Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
  expand section
  expand section
   
   
   


 
previousའཕགས་མ་དབྱངས་ཅན་མ་ལ་བྱ་དཀའ་བའི་རྒྱན་དང་ཡི་གེའི་མ་མོ་སྤེལ་བའི་བསྟོད་པ་རབ་བསྔགས་བཻཌཱུཪྻའི་རྒྱུད་མང་།next

འཕགས་མ་དབྱངས་ཅན་མ་ལ་བྱ་དཀའ་བའི་རྒྱན་དང་ཡི་གེའི་མ་མོ་སྤེལ་བའི་བསྟོད་པ་རབ་བསྔགས་བཻཌཱུཪྻའི་རྒྱུད་མང་།


JKT001_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

༈ འཕགས་མ་དབྱངས་ཅན་མ་ལ་བྱ་དཀའ་བའི་རྒྱན་དང་ཡི་གེའི་མ་མོ་སྤེལ་བའི་བསྟོད་པ་རབ་བསྔགས་བཻཌཱུཪྻའི་རྒྱུད་མང་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་པ་ཏེ། ཀ་མ་ལ་ལྟར་གཞན་ཕན་སྤྱན་རས་ཡངས། །ཁུ་བ་ལྟར་དཀར་མཚན་བཟང་ཁྱད་པར་འཕགས། ག་ལབ་གང་དྲན་པས་ཐར་ལམ་སྣང་། །ང་བདག་ལས་འདས་དབྱངས་ཅན་འཕགས་མར་བསྔགས། ༡ །ཅུ་ག་ལྷ་རྫས་གསར་པ་བརྒྱ་ཕྲག་དང་། །ཆ་ཙམ་གཞལ་དཀའ་རཏས་རབ་སྤྲས་པས། །ཇི་ལྟར་དམན་དང་དམ་པ་དགའ་མཛད་ལྷ། །ཉ་རྒྱས་ཟླ་མདངས་དབྱངས་ཅན་འཕགས་མར་བསྔགས། ༢ །ཏ་ཐཱ་ག་ཏས་ངག་ལ་དབང་སྩལ་བས། །ཐ་དད་སྙན་དངགས་དལ་འབབས་སྒྲ་བརྙན་འཆང་། །ད་ལྟ་སྐལ་བཟང་ཁམས་དབང་དང་འཚམས་པར། །ན་མར་བསྒྲགས་མཛད་དབྱངས་ཅན་འཕགས་མར་བསྔགས། ༣ །པ་སངས་ཤར་ནས་ཆས་སྙམ་ཤལ་བཟང་གསལ། །ཕ་མཐའ་མཁར་དང་རབ་མཉམ་གསང་བ་ཟབ། །བ་གམ་དང་ལྡན་རྣམ་རྒྱལ་ཁང་བཟངས་ལྟར། །མ་མ་བརྟན་ལྡན་དབྱངས་ཅན་འཕགས་མར་བསྔགས། ༤ །ཙ་ཀྲས་བརྒྱན་པ་ཞབས་པད་ལྷར་བཅས་པར། །ཚ་བས་མནར་ལ་ཟླ་ལྟར་སྨན་མཛད་ཀྱང་། །ཛ་ལང་རྟག་ཆད་གཡང་སར་འཁྱམས་པ་རྣམས། །ཝ་ལས་དམན་བྱས་དབྱངས་ཅན་འཕགས་


JKT001_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

མར་བསྔགས། ༥ །ཞྭ་དང་རྒྱུན་ཙམ་ལ་ཆགས་ཨ་འཐས་ཅན། །ཟ་ཉལ་འཆག་ལས་ལམ་བཟང་མ་དྲན་པ། །འ་ཅག་རྣམས་ལ་ཐར་ལམ་སྣང་མཛད་པས། །ཡ་མཚན་འབྱམས་ཀླས་དབྱངས་ཅན་འཕགས་མར་བསྔགས། ༦ །རཱ་མ་ཎ་ལྟར་དམ་བཅའ་རབ་བརྟན་པས། །ལ་ལས་འབད་པས་མ་འཚལ་མཐར་ལམ་མཁར། །ཤུ་ཤ་དྷ་ར་ལྟར་གསལ་སྙན་གྲགས་གཏམ། །ས་དང་མཁའ་ཁྱབ་དབྱངས་ཅན་འཕགས་མར་བསྔགས། ༧ །ཧ་ཅང་དད་པས་བརླན་ལྡན་སྐལ་བཟང་དག །མཁའ་དང་གྲགས་དཀར་པདྨ་རྒྱས་པ་དང་། །ཨ་ལ་ལར་བཅས་འཕགས་པས་བསྔགས་མཛད་པ། །གཞན་ཕན་ཟླ་བྲལ་དབྱངས་ཅན་འཕགས་མར་བསྔགས། ༨ །རིག་པའི་གཟི་བརྗིད་སྲིད་འདིའི་སྙིང་གི་དཔྱིད། །ཕུལ་བྱུང་ཚུལ་འཁུམས་ཀུན་ཏུ་གུས་བཏུད་མཐུས། །མཁྱེན་བརྩེ་དཔེ་མེད་མེ་ཤེལ་ཟེར་ཕྲེང་ཆེས། །ཉོན་མོངས་ཚོགས་བཅོམ་བློ་མཆོག་འདོད་དོན་སྩོལ། ༩ །ཞེས་འཕགས་མ་སྭ་ར་སྭ་སྟི་ལ་དབྱངས་ངེས་པའི་བྱ་དཀའི་ཚུལ་དང་མཐུན་པར་ཅུང་ཟད་བསྔགས་པའི་ཚིགས་སུ་བཅད་པ་བཻཌཱུརྱའི་རྒྱུད་མང་འཇམ་དབྱངས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བློ་གྲོས་ཀྱི་སོར་མོའི་རྩེས་བསྒྲེངས་པ་སུ་ཤུ་བྷ་བྷཱུ་ཡཱ་ཏ།། །།


previousའཕགས་མ་དབྱངས་ཅན་མ་ལ་བྱ་དཀའ་བའི་རྒྱན་དང་ཡི་གེའི་མ་མོ་སྤེལ་བའི་བསྟོད་པ་རབ་བསྔགས་བཻཌཱུཪྻའི་རྒྱུད་མང་།next