Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
  expand section
  expand section
   
   
   


 
previousསློབ་དཔོན་བློ་ལྡན་མཆོག་སྲེད་ལ་བསྟོད་པ་དཔྱིད་ཀྱི་དཔལ་མོའི་གླུ་དབྱངས།next

སློབ་དཔོན་བློ་ལྡན་མཆོག་སྲེད་ལ་བསྟོད་པ་དཔྱིད་ཀྱི་དཔལ་མོའི་གླུ་དབྱངས།


JKT001_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དཔོན་བློ་ལྡན་མཆོག་སྲེད་ལ་བསྟོད་པ་དཔྱིད་ཀྱི་དཔལ་མོའི་གླུ་དབྱངས་ཞེས་བྱ་བ། བླ་མ་དང་གཉིས་སུ་མེད་པའི་འཇམ་དཔལ་སྨྲ་བའི་སེང་གེ་ལ་ཕྱག་འཚལ་ལོ། །ཀ་ཀུ་བྷ་ཡི་འཛུམ་ཕྲེང་དགོད་པའི་རྩེར། །ཁ་དོག་ཆུ་ཤེལ་ཞུན་མ་བཞུ་བའི་རྡུལ། །གུ་ལ་བ་དེར་ཆགས་འདྲའི་ལང་ཚོའི་དཔྱིད། །ང་བདག་འཛིན་བྲལ་སྣང་སྟོང་ཕྱག་རྒྱའི་སྐུ། ༡ །ཅ་ག་མཚན་དཔེའི་འཇོ་སྒེག་ལ་རོལ་ཞིང་། །ཆ་བྱད་རིན་ཆེན་དྲྭ་བས་རྣམ་པར་མཛེས། །ཇ་རིལ་སྐྲ་ཅན་གཤེད་པོར་བསྟན་ཙམ་ན། །ཉ་རྒྱས་ཟླ་བའི་དཔལ་ཡོན་འཕྲོག་པ་བཞིན། ༢ །ཏཱ་རེ་འཕགས་མའི་རྣམ་སྤྲུལ་སྒྲ་དབྱངས་ལྷ། །ཐ་དད་མ་དམིགས་ཁྱོད་མགྲིན་ཆུ་སྐྱེས་རྩེར། །ད་གཟོད་ཙམ་


JKT001_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

མིན་རྟག་ཏུ་ངལ་བསོས་ཕྱིར། །ན་མར་ལུང་རྟོགས་ཆོས་ཀུན་འབད་མེད་སྩོལ། ༣ །པ་སངས་སྤྲིན་བྲལ་མཁའ་ལ་སྒེག་པ་ལྟའི། །ཕ་མཐའ་མི་མངོན་ཁྱོད་སྐུའི་ཟ་མ་ཏོག །བ་མཆོག་ཙིནྟ་མ་ཎི་ལས་ལྷག་པར། །མ་ལུས་རིག་འཛིན་ཌཱ་ཀིའི་སྤྱི་བོར་མཛེས། ༤ །ཙ་མ་ར་ལྟར་ཁེངས་དང་རྨོངས་པའི་བློ། །ཚ་ཟེར་ཅན་གྱིས་ཀུ་མུད་བཅིངས་པ་བཞིན། །ཛ་ཏིའི་མེ་ཏོག་ལྟར་སྡུག་ཞལ་འོད་ཀྱིས། །ཝ་བཞིན་ཉུལ་བའི་རླུང་སེམས་དབུ་མར་བཅིལ། ༥ །ཞྭ་ཐོད་རཏྣ་ཨུཏྤལ་ཆུན་པོས་མཛེས། །ཟ་འོག་དར་དང་སྣ་ཚོགས་རྒྱན་གྱིས་སྤྲས། །འ་འུར་སྤངས་པའི་ཕྱག་གི་འཁྲི་ཤིང་ནི། །ཡ་བྲལ་ཟུང་འཇུག་རིན་ཆེན་སྣོད་ཀྱིས་མཛེས། ༦ །རྭ་ལྟར་རེངས་པའི་གནོད་སྦྱིན་འབྱུང་པོ་དང་། །ལ་ཀླུང་ཉུལ་ནས་འཚེ་བའི་བསམ་སྦྱོར་ཅན། །ཤ་ཁྲག་བྲལ་བའི་འོད་གསལ་ཆེར་བསྡམས་ཏེ། །ས་བཅུའི་བཀའ་རྟགས་སར་པ་སྦྱིན་ལ་བྲེལ། ༧ །ཧྭ་རིའི་ཙནྡན་ནགས་ཀླུང་གསར་པ་ལྟར། །འབར་འཛག་བདེ་བས་མྱོས་པའི་བསུང་ཞིམ་དང་། །ཨ་དར་ལྟར་མཁྱེན་བའི་ཡེ་ཤེས་ནི། །ཇི་ལྟ་ཇི་སྙེད་མཁྱེན་པའི་མཆོག་ཏུ་གྱུར། ༨ །འཇམ་དཔལ་དཔའ་བོ་སྙིང་ལ་ཉལ་བའི་དཔྱིད། །ཉི་མ་གཞོན་ནུར་བརྫུ་བའི་རྫུ་འཕྲུལ་གྱིས། །ཐུན་མོང་ཐུན་མིན་པུཎྜ་རཱི་ཀའི་ཚལ། །ལྷག་པར་ཕྱེ་འདི་སྟོན་པ་གཉིས་པ་ཡིན། ༩ །དེས་ན་མགོན་ཁྱོད་ཞབས་མཐིལ་


JKT001_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

ཐོར་ཚུགས་རྩེར། །རྟག་པར་གསོལ་བཏབ་མཚན་གྱི་ནོར་བུའི་ཕྲེང་། །རྣ་ལུང་དཔྱངས་པའི་སྐལ་བཟང་དམ་པ་ནི། །དཔག་བསམ་དབང་པོའི་ངང་ཚུལ་དག་ལས་སྦོམ། ༡༠ །རྨི་ལམ་ཙམ་དུའང་སྐྱབས་གཞན་སྤངས་བྱས་ཏེ། །བླ་མ་མཆོག་དང་དབྱེར་མེད་གསོལ་བཏབ་པས། །བརྩེ་བའི་ཕྱག་གིས་ཡོངས་བཟུང་ཉོན་མོངས་པའི། །འཁོར་བའི་ཆུ་གཏེར་དག་ལས་དབུགས་འབྱིན་གསོལ། ༡༡ ། སྣང་སྟོང་ཕྱག་རྒྱ་བཞི་རུ་དགྱེས་རོལ་ཅིང་། །གྲགས་སྟོང་མི་ཕྱེད་ནཱ་དའི་དབྱིངས་སུ་བསྡོམས། །རིག་སྟོང་རྣམ་ཀུན་མཆོག་ལྡན་ལ་ཐིམ་པས། །བདེ་སྟོང་འོད་གསལ་ཐིག་ལེར་རོ་གཅིག་ཤོག ༡༢ །ཅེས་སློབ་དཔོན་བློ་ལྡན་མཆོག་སྲེད་ལ་བསྟོད་པ་དཔྱིད་ཀྱི་དཔལ་མོའི་གླུ་དབྱངས་འདིའང་གཞོན་ནུ་ཨབྷཱ་ཡས་སོ།། ༈ །།


previousསློབ་དཔོན་བློ་ལྡན་མཆོག་སྲེད་ལ་བསྟོད་པ་དཔྱིད་ཀྱི་དཔལ་མོའི་གླུ་དབྱངས།next