Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
  expand section
  expand section
   
   
   


 
previousབདེ་བར་གཤེགས་པའི་མཆོད་རྟེན་རྣམ་པ་ཐམས་ཅད་དུ་རྫོགས་པ་བརྒྱད་ལ་བསྔགས་པ་ནོར་བུའི་དོ་ཤལ།next

བདེ་བར་གཤེགས་པའི་མཆོད་རྟེན་རྣམ་པ་ཐམས་ཅད་དུ་རྫོགས་པ་བརྒྱད་ལ་བསྔགས་པ་ནོར་བུའི་དོ་ཤལ།


JKT001_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བར་གཤེགས་པའི་མཆོད་རྟེན་རྣམ་པ་ཐམས་ཅད་དུ་རྫོགས་པ་བརྒྱད་ལ་བསྔགས་པ་ནོར་བུའི་དོ་ཤལ་ཅེས་བྱ་བ་བཞུགས་སོ། ༈ །པདྨ་སྤུངས་པ། ལྔ་བརྒྱའི་གཏེར་གྱིས་སྤུད་པའི་དགེ་མཚན་རྩེར། །པདྨ་གཞོན་ནུའི་ཟུར་ཕུད་གཡོ་བ་ཡིས། །ཞབས་མཐིལ་འཁོར་ལོའི་རེ་ཁཱར་བསྟི་སྟང་གི །གྲགས་པ་ལུམྦིའི་ཚལ་དུ་རྣམ་པར་སྤུངས། །བྱང་ཆེན། གང་དུ་གཤེགས་ན་བྱང་ཆུབ་ཤིང་གི་དྲུང་། །སྙིང་རྗེའི་ཀུན་ཕན་གཞོན་ནུས་དཀྲིས་པའི་ཟེར། །སྡེར་བཅས་བདུད་སྡེའི་མུན་པ་ཕམ་བྱས་ཏེ། །ས་ལམ་ཆ་ཤས་ཡོངས་སུ་རྫོགས་པར་མཚོན། །བཀྲ་ཤིས་སྒོ་མང་། དང་པོའི་ཆོས་འཁོར་བདེན་བཞིའི་དོ་ཤལ་གྱིས། །ལྔ་སྡེ་བཟང་པོའི་བསླབ་པ་དོན་ཡོད་དུ། །སྦྱར་བའི་ངོ་མཚར་རྣམ་ཐར་རྟེན་འགྱུར་གི། །སྒོ་འཕར་གསར་པའི་ཆོ་གས་དབྱེ་བ་བཞིན། །ཆོ་འཕྲུལ། ཇི་སྙེད་ས་ལམ་བང་རིམ་རྩེར་འཛེགས་པའི། །སྟོབས་བཅུའི་ཆོ་འཕྲུལ་རྡོ་རྗེ་གདེངས་པའི་མེས། །ཕས་རྒོལ་རི་བོའི་རྐང་པ་མྱུར་བཅོམ་ཚེ། །མཉན་ཡོད་ཚོགས་རྣམས་སྐྲག་དང་གུས་པས་བཏུད། །ལྷ་བབས། དྲིན་ལ་


JKT001_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

ལན་དུ་ལྡོན་པའི་མངོན་རྟོགས་ཀྱིས། །འཆི་མེད་གྲུབ་པའི་གྲོང་ཁྱེར་ལ་གཤེགས་ནས། །ཞི་བསིལ་བདུད་རྩིས་ཚིམ་བྱས་གསལ་ལྡན་བུ། །འབབ་སྟེགས་ཐེམ་སྐས་མཛེས་པས་བོས་པ་བཞིན། །དབྱེན་འདུམས། དགེ་འདུན་ཁྱུ་མཆོག་འདུས་པའི་རོལ་སྒེག་ནི། །ཀུན་མྱོས་གཉིས་འཐུང་དྲེགས་པས་དབྱེ་བའི་ཚེ། །དགྲ་བཅོམ་རྫུ་འཕྲུལ་ཆོ་གའི་ལྕགས་ཀྱུ་ཡིས། །དབང་ཕྱུག་རྣམ་པར་འདུམས་པའི་གྲགས་པ་འབར། །རྣམ་རྒྱལ། མེ་ཏོག་མདའ་ཅན་ཀུན་ཏུ་དགའ་བྱའི་ཕྱིར། །རྫུ་འཕྲུལ་རྐང་པའི་ཡོན་ཏན་སྦ་བྱས་ཀྱང་། །ཙནྡའི་གསོལ་འདེབས་ཐལ་མོའི་གདེངས་ཀ་རུ། །འཚོ་བའི་འདུ་བྱེད་བྱིན་རླབས་རྣམ་པར་རྒྱལ། །མྱང་འདས། གཟུགས་སྐུའི་གདུལ་བྱ་ཡོལ་བའི་འགྲོ་བ་ཀུན། །སྐྱོ་སླད་ཆོས་དབྱིངས་སྤྲོས་བྲལ་ལ་ཐིམ་ཚེ། །མཚན་དཔེའི་ཟློས་གར་རིང་བསྲེལ་ཟ་མ་ཏོག །རྩྭ་ཅན་འགྲོ་བའི་དཔྱིད་དུ་ལྷག་པར་བཞེངས། །ཞེས་དེ་བཞིན་གཤེགས་པའི་མཛད་པ་དང་མཐུན་པར་བཞེངས་པའི་མཆོད་རྟེན་བརྒྱད་ལ་བསྔགས་བརྗོད་ཀྱི་མེ་ཏོག་ཕྲ་མོ་འདིའང་གཞོན་ནུ་ཨ་བྷཱ་ཡས་འཐོར་བའོ།། །།


previousབདེ་བར་གཤེགས་པའི་མཆོད་རྟེན་རྣམ་པ་ཐམས་ཅད་དུ་རྫོགས་པ་བརྒྱད་ལ་བསྔགས་པ་ནོར་བུའི་དོ་ཤལ།next