Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
  expand section
  expand section
   
   
   


 
previousམཚོ་སྐྱེས་བླ་མ་ལ་ཤིས་པར་བརྗོད་པའི་ཚུལ་གྱིས་བསྔགས་པ་དད་པའི་ཨུཏྤལ།next

མཚོ་སྐྱེས་བླ་མ་ལ་ཤིས་པར་བརྗོད་པའི་ཚུལ་གྱིས་བསྔགས་པ་དད་པའི་ཨུཏྤལ།


JKT001_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

མཚོ་སྐྱེས་བླ་མ་ལ་ཤིས་པར་བརྗོད་པའི་ཚུལ་གྱིས་བསྔགས་པ་དད་པའི་ཨུཏྤལ་ཅེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་པདྨ་ཀ་རཱ་ཡ། འཆི་མེད་གྲུབ་པའི་ཟླ་ཤེལ་ཞུ་བའི་བཅུད། །སྐལ་བཟང་ཡིད་ཀྱི་སྟེང་འཐུང་དཀར་པོ་ལ། །རེག་པས་ཕན་བདེའི་འཛུམ་ཕྲེང་དབྱེ་བའི་དཔྱིད། ། མཚོ་སྐྱེས་བླ་མས་དེང་འདིར་ཤིས་པར་མཛོད། ཡིད་འོང་མཚན་དཔེའི་ཉམས་འགྱུར་རེ་རེས་ཀྱང་། །སྲིད་ཞིའི་མཚར་སྡུག་ཀུན་གྱི་ཁེངས་པའི་ཕུལ། །ལྷག་མ་མེད་པར་འཕྲོག་པའི་ངོ་མཚར་ཅན། །མཚོ་སྐྱེས་


JKT001_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མས་དེང་འདིར་ཤིས་པར་མཛོད། །གང་གསུང་རྣམ་པ་ཀུན་ལྡན་ནཱ་དའི་སྒྲ། །རིག་པ་འཛིན་པའི་རྒྱུད་དུ་བརྡུང་ཙམ་གྱིས། །ཡིད་ལ་གྲུབ་པའི་ངལ་འཚོ་རབ་འཕེལ་བ། །མཚོ་སྐྱེས་བླ་མས་དེང་འདིར་ཤིས་པར་མཛོད། །རྣམ་མང་རྡུལ་དང་ཤེས་བྱའི་སྤྲོས་པ་ཡི། །ཕ་རོལ་སོན་པའི་སྟོང་ཉིད་མཛེས་མ་ནི། །སྙིང་རྗེའི་འཛུམ་དཀར་གཡོ་བས་དགེ་བྱས་པ། །མཚོ་སྐྱེས་བླ་མས་དེང་འདིར་ཤིས་པར་སྩོལ། །མདོར་ན་རྨི་ལམ་ཙམ་དུའང་སྐྱབས་གནས་གཞན། །མ་མཆིས་ཁྱོད་ཉིད་ཁོ་ནར་གསོལ་འདེབས་ན། །ཤིས་བརྗོད་སྤྲིན་གྱི་རྔ་གསང་རོལ་པ་ཡིས། །ཕུན་ཚོགས་མདོངས་མཐའི་མངལ་ཁུར་ལྕི་བར་མཛོད། །གང་ཞིག་སྐྱོན་གྱི་རྣམ་པ་རིང་བཅད་ཅིང་། །ཡོན་ཏན་ཟད་མེད་ཡིད་བཞིན་ཆུ་གཏེར་ཆེ། །དད་པས་བསྙེན་ན་འདོད་དོན་མཆོག་སྩོལ་བ། །མཚོ་སྐྱེས་བླ་མར་སླར་ཡང་ཕྱག་བགྱིའོ། །འཇམ་མགོན་བླ་མའི་བྱིན་རླབས་ཀྱིས། །རྗེས་སུ་བཟུང་བའི་དཔྱིད་ཀ་ལས། །ཚིག་གི་མེ་ཏོག་དགེ་འདི་ཡང་། །གཟུར་གནས་མགྲིན་པའི་རྒྱན་གྱུར་ཅིག །ཅེས་པའང་གཞོན་ནུ་སྨྲ་བའི་ཉི་མས་གསོལ་བ་བཏབ་པ་སིདྡྷི་རསྟུ། །༈ །བདེ་བ་ཅན་གྱི་ཞིང་ཁམས་རྟེན་དང་བརྟེན་པར་བཅས་པ་ལ་བསྟོད་པ་དད་པའི་ཆུ་སྐྱེས་ཞེས་བྱ་བ། ན་མོ་ཨ་མི་ཏ་བྷཱ་ཡ། གང་ཞིག་སློབ་དང་མི་སློབ་འཕགས་པ་དང་། །ཉན་རང་སོ་སྐྱེའི་ཚོགས་ཀྱི་སྤྱི་བོ་ཡིས། །མཛེས་པར་བཏེག་པའི་གདེངས་ཀ་དམ་པ་ནི། །ཕུལ་བྱུང་


JKT001_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

བསྔགས་འོས་རྣམ་ཐར་བརྗོད་མི་ལང་། ༡ །འཇིག་རྟེན་དབང་ཕྱུག་ཐུགས་རྗེའི་བདུད་རྩི་དང་། །ཆོས་ཀྱི་འབྱུང་གནས་སྨོན་པའི་གྲུ་ཆར་གྱིས། །གནས་ངན་ལེན་གྱི་རྡུལ་ཕྲན་བཀྲུས་པའི་ཞིང་། །ཡོན་ཏན་བཀོད་པ་མཐའ་ཀླས་དགའ་ཚལ་ཆེར། ༢ །ལག་མཐིལ་གཞོན་ཤ་ཆགས་པའི་འཇོ་སྒེག་ལྟར། །སྣ་ཚོགས་རིན་ཆེན་གཅལ་དུ་བཀྲམ་པའི་གཞི། །མཉམ་པར་བརྡལ་བའི་བཞིན་རས་མན་རས། །མངོན་བསྲུངས་མནན་ནེམ་བཏེགས་ན་འཕར་བའི་ཉམས། ༣ །རྫིང་བུ་ཡན་ལག་བརྒྱད་དང་ལྡན་པ་ཡང་། །སྙིང་པོའི་དབེན་པ་མ་ཡིན་ལུང་རྟོགས་ཀྱི། །དམ་ཆོས་ཇི་སྙེད་སྟོན་པའི་དམ་བཅའ་ནི། །རྒྱལ་ཀུན་གསུང་གི་གསང་བ་བྱིན་པ་བཞིན། ༤ །དེ་ན་རིན་ཆེན་སྣ་ཚོགས་ལྗོན་པ་ཆེ། །ལྟ་ན་ལྷུན་སྡུག་མཛེས་པའི་རོལ་སྒེག་གིས། བསླབ་གསུམ་མངོན་རྟོགས་ངོམས་པའི་བཞིན་རས་མཆོག །ལོ་འདབ་མེ་ཏོག་འབྲས་བུ་དུད་པས་སྟོན། ༥ །ཡལ་གའི་ལྕུག་ཕྲན་གཞོན་ནུའི་སོར་མོ་ཡིས། །ཉེར་བཟུང་ཛམྦུ་ནཱ་དའི་དྲ་བའི་ཕྲེང་། །དྲི་བཞོན་ཕོ་ཉས་བསྐུལ་བའི་རོལ་མོའི་སྒྲ། །ཆོག་མི་ཤེས་པ་ཀུན་ཏུ་སྒྲོག་པར་བྱེད། ༦ །དེ་ན་བསྟི་བའི་གཉིས་སྐྱེས་འཁོར་ལོའི་ལག །མ་རྒད་གཤོག་ཅན་ཤཱ་རི་ཀ་ནི་སོགས། །ཀུན་ཏུ་སྒེག་ལྡན་འདབ་ཆགས་གཞོན་ནུའི་ཚོགས། །ཕན་ཚུན་ཆོས་ཀྱི་རོས་ཚིམས་གར་སྟབས་བསྒྱུར། ༧ །ཕྱོགས་རྣམས་མེ་


JKT001_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

ཏོག་འབྲས་བུ་མཛེས་གྱུར་པའི། །ལྷུན་སྡུག་ཁང་བཟང་ཡིད་འོང་སྐྱེད་ཚལ་ལས། །བསྟི་གནས་ཕལ་པའི་སྣང་བ་ཟད་པའི་ཕྱིར། །སྙིང་དང་མིག་ལ་དགའ་བ་མི་བཟད་སྟེར། །རཏྣའི་བ་གམ་བརྩེགས་པའི་གཞལ་ཡས་ཁང་། །སྣ་ཚོགས་བཀོད་པས་ཁྱད་པར་འཕགས་པ་སོགས། །ཡིད་འོང་འདོད་པའི་ཆོ་ག་འབད་མེད་པར། །བསྒྲུབ་པའི་ངང་ཚུལ་གཞན་གྱིས་བསྐྲུན་ནུས་མིན། ༩ །ཐོས་འཛིན་བཅུད་དུ་གཡོ་བའི་ཇི་སྙེད་སྒྲ། །ཚད་མེད་བཞི་དང་ཕ་རོལ་ཕྱིན་པ་དྲུག །རྣམ་པར་ཐར་པ་གསུམ་སོགས་ལུང་རྟོགས་ཀྱི། །དམ་ཆོས་རྒྱ་མཚོའི་གན་མཛོད་གཅིག་ཏུ་གྱུར། ༡༠ །གང་ན་འཚོ་གཞེས་བརྟན་པའི་རྒྱལ་བ་ནི། །རབ་དམར་བྱེ་རུའི་ཕུང་པོ་བཞུ་བའི་རྡུལ། །སྟོང་ཕྲག་ཉི་གཞོན་འཆར་ཀས་འཁྱུད་པ་ཡིས། །མཚུངས་ཟླར་མི་འོས་མཚན་དཔེའི་འཛུམ་ཕྲེང་དགོད། ༡༡ །གངྒཱའི་ཀླུང་རྒྱུན་གྱིས་འདྲེན་བྱེ་སྙེད་ཀྱི། །རབ་འབྱམས་དེ་བཞིན་གཤེགས་པའི་གཙུག་ཏོར་ནི། །མཐོན་མཐིང་ཟོལ་དུ་གཡོ་བས་བསྟེན་བྱས་ཏེ། །རྟག་ཏུ་བསྔགས་པའི་རོལ་མོ་རྣམ་པར་དཀྲོལ། ༡༣ །འདི་ན་གཞན་ཕན་རྗེས་སོང་དམ་བཅའི་ཁུར། །སློབ་པ་ལམ་གྱི་གནས་སྐབས་འཛིན་པའི་གཟུགས། །མིག་མི་འཛུམ་དང་གསང་བ་འཛིན་པ་སོགས། །བྱང་ཆུབ་སེམས་དཔའི་ཁྱུ་མཆོག་ཡོངས་ཀྱིས་བསྟེན། ༡༣ །སྡུག་བསྔལ་དྲྭ་བ་བཀྲལ་ནས་འགོག་པའི་དབྱིངས། །


JKT001_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

སྙོམས་འཇུག་དགྲ་བཅོམ་ཚོགས་ཀྱང་ཐེག་ཆེན་གྱི། །བདུད་རྩིའི་བགོ་བཤར་འགྱེད་པའི་དེ་མ་ཐག །བླ་མེད་བྱང་ཆུབ་གོ་འཕང་ལ་རེག་འགྱུར། ༡༤ །མཚན་དཔེའི་འོད་ཟེར་བྱེ་བ་བརྒྱ་ཕྲག་གིས། །གང་ལ་རེག་ན་རྨོངས་པའི་མུན་པ་ཀུན། །ཡོངས་སུ་བཅོམ་སྟེ་ཕན་བདེའི་སྣང་བ་ཡིས། །ངེས་ལེགས་གྲོང་ཁྱེར་མཆོག་ཏུ་དབུགས་རབ་འབྱིན། ༡༥ །གང་སྐུ་དངོས་སུ་མཐོང་བ་ལྟ་ཞོག་གི །མཚན་གྱི་ནོར་བུ་རྣ་བར་དཔྱངས་པས་ཀྱང་། །བརྒྱད་གཉིས་འཇིགས་པའི་དབུལ་བ་བསལ་བྱས་ཏེ། །ཕན་བདེའི་དགའ་སྟོན་སྤྲོ་ལ་རྣམ་པར་བྲེལ། ༡༦ །ཁྱད་པར་ལན་གཅིག་ཡོན་ཏན་ཉི་གཞོན་ལ། །དད་གསུམ་ཨུཏྤལ་འཛུམ་པའི་ཟུར་མིག་གིས། །ཚད་མེད་བདེ་ལྡན་ཞིང་གི་ཀེ་ས་ར། མཛའ་བར་བགྱིད་པའི་དཔལ་སྦྱིན་གང་ལས་སུ། ༡༧ །ཕྱག་མཐིལ་འཁོར་ལོའི་རེ་ཁཱས་མཚན་པའི་རྡུལ། །སྤྱི་བོར་རེག་པ་ཙམ་ནས་ཚོགས་གཉིས་ཀྱི། །དཔུང་པས་བོས་པའི་རྫོགས་པའི་སངས་རྒྱས་ཀྱང་། །མྱུར་དུ་སྦྱིན་པའི་སྐལ་བཟང་མཆོག་ལ་སྦྱོར། ༡༨ །ཞལ་གྱི་ཆུ་སྐྱེས་འཛུམ་པའི་འོད་རླབས་ལས། །སྐད་ཅིག་རེར་བསྟན་ལུང་རྟོགས་བདུད་རྩིའི་བཅུད། །བགྲང་བར་མི་བཟོད་སྒོ་འཕར་དབྱེ་བ་ཡིས། །གྲངས་མེད་ཏིང་འཛིན་མཆོག་ལ་དབུགས་དབྱུང་མཛད། ༡༩ །མདོར་ན་དག་པའི་ཡེ་ཤེས་ཀྱིས་སྦྱངས་པའི། །རྡུལ་བྲལ་ཀུན་མཁྱེན་སྤྱན་


JKT001_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བཙལ་བྱས་ཀྱང་། །མཚུངས་ཟླས་དབེན་པའི་ཡོན་ཏན་མཆོག་གཟིགས་ནས། །རབ་ཏུ་བསྔགས་པའི་མེ་ཏོག་འཐོར་ལ་ལྟོས། ༢༠ །དེ་ཕྱིར་སོ་སྐྱེའི་བློ་ལས་རིང་འདས་པའི། །རྨད་བྱུང་ཐུགས་རྗེའི་ཙིནྟཱ་ མ་ཎི་མཆོག །དད་གུས་གདུགས་དཀར་རྩེ་མོས་འཐོབ་པའི་མོད། །གྲངས་མེད་བསྐྲུན་འོས་འབྱོར་པས་ལྷག་ཅིག་བསྩལ། ༢༡ །གང་མཚན་དཔལ་གྱི་དུམ་བུ་སིམ་པ་ལས། །རབ་ལྷག་ཟླ་ཤེལ་བཞུ་བའི་འོད་ཆེས་ནི། །སྙིང་དབུས་ཀུནྡའི་བཅུད་ལེན་ལ་བཏུད་ནས། །ཕན་བདེའི་འདབ་མའི་འཛུམ་ཕྲེང་གྲོལ་བར་ཤོག ༢༢ །གནས་སྐབས་སྡེ་བཞིའི་བསིལ་བའི་རེག་བྱ་དང་། །རབ་འགྲོགས་ནོར་བུའི་རྔ་ཡབ་། གཡོབ་པ་ཡིས། །ཚེ་དཔལ་འབྱོར་བའི་ངལ་བསོ་བསྟེན་གྱུར་ནས། །ཕུན་ཚོགས་ལང་ཚོའི་མཛེས་པ་ཐོབ་གྱུར་ཅིག ༢༣ །ནམ་ཞིག་འཚོ་བའི་འདུ་བྱེད་བཏང་བའི་ཚེ། །གང་གི་ཐུགས་རྗེའི་དཔྱང་ཐག་ལ་བརྟེན་ནས། །དག་པའི་ཞིང་དུ་དབུགས་འབྱིན་ཐོབ་པའི་མོད། །མགོན་པོ་དགྱེས་པའི་ཞལ་བཟང་མཐོང་བར་ཤོག ༢༤ །མཐར་ཐུག་སྟོབས་བཅུ་མི་འཇིགས་རྣམ་པ་བཞི། །མ་འདྲེས་བཅོ་བརྒྱད་ལ་སོགས་སྤངས་རྟོགས་ཀྱི། །ཆ་ཤས་ཡོངས་སུ་གང་བའི་གཉིས་སྐྱེས་དབང་། །བྱང་ཆུབ་མཆོག་གི་མཁའ་ལ་རོལ་གྱུར་ཅིག ༢། །དེ་ལྟར་བདེ་བ་ཅན་གྱི་ཞིང་གི་བཀོད་པ་རྟེན་དང་བརྟེན་པར་བཅས་པ་ལ་བསྔགས་བརྗོད་ཉུང་ངུར་བསྡུས་པ་འདིའང་གཞོན་ནུ་ཨ་བྷཱ་ཡས་རང་ལོ་བཅུ་དྲུག་པར་གང་ཤར་བརྗོད་པ་ཛ་ཡནྟུ། །


previousམཚོ་སྐྱེས་བླ་མ་ལ་ཤིས་པར་བརྗོད་པའི་ཚུལ་གྱིས་བསྔགས་པ་དད་པའི་ཨུཏྤལ།next