Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
  expand section
  expand section
   
   
   


 
previousཨོ་རྒྱན་སངས་རྒྱས་གཉིས་པ་ལ་བསྟོད་པ་དད་གསུམ་ཆུ་སྐྱེས་འཛུམ་ཕྲེང་།next

ཨོ་རྒྱན་སངས་རྒྱས་གཉིས་པ་ལ་བསྟོད་པ་དད་གསུམ་ཆུ་སྐྱེས་འཛུམ་ཕྲེང་།


JKT001_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

ཨོ་རྒྱན་སངས་རྒྱས་གཉིས་པ་ལ་བསྟོད་པ་དད་གསུམ་ཆུ་སྐྱེས་འཛུམ་ཕྲེང་ཞེས་བྱ་བ། ན་མཔདྨ་ཀ་རཱ་ཡ། རྒྱལ་བ་སྲས་བཅས་སྤངས་རྟོགས་ནོར་བུའི་མཛོད། །གང་སྐུའི་ཟ་མ་ཏོག་ཏུ་རོ་གཅིག་པས། །བྲལ་སྨིན་ཡོན་ཏན་བྱེ་བའི་འཁྲི་ཤིང་གིས། །གདུལ་བྱའི་རེ་བའི་ཤིང་རྟ་འགེངས་ལ་འདུད། ༡ །ཁྱོད་སྐུ་བདེ་ཆེན་པདྨའི་ཁང་བཟང་དབུས། །མཚན་དཔེའི་གཟི་འོད་འབར་བའི་ཡེ་ཤེས་ཀྱིས། །མཐོང་ན་མི་མཐུན་མེད་པའི་དཔལ་སྦྱིན་ཕྱིར། །སྲིད་ཞི་ཡོངས་ཀྱིས་བསྔགས་པའི་རོལ་མོ་འཁྲོལ། ༢ །གང་གསུང་སྲིད་པའི་རླུང་བཅུའི་རྟེན་འབྲེལ་ཀུན། །འཕོ་མེད་ཞུ་བདེའི་དབྱིངས་སུ་རོལ་པ་ལས། །བདེ་སྟོང་འབར་འཛག་དགའ་བཞིའི་ཏམྦུ་རས། །སྒྲ་ཚིག་ལས་འདས་ཟབ་མོའི་དོན་མཆོག་སྟོན། ༣ །ཤེས་དང་ཤེས་བྱའི་ཆོས་རྣམས་མ་ལུས་ཀུན། །གཉུག་མའི་ལང་ཚོའི་ཕྱག་རྒྱར་རོ་གཅིག་པས། །འོད་གསལ་རྣམ་ཀུན་མཆོག་ལྡན་ཐུགས་རྗེའི་གཟུགས། །ལྷུན་གྲུབ་རིག་འཛིན་དབྱིངས་སུ་ངལ་བསོ་བསྟེན། ༤ །གཟུང་འཛིན་ཉི་ཟླའི་འགྲོས་ཀྱི་རྟོག་ཚོགས་ཀུན། །དབུ་མ་སྒྲ་ཅན་མཁའ་རུ་རོལ་


JKT001_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མོད། །ལྷན་སྐྱེས་བདེ་མཆོག་རྟག་པའི་བདུད་རྩི་ཡིས། །འཆི་མེད་འཇའ་ལུས་རྡོ་རྗེའི་སྐུ་རུ་གྱུར། ༥ །བྱིན་རླབས་མཆོག་སྟེར་འཁོར་ལོའི་མགོན་པོ་སྟེ། །དངོས་གྲུབ་འདོད་རྒུའི་སྒྱུ་འཕྲུལ་ཧེ་རུ་ཀ །བདེ་སྟོང་ཕྲིན་ལས་དཔལ་སྦྱིན་ཌཀྐི་རུ། །གྱུར་ཕྱིར་རྩ་གསུམ་ཀུན་འདུས་ཡེ་ཤེས་སྐུ། ༦ །མདོར་ན་སྲས་བཅས་རྒྱལ་བའི་མཁྱེན་ནུས་བརྩེའི། །བྲལ་སྨིན་ཡོངས་སུ་རྫོགས་པའི་འཛུམ་དཀར་གྱིས། །སྐལ་བཟང་འགྲོ་ཀུན་རྗེས་སུ་བཟུང་ནས་སླར། །སྨིན་གྲོལ་གདམས་པའི་བདུད་རྩིས་ངལ་བསོ་སྟེར། ༧ །དེ་ཕྱིར་རྨི་ལམ་ཙམ་དུའང་ཁྱོད་ཞབས་ལ། །བསྟོད་བསྔགས་མེ་ཏོག་ཆལ་ཆིལ་བསྙིལ་བའི་མཐུས། །སྐྱེ་ཀུན་གང་གི་ཐུགས་རྗེའི་གྲིབ་བསིལ་དུ། །དབུགས་འབྱིན་མཛད་པའི་དགའ་སྟོན་རོལ་པར་ཤོག ༨ །ཐབས་དང་ཤེས་རབ་མི་ཕྱེད་མཉམ་རོལ་པའི། །སྒྱུ་འཕྲུལ་དྲྭ་བའི་དངུལ་ཆུས་ཀུན་བརྟགས་ཁམས། །བསྡམས་པའི་གྲུབ་གཉིས་རྣལ་འབྱོར་སུ་ཝ་ཎས། །རང་གཞན་ཕན་བདེའི་དཔལ་གྱིས་འཚོ་བར་ཤོག ༩ །རྡོ་རྗེ་ལུས་ཀྱི་གནས་ཡུལ་ཉེར་བཞིའི་གྲོང་། །དཀར་དམར་རིག་འཛིན་ཌཱ་ཀིས་འཁྱུད་པ་ལས། །བདེ་ཆེན་དགའ་བཞིས་མྱོས་པའི་ལང་ཚོ་ཡིས། །ཀུན་བརྟགས་འཁྲུལ་པའི་ཚོགས་ཀུན་འཆིང་གྱུར་ཅིག ༡༠ །ཤིན་ཏུ་དག་པ་གཟོད་པའི་ཡེ་ཤེས་ནི། །རྣམ་ཐར་སྒོ་གསུམ་འདུ་འབྲལ་མེད་པའི་ཞལ། །རང་རིག་


JKT001_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

གཉུག་མའི་ངང་དུ་མཉམ་རོལ་པས། །འགྱུར་མེད་རྣམ་ཀུན་མཆོག་ལྡན་འགྲུབ་པར་ཤོག ༡༡ །ཁྱད་པར་ག་བུར་རྡུལ་བརྩེགས་ས་འཛིན་ཁྲོད། །སྡུག་བསྔལ་ཞགས་པས་བཅིངས་པའི་ལུས་ཅན་ཀུན། །ཐུགས་རྗེའི་ཕྱག་གིས་བཀྲོལ་ནས་ཕན་དང་བདེའི། །ཐེམ་སྐས་ཡིད་འོང་མཆོག་ལ་འཛེགས་གྱུར་ཅིག ༡༢ །འདི་ནས་བཟུང་སྟེ་ཇི་སྲིད་ལས་འབྲས་ཀྱིས། །སྐྱེ་བའི་འཁྲི་ཤིང་འཛིན་པ་ཐམས་ཅད་དུ། གང་གི་མཁྱེན་བརྩེའི་ཟེར་གྱིས་རབ་བསྐྱངས་པས། །དོན་གཉིས་ཨུཏྤལ་འདབ་བརྒྱ་བཞད་པར་ཤོག ༡༣ །ནམ་ཞིག་འཕོས་ཚེ་དྷཱུ་ཏིའི་གྲོང་ཁྱེར་དབུས། །ཚོགས་བརྒྱད་རྣམ་དག་ཟངས་མདོག་དཔལ་རི་རུ། །རིག་སྟོང་མཚོ་སྐྱེས་རྡོ་རྗེའི་ཞལ་མཐོང་ནས། །གློ་བུར་འཁྲུལ་རྟོག་གཡོ་མེད་སྡོམ་གྱུར་ཅིག ༡༤ །རྟག་ཏུ་གུས་པའི་དྲི་བཞོན་གཡོ་བ་ཡིས། །ཐུགས་རྗེའི་སྤྲིན་དཀར་འཇོ་སྒེག་ལ་རོལ་པས། །རྗེས་སུ་བརྩེ་བའི་བདུད་རྩིའི་ཐིག་ཕྲེང་གིས། །བྱང་ཆུབ་མཆོག་གི་ཆུ་སྐྱེས་བཞད་པར་ཤོག །ཅེས་དུས་གསུམ་ཀུན་མཁྱེན་སངས་རྒྱས་གཉིས་པ་པདྨ་ཀར་ལ་གསོལ་བ་འདེབས་པའི་ཚུལ་ཉུང་ངུ་འདིའང་དཀར་ཕྱོགས་ཀྱི་དགའ་བ་གསུམ་པའི་ཚེས་བཅུ་ལ་གང་ཤར་མྱུར་དུ་སྦྱར་བ་ཛ་ཡནྟུ། །


previousཨོ་རྒྱན་སངས་རྒྱས་གཉིས་པ་ལ་བསྟོད་པ་དད་གསུམ་ཆུ་སྐྱེས་འཛུམ་ཕྲེང་།next