Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
རྗེ་བཙུན་རིགས་བྱེད་ཌ་ཀི་ལ་བསྟོད་པ་ཡིད་འཕྲོག་མཚམས་སྤྲིན་གཞོན་ནུའི་ཕྲེང་བ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྗེ་བཙུན་རིགས་བྱེད་ཌ་ཀི་ལ་བསྟོད་པ་ཡིད་འཕྲོག་མཚམས་སྤྲིན་གཞོན་ནུའི་ཕྲེང་བ།next

རྗེ་བཙུན་རིགས་བྱེད་ཌ་ཀི་ལ་བསྟོད་པ་ཡིད་འཕྲོག་མཚམས་སྤྲིན་གཞོན་ནུའི་ཕྲེང་བ།


JKT001_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བཙུན་རིགས་བྱེད་ཌ་ཀི་ལ་བསྟོད་པ་ཡིད་འཕྲོག་མཚམས་སྤྲིན་གཞོན་ནུའི་ཕྲེང་བ་ཞེས་བྱ་བ། །ན་མོ་ཨཱརྱ་ཏཱ་རེ་ཀུ་རུ་ཀུལླེ་ཡེ། གཟོད་ནས་འགྱུར་མེད་རྣམ་ཐར་གསུམ་ལྡན་དབྱིངས། །


JKT001_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་གྲུབ་སྤྲོས་པ་ལས་འདས་ཡེ་ཤེས་ཀྱང་། །ཚུར་མཐོང་སྣ་ཚོགས་རྟོག་པའི་ཆོས་ཉིད་ངང་། །རྗེས་མཐུན་སྙིང་རྗེའི་རོལ་པར་ཅིར་ཡང་སྣང་། ༡ །མཁའ་དབྱིངས་བཞུ་བའི་རྡུལ་གྱིས་བྱུག་མིན་ཀྱང་། །ཨུཏྤལ་གསར་པའི་འདབ་མཚུངས་ཆུ་གཏེར་དབུས། །སྲིད་ཞིའི་སྐྱོན་བྲལ་ཐིག་ལེའི་མཆོག་མ་ཡི། །མཚར་སྡུག་བརྟན་པ་རབ་འཕྲོག་ཆུ་སྐྱེས་རྩེར། ༢ །ཁམས་གསུམ་རྣམ་པར་གནོན་པའི་སྤྲིང་ཡིག་གིས། །བསྔགས་པའི་འོད་ཟེར་རབ་འབར་ཉིན་མོར་བྱེད། །དབུགས་བྲལ་བམ་རོའི་འཁྲི་ཤིང་ལ་ཆགས་ཏེ། །ཁྱོད་ཀྱི་ཞབས་ཀྱི་འཁོར་ལོའི་འབབས་སྟེགས་གྱུར། ༣ །རྒྱ་སྐྱེགས་གསར་པའི་པདྨོའི་གེ་སར་དང་། །བྱེ་རུའི་ཕུང་པོ་བཞུ་བས་གང་གི་ཞལ། །མཚོན་པ་མ་ཡིན་ཆགས་ཆེན་སྒྱུ་མ་ཡིས། །བཅུ་དྲུག་ལང་ཚོའི་འཇོ་སྒེག་ལ་རོལ་ཕྱིར། ༤ །དམར་སེར་ལི་ཁྲིའི་རྡུལ་གྱིས་བྱུག་པ་ལྟའི། །དབུ་སྐྱེས་ཆུན་པོར་གཡོ་བའི་ཕང་ཕུང་རྩེར། །ཀེ་ལ་ཤ་ལྟར་རབ་བརྗིད་ཐོད་སྐམ་གྱི། །མེ་ཏོག་རིགས་ལྔའི་རྒྱལ་བའི་ནགས་སུ་འཁྲིགས། ༥ །རྣམ་ཐར་བཞི་ལྡན་ཕྱག་གི་འཁྲི་ཤིང་ན། །ངུར་པ་སྒྲ་འབྱིན་གེ་སར་ཕྲེང་བ་ཡིས། །རབ་མཛེས་མདའ་གཞུ་སྟན་གྱི་དཀྱིལ་འཁོར་དུ། །བཞད་པས་ཁམས་གསུམ་འགྲོ་བའི་ཡིད་དབང་སྡུད། ༦ །ཆགས་ཆེན་སྒྱུ་མའི་མདེའུ་རྣོན་པོ་ཉིད། །གང་ལ་དམིགས་པའི་སྙིང་གར་བསྣུན་པ་ལས། །རབ་


JKT001_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

མྱོས་ཁྲག་གི་རྦ་རླབས་འཕྱོ་བ་དང་། །ལྷན་ཅིག་བསྟོད་བསྔགས་ངུད་མོས་ལྷུ་ཕྲེང་འཁྲིགས། ༧ །བནྡྷ་ཀ་ཡི་རྡུལ་ཕྲེང་བགོས་པ་ལྟའི། །ཉིན་བྱེད་འོད་ཀྱིས་རབ་སྨིན་ཨུཏྤལ་དམར། །ཕན་བདེའི་སྦྲང་རྩི་འཇོ་བའི་དགའ་སྟོན་གྱིས། །རྣལ་འབྱོར་གེ་སར་འཛིན་རྣམས་ཚིམ་པར་མཛད། ༨ །གང་ཐུགས་སྙིང་རྗེ་ཆེན་པོའི་མཛའ་ན་མོ། །མཁའ་ཁྱབ་སྲིད་པའི་གྲོང་དུ་རྐང་བཀོད་ནས། །ཟུར་མིག་ཡོན་པོར་གཟིགས་པའི་མཆིལ་པ་ཡིས། །སྐྱེ་རྒུའི་ཡིད་ཀྱི་བརྟན་པ་དབང་མེད་འཕྲོག ༩ །བྲང་སྐྱེས་མཁྲེག་ཅིང་གཞོན་ཤ་ཆགས་པའི་ཉམས། །ཐབས་ཤེས་ཨེ་ཝཾ་འཁོར་ལོའི་གང་བཟང་དུ། །འགྱུར་མེད་བདེ་སྟོང་བདུད་རྩིས་རབ་གཏམས་པས། །གྲུབ་པ་གཉིས་ཀྱི་དགའ་སྟོན་མཆོག་ལ་སྦྱོར། ༡༠ །རྣམ་ཐར་གསུམ་གྱི་ཆུ་སྐྱེས་གསར་པ་ནི། །བདེ་སྟོང་དགའ་བཞིའི་ལང་ཚོ་དང་འགྲོགས་པས། །ཟུང་འཇུག་ཐེམ་སྐས་ལ་འཛེགས་སྐལ་བཟང་ལ། །ས་བཅུ་ལམ་ལྔའི་གོ་འཕང་ཡུད་ཀྱིས་སྦྱིན། ༡༡ །ཞབས་གཉིས་པདྨའི་འཁྲི་ཤིང་གཡོ་བ་ཡང་། །བརྐྱང་བསྐུམ་གར་གྱིས་གདན་ལ་རྣམ་རོལ་པས། །སྲིད་ཞི་གཉིས་ཀྱི་མཐའ་རུ་ལྷུང་མིན་པར། །རྣམ་ཀུན་མཆོག་ལྡནུ་ངལ་བསོ་བསྟེན་པ་བཞིན། ༡༢ །འདུ་བྱེད་སྲོག་དང་ལྷན་ཅིག་མི་གནས་པའི། །བཅུ་ཕྲག་ལྔ་ཡིས་ཉེར་མཚོན་མགོ་བོའི་ཕྲེང་། །གདུལ་བྱར་རྗེས་ཆགས་ཁྲག་


JKT001_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

གི་ར་རི་ཡིས། །དོགས་པས་གཏམས་བཞིན་ཁྱོད་ཀྱི་སྐུ་ལ་མཛེས། ༡༣ །སྟོང་ཉིད་དབྱིངས་ལས་རབ་འབར་བསྲེག་ཟའི་ཁྲོད། །བྱམས་པའི་གདུང་སེལ་བདུད་རྩི་འབུམ་འཛག་པས། །ཞི་དང་ཁྲོ་ཆགས་བདེ་བའི་རོལ་པར་གྱིས། །འགྲོ་འདི་སྐལ་བཟང་དཔྱིད་དུ་གས་པ་བཞིན། ༡༤ །འཆི་མེད་ལྷ་ཡི་ཡུལ་ལས་མ་འོངས་ཤིང་། །དབང་པོའི་གཞུ་ཡི་ཆ་ཤས་འཕྲོག་མིན་པར། །ལྕིད་ཀྱིས་ནོན་སྤངས་རེག་ན་བདེ་བའི་གོས། །འདིས་ནི་ཁྱོད་སྐུའི་ཁེངས་པ་འཕྲོག་ལ་གྲང་། ༡༥ །པུཎྜ་རཱི་ཀའི་མཚར་སྡུག་འཕྲོག་མིན་ཀྱང་། །འཚོ་བའི་བརྟན་པ་རབ་བྲལ་རུས་གང་གི །དུ་བས་རྣམ་པར་སྦྲེལ་བའི་རྒྱན་ཆ་ནི། །ཕ་རོལ་ཕྱིན་མཚོན་ཁྱོད་ཀྱི་སྐུ་ལ་འཁྲིལ། ༡༦ །ཆོས་བརྒྱད་ཁེངས་པའི་རི་མོ་རབ་བཀྲ་ཞིང་། །ཚུལ་མིན་རྨོངས་པའི་སྟོབས་ལྡན་ཤརླུ་ལ། །རབ་ཁྲོས་སྙིང་རྗེའི་མཚོན་གྱིས་གཟིར་བྱས་ཏེ། །སླར་ཡང་གང་སྐུར་དཔྱད་འདི་འོས་སམ་ཅི། ༡༧ །འོད་མཚན་སྟོང་དུ་འབར་བའི་ཉིན་བྱེད་ཡང་། །ཐོར་ཚུགས་ཆུ་སྐྱེས་སར་པ་ལ་ཆགས་ན། །བདེ་ལྡན་ཞིང་གི་བཀོད་པ་མི་བསྐྲུན་པར། །གནས་ཡུལ་ཌཱ་ཀིའི་གྲོང་དུ་ཅི་ཕྱིར་རྒྱུ། ༡༨ ། ཐུགས་སྲོག་འོད་སྲུངས་རྒྱུད་ཀྱི་འཛུམ་ཟེར་གྱིས། །ཉེར་བསུས་ཐུན་མཚམས་མཚན་དཔེའི་འཇོ་སྒེག་ཅན། །གང་སྐུའི་སྣང་བ་ཡིད་ལ་དྲན་ཙམ་གྱིས། །སྲིད་ཞིའི་དགེ་ལེགས་འགུགས་ལ་སོམ་ཉི་ཅི། ༡༩ །


JKT001_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་འཁོར་ལོ་བཞད་པའི་ཨུཏྤ་ལར། །ཧཱུཾ་མཐར་གསང་སྔགས་འབྲུ་བརྒྱད་འཁོར་བ་ཡིས། །གེ་སར་དྲི་བསུང་མངར་པོས་སྲིད་དང་ཞིའི། །ཕུན་ཚོགས་རཡིག་གཉིས་པ་སྤྲིན་ལྟར་འདུ། ༢༠ །ཁྱོད་ཀྱི་ཐུགས་རྗེའི་འཇུག་པ་སྨོས་ཅི་འཚལ། །མཚན་གྱི་སྤྲིང་ཡིག་རྣམ་པར་དཔྱངས་པས་ཀྱང་། །ཚངས་དབང་བདེ་འབྱུང་སྤྱི་བོས་རབ་བསྟེན་ཏེ། །ཁམས་གསུམ་སྡུད་པའི་ཚུལ་ལ་སོམ་ཉི་ཅི། ༢༡ །དེས་ན་སྙིང་རྗེའི་རོལ་མཚོའཕྱུར་བ་ལས། །དགེ་མཚན་ཟེར་གྱིས་སྤུད་པའི་ཟླ་ཤེལ་གྱིས། །བརྒྱད་གཉིས་འཇིགས་པའི་ཆུ་སྐྱེས་ཟུམ་བྱས་ཏེ། །དགའ་བདེའི་ཀུནྡའི་འཛུམ་ཕྲེང་དགོད་པར་ཤོག ༢༢ །འཇིག་རྟེན་ཆེ་དགུའི་ཐོར་ཚུགས་ཆུ་གོས་རྩེར། །རྣམ་པར་བཀོད་པའི་གང་ཞབས་རིན་ཆེན་ལས། །བསོད་ནམས་ཡེ་ཤེས་འདོད་པ་རབ་འཇོ་བས། །ལེགས་ཚོགས་འབྱོར་པའི་ཆུ་གཏེར་རྒྱས་གྱུར་ཅིག ༢༣ །སྤྱན་རས་ཆུ་འཛིན་ཕུང་པོ་རབ་གཡོ་བར། །སྨིན་མ་གློག་ཕྲེང་གཞོན་ནུའི་དོ་ཤལ་དང་། །ལྷན་ཅིག་ཆགས་བྲལ་སྤྲིན་སྒྲའི་ཞགས་པ་ཡིས། །སྲིད་གསུམ་གཉིས་སྐྱེས་ཚོགས་རྣམས་སྡུད་པར་ཤོག ༢༤ །སྤྲོས་བྲལ་འཆི་མེད་གྲུབ་པའི་ཁང་བཟང་དབུས། །སྟོང་ཉིད་སྙིང་རྗེར་རོལ་པའི་ལྷ་དབང་ཆེའི། །དྲག་ཤུལ་རྡོ་རྗེའི་མེ་བོ་ཆེ་སྤྲོས་པས། །ཕས་རྒོལ་རི་བོའི་རྐང་པ་འཇོམས་གྱུར་ཅིག ༢༥ །དངོས་ཀུན་བདེ་བ་ཆེར་བསྡམས་ཀཱ་ལ་


JKT001_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

ཤར། །གྲུབ་གཉིས་བདུད་རྩིས་གཏམས་པའི་བགོ་བཤར་གྱིས། །ཟུང་འཇུག་མཆོག་གི་ལང་ཚོ་རབ་རྒྱས་ནས། །བྲལ་སྨིན་ཡོན་ཏན་རྒྱ་མཚོར་དབང་འབྱོར་ཤོག ༢༦ །རྨི་ལམ་ཙམ་དུའང་ཁྱོད་ཞལ་མཐོང་གྱུར་ཏེ། །ཐུགས་རྗེའི་རྭ་བ་གཅིག་ཏུ་བཟླུམས་པ་ཡིས། །གེགས་བྱེད་ཉེར་འཚོའི་དཔུང་ཚོགས་དམ་བཅིངས་ཏེ། །རེ་བའི་ཤིང་རྟ་གཡོ་མེད་འགེངས་གྱུར་ཅིག ༢༧ །དེ་ལྟར་རྗེ་བཙུན་མྱུར་མཛད་སྒྲོལ་མ་རིགས་བྱེད་ཊཱ་ཀི་ལ་བསྟོད་པའི་རབ་ཏུ་བྱེད་པ་འདི་ནི། དུས་ཀྱི་ཁྱད་པར་བླ་ན་མེད་པའི་སྒོ་འཕར་གསར་དུ་དབྱེ་བའི་ཚེ་གཞོན་ནུ་ཨ་བྷ་ཡས་རང་ལོ་བཅུ་བདུན་པར་སྣང་གསལ་གྱི་ངོགས་སུ་ཤར་མར་བཀོད་པ་ཛ་ཡནྟུ།།


previousརྗེ་བཙུན་རིགས་བྱེད་ཌ་ཀི་ལ་བསྟོད་པ་ཡིད་འཕྲོག་མཚམས་སྤྲིན་གཞོན་ནུའི་ཕྲེང་བ།next