུགས་སྐུའི་གཉིས་སྐྱེས་དབང་། །གྲངས་མེད་མོས་པའི་ཆུ་གཏེར་ལ་འཆར་བས། །འགྲོ་ཀུན་དགའ་དང་གཏན་བདེའི་འཛུམ་ཟེར་གྱིས། །སིམ་པ་སྟེར་མཛད་ཀུན་ལ་དྭང་པས་འདུད། ༢༥ །དེ་ལྟར་རབ་ཏུ་བསྔགས་པའི་ཆུ་གཏེར་རླབས་ཕྲེང་སྲིད་རྩེར་འཕྱུར་བ་ལས། །འཕགས་མ་དགྱེས་པའི་ཤར་གྱི་ཐིག་ལེ་གཙུག་ཏོར་རྩེ་མོར་ངལ་བསོའི་མཐུས། །ཐུགས་རྗེའི་ག་བུར་འོད་རྡུལ་ལྷུང་བ་བརྒྱད་གཉིས་འཇིགས་པའི་ཚ་གདུང་ཀུན། །ཡོངས་སུ་བཅོམ་ནས་རྣམ་མཁྱེན་ཀུནྡྲའི་


JKT001_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

འཛུམ་དཀར་གྲོལ་བའི་དཔལ་ཐོབ་ཤོག ༢༦ །དེ་ལྟར་རྗེ་བཙུན་འཕགས་མ་ཉེར་གཅིག་གི་སྒྱུ་འཕྲུལ་ལ་བསྟོད་པ་ཕན་བདེའི་ཨུཏྤལ་གསར་པའི་དོ་ཤལ་ཅེས་བྱ་བ་འདི་ཡང་དད་པ་དང་མོས་གུས་ཁོ་ནས་མཚམས་སྦྱར་ཏེ་གཞོན་ནུ་ཨ་བྷཱ་ཡས་མྱུར་དུ་བཀོད་པའོ། ། གོང་གི་མཆན་བུ་རྣམས་ཕྱག་མཚན་གྱི་མངོན་རྟོགས་སོ།།


previousརྗེ་བཙུན་སྒྲོལ་མ་ཉེར་གཅིག་ལ་བསྟོད་པ་ཕན་བདེའི་ཨུཏྤལ་གསར་པའི་དོ་ཤལ།next