Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
  expand section
  expand section
   
   
   


 
previousགུ་རུ་པདྨ་རྒྱལ་པོ་ལ་བསྟོད་ཚིག་ཡིད་འཕྲོག་ཨཏྤལ་དམར་པོའི་ཆུན་པོ།next

གུ་རུ་པདྨ་རྒྱལ་པོ་ལ་བསྟོད་ཚིག་ཡིད་འཕྲོག་ཨཏྤལ་དམར་པོའི་ཆུན་པོ།


JKT001_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་པདྨ་རྒྱལ་པོ་ལ་བསྟོད་ཚིག་ཡིད་འཕྲོག་ཨཏྤལ་དམར་པོའི་ཆུན་པོ་ཞེས་བྱ་བ། ཀ་མ་ལ་ཡི་གེ་སར་བཞད་པའི་རྩེར། །ཁ་དོག་མཚམས་སྤྲིན་གསར་བ་། བཞུ་བའི་རྡུལ། །ག་ལ་བ་དེར་ཆགས་འདྲའི་ལང་ཚོ་ནི། །ང་རྒྱལ་འདོད་ཆགས་འཇོམས་ཕྱིར་ཁྲོ་ཞིང་སྒེག ༡ །ཅ་ཅོ་བྲལ་ཡང་དགྱེས་པའི་ཞལ་འོད་ཀྱིས། །ཆ་བྱད་གནས་རིགས་སྣ་ཚོགས་སྐྱེ་འགྲོ་དང་། །ཇ་དར་གསེར་དངུལ་ལ་སོགས་འདོད་དགུའི་གཏེར། །ཉ་རྒྱས་ཀུན་འཛུམ་བཞིན་འགུགས་པར་མཛད། ༢ །ཏཱ་རེ་དབང་མཛད་ཌཱ་ཀི་དགྱེས་རོལ་ཅིང་། །ཐ་དད་གནས་ཡུལ་མཁའ་འགྲོའི་གཙོ་བོར་བཞེངས། །


JKT001_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

ད་གཟོད་ཆོས་སྐུ་སྒོམ་པའི་རྣལ་འབྱོར་ལ། །ན་མར་གྲུབ་གཉིས་འབྲས་བུས་ལྕི་བར་མཛད། ༣ །པཱ་ར་མི་ཏའི་བདུན་པ་ཐབས་ཀྱི་ལམ། །ཕ་རོལ་ཆགས་པས་འཆིང་བྱེད་དབང་གི་ལས། །བ་མཆོག་འདོད་འཇོའི་ཙིནྟ་མ་ཎི་ལྟར། །མ་ལུས་ཁྱོད་ཀྱི་རིག་སྔགས་ཉིད་ལས་བྱུང་། །ཙ་རི་ཏྲ་དང་ཛ་ལནྡྷ་ར་སོགས། །ཚ་ཟེར་ཅན་འདྲའི་ཁྱོད་སྐུ་གསང་བར་རྫོགས། །ཛ་ཧུའི་རླབས་ཕྲེང་ལྟ་བུའི་ཕྱག་རྒྱ་ཡིས། །ཝ་བཞིན་ཝཱ ཉུལ་བའི་འབྱུང་པོའི་ཡིད་ཀྱང་འཆིང་། ༥ །ཞྭ་ཐོད་ཕོད་ཁ་དམར་པོས་རབ་དཀྲིས་ཤིང་། །ཟ་འོག་གོས་དང་རུས་པའི་རྒྱན་དྲུག་གསོལ། །འ་ཅག་གསོལ་བ་བཏབ་པའི་སྐལ་ལྡན་ལ། །ཡ་བྲལ་ལས་འདས་མཆོག་གི་དངོས་གྲུབ་སྟེར། །ར་ས་ནཱ་ཞེས་ཐབས་དང་གཅིག་ཤོས་ནི། །ལ་ལ་ན་སྟེ་ཟུང་འཇུག་དབུ་མར་རོལ། །ཤ་ཁྲག་བྲལ་བའི་འཕོ་ཆེན་འོད་གསལ་སྐུར། །ས་བཅུའི་མངོན་པར་རྟོགས་པ་ཡོངས་སུ་རྫོགས། ༧ །ཧེ་རུ་ཀ་དཔལ་ཁྱོད་ཉིད་བདག་བསྒོམས་ཏེ། །ཨ་ཧཾ་ཟུང་འཇུག་བདེ་སྟོང་བཟླས་པར་རོལ། །འོད་གསལ་སྤྲོས་བྲལ་དགོངས་པར་མཉམ་བཞག་པས། །ཕན་དང་བདེ་བའི་དཔལ་གྱིས་འཁྱུད་གྱུར་ཅིག ༨ །གང་ན་རིག་འཛིན་ཌཱ་ཀིའི་ཐོར་ཚུགས་ཀྱིས། །ཁྱོད་ཞབས་སྤྱི་བོར་བསྟེན་པའི་ངོ་མཚར་དཔལ། །མངོན་སུམ་མིག་གི་བདུད་རྩིར་གྱུར་ནས་ཀྱང་། །སྣང་སྟོང་སྐུ་ཡིས་བྱིན་གྱིས་བརླབ་ཏུ་


JKT001_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ། ༩ །ཐབས་ཤེས་གསང་བ་སྔགས་ཀྱི་དེ་ཁོ་ནར། །རྟག་ཏུ་བཟླས་བརྗོད་བགྱིས་པའི་དགེ་མཚན་ལས། །སྒྲ་ཚིག་རྣམ་སྤངས་སྤྲོས་བྲལ་ནཱ་དའི་ངང་། །གྲགས་སྟོང་གསུང་གིས་བྱིན་གྱིས་བརླབ་ཏུ་གསོལ། ༡༠ །ཆོས་ཀུན་རང་བཞིན་ཟབ་གསང་མཆོག་གི་ལམ། །འོད་གསལ་ཕྱག་རྒྱ་ཆེན་པོར་མཉམ་བཞག་པས། །དཔྱིད་དང་ཐིག་ལེ་རོ་གཅིག་གྱུར་པ་ཡི། །རིག་སྟོང་ཐུགས་ཀྱིས་བྱིན་གྱིས་g་བརླབ་ཏུ་གསོལ། ༡༡ །གནས་སྐབས་འོད་དམར་རཱ་གའི་ཞགས་པ་ཡིས། །ཁམས་གསུམ་ཆགས་པའི་ཕྱག་རྒྱར་འཆིང་བྱས་ཏེ། །འདོད་དགུའི་མཚར་སྡུག་རྫོགས་པའི་ཨུཏྤ་ལ། །འཛུམ་ཕྲེང་དགོད་པའི་དངོས་གྲུབ་མཆོག་ཐོབ་ཤོག ༡༢ །ཅེས་སྤྲུལ་པའི་སྐུ་མཚན་བརྒྱད་དུ་སྟོན་པའི་ནང་ཚན་སློབ་དཔོན་པདྨ་རཱ་ཛ་ལ་བསྟོད་ཚིག་ཨུཏྤལ་དམར་པོའི་ཕྲེང་བ་འདིའང་འཇིགས་མེད་སྒེག་པའི་ལང་ཚོས་སྦྱར་བའོ།།


previousགུ་རུ་པདྨ་རྒྱལ་པོ་ལ་བསྟོད་ཚིག་ཡིད་འཕྲོག་ཨཏྤལ་དམར་པོའི་ཆུན་པོ།next