Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
  expand section
  expand section
   
   
   


 
previousསྤྲུལ་པའི་སྐུ་མཚན་བརྒྱད་ལ་བསྟོད་པ་ཨུཏྤལ་གཞོན་ནུའི་དོ་ཤལ།next

སྤྲུལ་པའི་སྐུ་མཚན་བརྒྱད་ལ་བསྟོད་པ་ཨུཏྤལ་གཞོན་ནུའི་དོ་ཤལ།


JKT001_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་པའི་སྐུ་མཚན་བརྒྱད་ལ་བསྟོད་པ་ཨུཏྤལ་གཞོན་ནུའི་དོ་ཤལ་ཅེས་བྱ་བ། འོད་སྣང་མཐའ་ཡས་མཚན་དཔེའི་ཉིན་མོར་བྱེད། །སིནྡྷུའི་པདྨའི་འཁྲི་ཤིང་ལ་ཆགས་པས། །ཟུང་འཇུག་འཆི་མེད་གྲུབ་


JKT001_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལང་ཚོ་ཅན། །མཚོ་སྐྱེས་རྡོ་རྗེའི་ཞབས་རྡུལ་སྤྱི་བོས་མཆོད། ༡ །གཟུང་འཛིན་ཡུལ་དང་མཛའ་བའི་ཆོས་ཉིད་ཀྱིས། །ལོག་རྟོག་མེ་ལྕེའི་དོ་ཤལ་གཡོ་བ་ཡང་། །སྙིང་རྗེའི་ཆུ་གཏེར་འཕྱུར་བས་སྨྲ་ཕབ་པས། །པདྨ་སཾ་བྷར་གྲགས་པའི་བ་དན་མཛེས། ༢ །རྒྱལ་ཀུན་མཁྱེན་རབ་ཉི་མ་གཞོན་ནུའི་བཅུད། །ཁྱོད་ཐུགས་གུར་གུམ་གསར་པས་བཏུང་བ་ལས། །བློ་ལྡན་ལང་ཚོའི་འཇོ་སྒེག་གཡོ་བ་ཡིས། །མཆོག་ཏུ་སྲེད་པར་དགའ་བའི་བཅུད་ལེན་སྦྱིན། ༣ །པདྨའི་དོ་ཤལ་བཟུང་བའི་རོལ་མཚོ་ཆེར། །མཚན་དཔེའི་ངོ་མཚར་གསར་པའི་འཛུམ་ཟེར་གྱིས། །ཨོ་རྒྱན་ས་སྤྱོད་རྒྱལ་པོའི་བ་གམ་རྩེར། །གཅིག་ཏུ་མཛེས་པའི་སྤྲིང་ཡིག་སྤྲོ་མིན་ནམ། ༤ །བསླབ་པ་གསུམ་གྱི་ཐེམ་སྐས་ལ་བགྲོད་ཕྱིར། །ཤཱཀྱའི་རིགས་འཁྲུངས་མཆོག་གི་མཚུངས་ཟླ་རུ། །བོས་པའི་མོད་ནས་ཡིད་སྲུབས་གཉིས་འཐུང་སྡེར། །རྣམ་པར་རྒྱལ་བའི་སེང་གེའི་ཁྲི་ལ་འཛེགས། ༥ །ཀུན་འབྱུང་མུན་པ་སྟུག་པོར་འཁྱམས་པའི་འགྲོ། །གཡུལ་གྱི་དཔུང་པས་བཞར་བར་མི་ནུས་ཀྱང་། །མཁྱེན་བརྩེའི་ཉི་མ་གཞོན་ནུའི་འོད་ཟེར་གྱིས། །ཡོངས་སུ་བཅོམ་པའི་ངང་ཚུལ་འདི་ཅི་ཞིག ༦ །བདག་མེད་སྙིང་རྗེའི་རྩེ་བརྒྱ་གདེངས་པ་དང་། །ཆབ་གཅིག་དྲག་ཤུལ་སེང་གེའི་སྒྲ་སྒྲོགས་པས། །འཇིག་ཚོགས་ལྟ་བའི་རི་བོ་དྲུང་འབྱིན་པའི། །བྱེད་པོ་གང་དེའི་ཕྲིན་ལས་ཕུལ་བྱུང་གཏམ། ༧ །


JKT001_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

ལོག་རྟོག་ཆང་གིས་མྱོས་པའི་གཉིས་འཐུང་སྡེ། །མཐུ་སྟོབས་ལྕགས་ཀྱུའི་དབང་གིས་བགྱིད་ནས་སླར། །བཀའ་རྟགས་ཕྱག་རྒྱའི་དྲྭ་བར་བཅུག་མཛད་པའི། །བརྟུལ་ཞུགས་གྲུབ་པ་རྡོ་རྗེ་གྲོ་ལོད་། རྩལ། ༨ །གང་ཡང་རྒྱལ་ངས་རྟོགས་མཉམ་ཡང་ཁ་བའི་རྡུལ་བརྩེགས་ཁྲོད། །འཕྱན་པའི་འགྲོ་ལ་ལྷག་པར་ཕྲིན་ལས་མཐུ། །རྨད་བྱུང་པདྨ་ཀ་ར་ལས་གཞན་སུ། ༩ །སྤུ་དེ་ན་མཆོག་ཏུ་གུས་པའི་དབང་གྱུར་ཡིད། །ཆུ་སྐྱེས་ལ་ཐོད་བཞད་པའི་གདེངས་ཀ་རུ། །ཞབས་སེན་རྟག་ཏུ་རྩེན་ཕྱིར་བསྔགས་བརྗོད་ཀྱི། །ཨུཏྤལ་གསར་པའི་དོ་ཤལ་འདི་ཡང་ཕྱེས། ༡༠ །སརྦ་སིདྡྷནྟུ། །


previousསྤྲུལ་པའི་སྐུ་མཚན་བརྒྱད་ལ་བསྟོད་པ་ཨུཏྤལ་གཞོན་ནུའི་དོ་ཤལ།next