Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
ཀུ་རུ་ཀུལླེ་དཀར་མོ་ལ་བསྟོད་པ་བློ་གྲོས་ཀུནྡའི་དོ་ཤལ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཀུ་རུ་ཀུལླེ་དཀར་མོ་ལ་བསྟོད་པ་བློ་གྲོས་ཀུནྡའི་དོ་ཤལ།next

ཀུ་རུ་ཀུལླེ་དཀར་མོ་ལ་བསྟོད་པ་བློ་གྲོས་ཀུནྡའི་དོ་ཤལ།


JKT001_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

ཀུ་རུ་ཀུལླེ་དཀར་མོ་ལ་བསྟོད་པ་བློ་གྲོས་ཀུནྡའི་དོ་ཤལ་ཞེས་བྱ་བ། ན་མོ་ཀུ་རུ་ཀུལླེ་པྲཛྙཱ་སིནཾ། གང་ཞིག་འཕོ་འགྱུར་བྲལ་བའི་ཡེ་ཤེས་ནི། །བདེ་སྟོང་གཟུགས་ཀྱི་འཁོར་ལོར་བཞེངས་པའི་གར། །ཀེ་ལ་ཤ་རིའི་ཕྲེང་བ་ལྟར་མཛེས་པའི། །ཁྱོད་ཞལ་ཟླ་བ་གསར་པའི་དཔལ་ཡོན་ཅན། ༡ །མཆུ་སྒྲོས་བིམ་པའི་མདོག་ལྟར་གཡོ་བའི་དབུས། །ཚེམས་དཀར་ཀུནྡའི་ལང་ཚོ་སྤུངས་པ་དེར། །རོ་འཛིན་སྦྲང་རྩིའི་ཟས་ཅན་ཆགས་གྱུར་ཏེ། །ཤེས་རབ་ཆོས་ཕུང་གྲགས་སྟོང་དབྱངས་སུ་འཚེར། ༢ །ཕྱག་གི་ལྕུག་ཕྲན་གཞོན་ནུའི་དོ་ཀེར་རྩེར། །ཆུ་སྐྱེས་མཚར་སྡུག་འཕྲོག་པའི་རྡུལ་ཕྲེང་གིས། །འཇོ་སྒེག་སྟུག་པོར་གཡོགས་དེས་ལྷ་དང་མིའི། །ཡིད་དབང་བརྟན་པ་འཕྲོག་པའི་བྱེད་པོར་


JKT001_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར། ༣ །གང་ཐུགས་སྤྲོས་པའི་མཐའ་ལས་འདས་གྱུར་ཀྱང་། །སྙིང་རྗེས་སྲིད་པར་རོལ་པའི་ཟུར་མིག་གིས། །ཤེས་དང་ཤེས་བྱའི་ཡོན་ཏན་དབང་མཛད་པས། །ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་མིན་ནམ། ༤ །དེ་ཕྱིར་མཚན་གྱི་ཟླ་བའི་རྡུལ་ཕྲེང་གིས། །སྲིད་པའི་ར་རི་བཅིལ་དང་ཆབ་གཅིག་པར། །བློ་མཆོག་ཨུཏྤལ་རོལ་སྒེག་དབྱེ་མཛད་ན། །ཁམས་གསུམ་ལེགས་ཚོགས་འགུགས་ལ་སོམ་ཉི་ཅི། ༥། ཁྱོད་སྐུ་ཧྲི༔ཡིག་ལས་སྐྱེས་གདན་གསུམ་གང་། །སྣང་སྟོང་ཕྱག་རྒྱ་བཞི་རུ་རོལ་པའི་མོད། །ཡོངས་གྲུབ་ལྷན་སྐྱེས་ཆེན་པོའི་དཀྱིལ་འཁོར་དུ། །གློ་བུར་འཁྲུལ་རྟོག་གཡོ་མེད་བསྡམ་པར་ཤོག ༦ །དཔལ་གོས་ལོ་འདབ་གཡོ་བའི་ཁང་བཟང་དབུས། །ཤེས་རབ་ཌ་ཀི་བཞད་པའི་ཞལ་མཐོང་ནས། །བདེ་སྟོང་འཁྱུད་རྒྱས་སྐྱོང་བའི་དེ་མ་ཐག །བྱང་ཆུབ་མཆོག་གི་ལང་ཚོ་རྒྱས་གྱུར་ཅིག ༧ །སྟེང་འཐུང་དཀར་པོར་ཆགས་པའི་གཉིས་སྐྱེས་དབང་། །འོད་ཟེར་ཕུང་པོར་རབ་འབར་ལྟེ་བ་རུ། །ཧཱིམཐར་གསང་སྔགས་འཁོར་ལ་ཡིད་བཅིངས་པས། །རླུང་སེམས་དབུ་མའི་མཁའ་རུ་སྡུད་པར་ཤོག ༨ །ཟག་བཅས་དགའ་བ་གསུམ་གྱིས་རབ་བསྐྱེད་པའི། །ཟག་མེད་ལྷན་ཅིག་སྐྱེས་པའི་བདུད་རྩི་ཡིས། །ཟག་བྲལ་དྭངས་མའི་བཅུད་དུ་སྨིན་པའི་མཐུས། །ཟག་པའི་བག་ཆགས་འཁྲུལ་པ་ཀུན་སྤོང་ཤོག ༩ །ཁྱད་པར་ཐོས་པའི་ཟླ་ཤེལ་བཞུ་


JKT001_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཡིས། །བསམ་བྱུང་ཀུ་མུད་འཛུམ་དཀར་གྲོལ་བ་དང་། །འཆད་རྩོད་རྩོམ་པའི་དྲི་བསུང་རིང་འཐུལ་ཞིང་། །སྒོམ་སྤང་བཅུད་ལེན་རྟག་ཏུ་འགྲུབ་པར་ཤོག ༡༠ །འདི་ནས་བཟུང་སྟེ་ཇི་སྲིད་ལས་འབྲས་ཀྱི། །སྐྱེ་བའི་འཁྲི་ཤིང་འཛིན་པ་ཐམས་ཅད་དུ། །སྐྱེས་ཐོབ་སྦྱོར་བྱུང་ཤེས་རབ་པད་དཀར་གྱིས། །བསྟན་འགྲོའི་དགའ་བ་རྒྱས་པའི་མཐུ་ཐོབ་ཤོག ༡༡ །རྟག་ཏུ་གུས་པའི་བདེ་འབྱུང་རལ་རྩེ་རུ། །སྨྲ་བའི་ཟླ་བ་དབྱེར་མེད་ཡེ་ཤེས་ལྷ། །ཞབས་པད་འགོད་པའི་ངོ་མཚལ་བདུད་རྩི་ཡིས། །བློ་མཆོག་སྤོབས་པའི་སིམ་པ་ཐོབ་གྱུར་ཅིག ༡༢ །གཞན་ཡང་གནས་སྐབས་བརྒྱད་གཉིས་འཇིགས་བཅས་ཀྱི། །སྡུག་བསྔལ་མུན་པ་བཟའ་དང་ཆབ་གཅིག་པར། །མཐར་ཐུག་ཐམས་ཅད་མཁྱེན་པའི་སྣང་བ་མཆོག །རིང་མིན་འགྲུབ་པའི་ཤིས་པས་སྐྱོང་གྱུར་ཅིག ༡༣ །དེ་ལྟར་རྗེ་བཙུན་ཤེས་རབ་ཀྱི་ལྷ་མོ་ཀུ་རུ་ཀུལླེ་དཀར་མོ་ལ་བསྟོད་ཅིང་སྨོན་ལམ་གདབ་པའི་ཚུལ་ཉུང་ངུ་འདིའང་། གཞོན་ནུ་ཨབྷཱ་ཡས་གང་ཤར་ལྷུག་པར་སྦྱར་བ་ཛ་ཡནྟུ། །


previousཀུ་རུ་ཀུལླེ་དཀར་མོ་ལ་བསྟོད་པ་བློ་གྲོས་ཀུནྡའི་དོ་ཤལ།next