Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
  expand section
  expand section
   
   
   


 
previousབླ་མ་འཇམ་པའི་དབྱངས་ལ་བྱ་དཀའ་བའི་རྒྱན་དང་ཡི་གེའི་མ་མོ་སྤེལ་བའི་བསྟོད་པ་རབ་བསྔགས་ནོར་བུའི་རྒྱུད་མང་།next

བླ་མ་འཇམ་པའི་དབྱངས་ལ་བྱ་དཀའ་བའི་རྒྱན་དང་ཡི་གེའི་མ་མོ་སྤེལ་བའི་བསྟོད་པ་རབ་བསྔགས་ནོར་བུའི་རྒྱུད་མང་།


JKT001_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་འཇམ་པའི་དབྱངས་ལ་བྱ་དཀའ་བའི་རྒྱན་དང་ཡི་གེའི་མ་མོ་སྤེལ་བའི་བསྟོད་པ་རབ་བསྔགས་ནོར་བུའི་རྒྱུད་མང་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་མཉྫགྷོ་ཥཱ་ཡ། ཀ་མ་ལ་དང་ཟླ་བ་རྒྱས་པ་དང་། །ཁུ་བ་ལྟར་དཀར་མཚན་བཟང་དཔལ་འབར་བ། །ག་ནས་བསམས་


JKT001_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་རྒྱལ་སྲས་གཞན་ལས་འཕགས། །ང་ཅག་སྐྱབས་གནས་འཇམ་དབྱངས་བླ་མར་བསྔགས། ༡ །ཅུ་ག་རབ་མཚར་ལྷར་བཅས་དྭང་བས་དད། །ཆ་ཤས་དབྱངས་ལས་ཟབ་རྒྱས་སྣང་མཛད་པས། །ཇ་ཆང་ལས་འདས་ཐར་ལམ་རབ་མངར་བ། །ཉི་ཟླ་ལྟར་གསལ་འཇམ་དབྱངས་བླ་མར་བསྔགས། ༢ །ཏ་ཐཱ་ག་ཏ་སྲས་བཅས་ཐམས་ཅད་དང་། །ཐ་དད་མ་འཚལ་གཞན་ཕན་མཛད་པ་ཅན། །ད་ལྟ་བདག་ཅག་རྣམས་ལ་ལྷག་པར་ཡང་། །ན་མར་སྨན་མཛད་འཇམ་དབྱངས་བླ་མར་བསྔགས། ༣ །པ་སངས་ལྟར་དཀར་དམ་བཅའ་རྩ་བ་བརྟན། །ཕ་མཐའ་མཁའ་ཁྱབ་ཐར་ལམ་ཡང་དག་བཞག །བ་ལང་དང་མཉམ་དམན་ལ་ཁྱད་པར་བཅས། །མ་ལྟར་བྱམས་མཛད་འཇམ་དབྱངས་བླ་མར་བསྔགས། ༤ །ཙ་ཀྲས་མཚན་པ་གང་ཞབས་དྲན་ཙམ་ནས། །ཚ་གྲང་དམྱལ་བར་གནས་ཀྱང་ལམ་བཟང་དྲངས། །ཛ་ཡ་ལ་སྡང་རྟག་ཆད་སྨྲ་བ་དག །ཝ་ལྟར་ཕམ་མཛད་འཇམ་དབྱངས་བླ་མར་བསྔགས། ༥ །ཞྭ་ལྟར་བླ་ན་འཕགས་པ་མན་ཆད་ནས། །ཟླ་ཐང་དམན་པར་ཆགས་པ་ཡན་ཆད་བཅས། །འ་ཅག་ཕ་དང་མ་ལྟར་བསྐྱབ་མཛད་པ། །ཡ་མཚན་བསམ་འདས་འཇམ་དབྱངས་བླ་མར་བསྔགས། ༦ །ར་བ་ཁ་བས་མཚན་པ་ཐམས་ཅད་ན། །ལ་ལ་མ་ལགས་དམ་པ་མཐའ་དག་ཀྱང་། །ཤུ་ཤ་དྷ་རས་ཁྱབ་ལྟར་མཁས་པ་དང་། །


JKT001_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

ས་ལམ་རྒྱས་མཛད་འཇམ་དབྱངས་བླ་མར་བསྔགས། ༧ །ཧུ་ལ་དང་མཉམ་སྤང་བྱ་ཆ་བཅས་བསལ། །འཕགས་པས་མཐར་མཛད་བླང་བྱ་མཐའ་ཡས་ལྡན། །ཨ་ར་པ་ཙ་གསང་སྔགས་དབྱངས་སྙན་པས། །མཁའ་ཁྱབ་སད་མཛད་འཇམ་དབྱངས་བླ་མར་བསྔགས། ༨ །སྲིད་ཞིའི་མིག་གཅིག་རིག་པའི་གཟི་བརྗིད་ཀྱིས། །ཕུལ་བྱུང་ནུས་མཐུས་བདུད་བཏུལ་སྐུ་གསུམ་གྲུབ། །མཁྱེན་བརྩེ་ཡེ་ཤེས་དཔེ་མེད་ཆེས་ཆེར་བརྙེས། །མགོན་ཁྱོད་བསྟོད་དོ་བློ་གྲོས་མཆོག་སྩོལ་མཛོད། །ཅེས་པའང་འཇམ་དབྱངས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་གསོལ་བ་བཏབ་པ་དགེ་ལེགས་སུ་གྱུར་ཅིག། ༈ །།འཕགས་མ་སྒྲོལ་མ་དཀར་མོ་ཡིད་བཞིན་འཁོར་ལོ་ལ་བྱ་དཀའ་བའི་རྒྱན་དང་ཡི་གེའི་མ་མོ་སྤེལ་བའི་བསྟོད་པ་རབ་བསྔགས་འཆི་མེད་གྲུབ་པའི་རྒྱུད་མང་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་ཨཱརྨ་ཏཱ་ར་ཡེ། ཀ་དམྤ་ཅན་རྣམ་པར་དག་པ་དང་། །ཁ་བ་པད་རྩ་ལྟར་དཀར་མཚན་བཟང་ལ། །ག་ཤལ་རཏྣ་ཀ་མ་ལས་བརྒྱན་པ། །ང་ཅག་སྨན་མཛད་ཨཱརྱ་ཏཱ་རཱར་བསྔགས། ༡ །ཅུ་ག་ལྷ་རྫས་རས་བཟང་ཤམ་ཐབས་འཆང་། །ཆ་བྱད་རབ་བཀྲ་རྣམ་མང་ཚར་དངར་བས། །ཇ་དར་ལས་ལྷག་ཡ་མཚན་མཐའ་ཡས་ལྡན། །ཉ་རྒྱས་ཟླ་སྣང་ཨཱརྱ་ཏཱ་རཱར་བསྔགས། ༢ །ཏ་ཐཱ་ག་ཏ་སྲས་བཅས་དགའ་མཛད་གང་། །ཐ་དད་ཁམས་དབང་བསམ་པ་དང་འཚམས་པར། །ད་ལྟ་དྲན་པས་བར་ཆད་མཐའ་དག་དང་། །ན་རྒ་བསལ་མཛད་


JKT001_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱརཱ་ཏཱ་རཱར་བསྔགས། ༣ །པ་ལ་ཤ་ལྟར་རབ་འཇམ་ཕྱག་གཡས་རྒྱས། །ཕ་མཐའ་བསམ་འདས་བདག་གཞན་རབ་བསྐྱངས་ནས། །བ་ལང་དང་མཉམ་ཉམ་ཐག་བསྐྱབ་མཛད་པ། །མ་མ་ཟླ་བྲལ་ཨཱརྨ་ཏཱ་རཱར་བསྔགས། ༤ །ཙ་ཀྲས་རབ་མཚན་པདྨ་དང་བཅས་ཕྱག །ཚ་བ་བསལ་སླད་དཔག་བསམ་ལྟར་རྒྱས་པས། །ཛ་ཡར་དད་རྣམས་རྒྱལ་དང་མ་བདུད་ན། །ཝ་ལྟར་མཐར་མཛད་ཨཱརྨ་ཏཱ་རཱར་བསྔགས། ༥ ། ཞྭ་ལྷམ་སྐད་དང་བསམ་པ་ཐ་དད་པ། །ཟ་ཐང་རབ་དང་ཉམ་ཐག་གང་ལ་ཡང་། །འ་ཅག་འབངས་ལྟར་གཞན་ཕན་མཉམ་པ་ཅན། །ཡ་མཚན་མཁའ་ཁྱབ་ཨཱརྱ་ཏཱ་རཱར་བསྔགས། ༦ །རྭ་ལྟར་རྟག་ཆད་ཐ་དད་མཐའ་ལས་འདས། །ལ་ལ་མ་ལགས་མཚན་མ་ཆ་བཅས་སྤངས། །ཤུ་སྟག་གཞན་ཕན་མཛད་པ་བསམ་ཡས་པས། །ས་ལ་འགྲན་བྲལ་ཨཱརྱ་ཏཱ་རཱར་བསྔགས། །ཧ་ཧཱར་བཞད་པ་བརྒྱད་ལྡན་གསང་སྔགས་དང་། །འཕགས་མ་གང་མཚན་རྣ་བར་གྲགས་པས་ཀྱང་། །ཨ་མཱ་ར་ཎ་སྐལ་བཟང་མཐའ་དག་ལ། །རྟག་པར་སྩལ་མཛད་ཨཱརཱ་ཏཱ་རཱར་བསྔགས། ༨ །སྲིད་པའི་འཇིགས་བཅིལ་ཞི་བའི་གཟི་བརྗིད་ཀྱིས། །ཀུན་ཏུ་ཕུལ་བྱུང་སྐུ་གསུམ་ཐུགས་སུ་གྲུབ། །ཡེ་ཤེས་ཆེ་བརྙེས་དགེ་ལེགས་གཏེར་ཆེན་དེས། །འཁོར་མཚོ་ཡོངས་སྒྲོལ་འདོད་དོན་མཆོག་སྩོལ་མཛོད། །ཅེས་པའང་འཇམ་དབྱངས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོའི་བློ་གྲོས་ཀྱི་སོར་མོས་བསྒྲེང་བའི་འཆི་མེད་གྲུབ་པའི་ཏམྦུ་ར་བློ་གསལ་རྣ་བའི་རྒྱན་དུ་བཀོད་པ་དགེ་ལེགས་སུ་གྱུར་ཅིག། །།


previousབླ་མ་འཇམ་པའི་དབྱངས་ལ་བྱ་དཀའ་བའི་རྒྱན་དང་ཡི་གེའི་མ་མོ་སྤེལ་བའི་བསྟོད་པ་རབ་བསྔགས་ནོར་བུའི་རྒྱུད་མང་།next