Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
  expand section
  expand section
   
   
   


 
previousསྤྱན་རས་གཟིགས་དངོས་སྤྲུལ་པའི་རྒྱལ་པོ་སྲོང་བཙན་ཞབས་ཀྱི་རྣམ་ཐར་ལ་ཅུང་ཟད་བསྔགས་པའི་ཚིག་རྒྱན་མེ་ཏོག་གཞོན་ནུའི་མཆོད་སྤྲིན།next

སྤྱན་རས་གཟིགས་དངོས་སྤྲུལ་པའི་རྒྱལ་པོ་སྲོང་བཙན་ཞབས་ཀྱི་རྣམ་ཐར་ལ་ཅུང་ཟད་བསྔགས་པའི་ཚིག་རྒྱན་མེ་ཏོག་གཞོན་ནུའི་མཆོད་སྤྲིན།


JKT001_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

༈ སྤྱན་རས་གཟིགས་དངོས་སྤྲུལ་པའི་རྒྱལ་པོ་སྲོང་བཙན་ཞབས་ཀྱི་རྣམ་ཐར་ལ་ཅུང་ཟད་བསྔགས་པའི་ཚིག་རྒྱན་མེ་ཏོག་གཞོན་ནུའི་མཆོད་སྤྲིན་ཅེས་བྱ་བ་བཞུགས་སོ། །ཨོཾ་སྭསྟི་པྲ་ཛེ་རབ་སྤེལ་གྱི་ཤིས་བརྗོད། ཕྱག་ན་པདྨོ་གཟུགས་གཞན་བསྒྱུར་བ་བྱང་ཆུབ་སྤྱོད་པའི་དྲང་སྲོང་ཆེ། གཞན་ཕན་སྨོན་ལམ་བཙན་པོའི་མཐུས་བསྐུལ་གངས་རིའི་ལྗོངས་འདིར་སྣང་བའི་མོད། །ཟབ་ཅིང་བརྟག་དཀའི་མཁྱེན་རབ་སྒམ་པོས་ཤེས་བྱ་མཐའ་དག་གཟིགས་པ་དང་། །ཕན་བདེའི་སྣང་བས་ས་གསུམ་ཁྱབ་མཛད་གང་དེས་ཤིས་པའི་མེ་ཏོག་སྩོལ། ༡ །རིགས་ཀྱི་རང་བཞིན་བརྗོད་པ། ཐོག་མ་ཉིད་ནས་ཚད་མེད་སྙིང་རྗེ་དང་། །དད་


JKT001_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

དང་ངེས་འབྱུང་སྤོབས་པ་ཕུན་ཚོགས་ཤིང་། །དགེ་ཆོས་ཡོངས་སུ་སྡུད་ལ་མཁས་པ་གང་། རྒྱལ་བའི་སྲས་མཆོག་རྣམས་ཀྱི་བསྔགས་འོས་ཉིད། ༢ །བྱ་བའི་རང་བཞིན་བརྗོད་པ། ལྷག་པར་བྱང་ཆུབ་སེམས་དང་་མི་ཕྱེད་པའི། །སྙིང་སྟོབས་གཞར་ཡང་ཉམས་པ་མེད་པ་ཡིས། །མཐའ་ཀླས་སེམས་ཅན་དོན་རབ་བགྱིད་པ་ལ། །སྤྲོ་བས་སྲིད་པའི་གནས་སུ་བདེ་བར་ཞུགས། ༣ །ཡོན་ཏན་གྱི་རང་བཞིན་བརྗོད་པ། དེ་ལྟའི་ཡོན་ཏན་རྨད་བྱུང་གཏམ་གྱི་ཕུལ། །ཡང་ཡང་ཡིད་ལ་གོམས་པའི་ལེགས་བྱས་ཀྱིས། །མཆོག་ཏུ་གུས་པའི་བློ་མིག་གྲོལ་བ་དང་། བསྔགས་བརྗོད་ཚིག་གི་མཆོད་སྤྲིན་ཅུང་ཟད་སྟོབ། ༤ །རྫས་ཀྱི་རང་བཞིན་བརྗོད་པ། གྲུ་འཛིན་རི་ལ་དགྱེས་པའི་ཐུགས་རྗེའི་གཟུགས། །སྲིད་དང་ཞི་བའི་འབྱོར་པས་མངོན་མཐོ་བའི། །གངས་ཅན་བསོད་ནམས་ས་གཞིར་འཁྲུངས་པ་ན། །སྲོང་བཙན་སྒམ་པོར་གྲགས་པའི་ཡི་གེས་བརྗིད། ༥ །ཆོས་དཔེ། དེ་ཚེ་ལྷན་སྐྱེས་རིག་དང་བརྩེ་བ་སོགས། །དམ་པའི་ཡོན་ཏན་དུ་མའི་སྒེག་འཆང་བ། །ཟླ་ཤེལ་བདུད་རྩིའི་ཟེར་གྱིས་རབ་བྱེ་བའི། །སྟེང་འཐུང་དཀར་པོ་ལྟ་བུར་ལྷག་པར་མཛེས། ༦ །དངོས་པོའི་དཔེ། རྒྱལ་ཐབས་ཡན་ལག་བདུན་གྱིས་འབྱོར་པའི་ཕུལ། །ཤར་རིའི་རྩེ་མོར་འཛེགས་པའི་ཉི་གཞོན་དང་། །དེ་ལས་བྱུང་བའི་སྡེ་བཞིའི་ཕུན་ཚོགས་ཀྱང་། །སྣང་བའི་ངོ་མཚར་


JKT001_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

འབུམ་དུ་འགྱེད་པས་མཚོན། ༧ །བཟློག་པའི་དཔེ། ཁྱད་པར་ཁ་བ་ཅན་གྱི་སྨན་ལྗོངས་འདིར། །དགེ་བཅུའི་ཁྲིམས་ཀྱི་དུས་སྟོན་དར་བབས་བཞིན། །དཔྱིད་དཔལ་ཡོངས་སུ་རྒྱས་པའི་བརླན་དྲོད་ཀྱིས། །པུཎྜ་རཱི་ཀའི་ནགས་ཀླུང་ཅིར་ཡང་གཡོ། ༨ །ཕན་ཚུན་དཔེ། ཚད་མེད་སྙིང་རྗེས་གཞན་ལ་སྨན་མཛད་གང་། །པད་དཀར་འཆང་བའི་དབང་པོ་དང་མཚུངས་ཏེ། །མིག་མི་འཛུམ་པའི་བྱང་ཆུབ་སྤྱོད་མཆོག་གི །དམ་བཅའ་དེ་ཡང་ཁྱོད་ཀྱི་རྗེས་སུ་འགྲོ། ༩ །ངེས་པའི་དཔེ། གཟུ་བོར་གནས་དང་ཤིན་ཏུ་ཟབ་པའི་བློ། །མཐའ་ཡས་འཆི་བ་མེད་པའི་རྫིང་རིང་ལས། །དཔེར་འོས་གཉིས་པ་སྲིད་འདིར་མ་དམིགས་ཕྱིར། །མཚན་གྱི་སྙན་པ་སྲིད་ཞིའི་བླ་ན་མཛེས། ༡༠ །ངེས་མེད་དཔེ། རེ་ཞིག་གཙུག་ལག་གཞུང་བརྒྱར་གཟིགས་པ་ཡི། །རྣམ་དཔྱོད་རྡོ་རྗེ་རྣོན་པོའི་ཡེ་ཤེས་དང་། །མཚུངས་མོད་གཞན་དུ་དེ་ལྟར་སྲིད་ན་ཡང་། །ཁྱོད་ཀྱི་དྲི་མེད་མཁྱེན་པའི་སྤུན་ཟླར་འོས། ༡༡ །བསྡུས་པའི་དཔེ། རྣམ་མང་འབྱོར་པས་མཐོ་བ་ཁོ་ན་ཡིས། །འཁོར་ལོས་སྒྱུར་བའི་རྗེས་སུ་བསྔགས་མིན་ཏེ། །ཕན་མཛད་དམ་ཆོས་སྣང་བས་རྫོགས་ལྡན་གྱི། །དགེ་མཚན་གསར་དུ་ངོམས་པ་འདིས་ཀྱང་ངོ་། ༡༢ །ཕུལ་བྱུང་དཔེ། སྙིང་རྗེའི་དབང་ཕྱུག་གྲུ་འཛིན་དགའ་ཚལ་དང་། །མགོན་ཁྱོད་ཁ་བའི་རྡུལ་མང་བརྩེགས་པའི་ཁྲོད། །མཚན་དཔེའི་འཛུམ་ཞལ་ངོམས་པའི་བྱེ་


JKT001_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

བྲག་ལས། །སྤངས་རྟོགས་ཕྲིན་ལས་ཁྱད་པར་དམིགས་སུ་མེད། ༡༣ །རབ་བརྟག་དཔེ། འདི་ཡི་གཏོང་ལ་གོམས་པའི་འདོད་དགུའི་མཛོད། །ང་ལ་ཡོད་ཅེས་ཡོངས་འདུའི་དབང་པོ་གང་། །སྙེམས་པར་མི་འཚལ་ཡིད་བཞིན་དཔལ་སྦྱིན་པའི། །ཁྱད་པར་ཆེ་ལྡན་ནོར་གྱི་བུ་ཡང་མཐོང་། ༡༤ །རྨད་བྱུང་དཔེ། འབིགས་བྱེད་རླུང་གི་རྒྱུ་བ་དལ་འབབས་པའི། །འཁོར་བའི་ཚ་གདུང་ལྟུག་པོ་འཇིལ་ནུས་ན། །གང་གི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི། །ཕུང་པོ་ཡོངས་སུ་དག་པའི་དཔེ་ཟླར་འོས། ༡༥ །རྨོངས་པའི་དཔེ། གཞར་ཡང་འཁྲུགས་པ་མེད་པའི་བློ་གྲོས་ནི། །ཀུན་ལ་སྙོམས་པས་འཛིན་མར་རྣམ་བརྟགས་བློས། །བཟོད་པའི་གོ་ཆ་བརྟན་པོ་དེ་དྲན་པས། །ལྷན་པོའི་རྣ་རྒྱན་ཅན་གྱིའང་རྗེས་སུ་བསྙེགས། ༡༦ །ཐེ་ཚོམ་དཔེ། ཅི་འདི་ཀུན་གསལ་ཡངས་པའི་འགྲམ་ངོགས་སུ། །དལ་མེད་རྒྱུ་བའི་ཉིན་མོར་བྱེད་པའམ། །གཅིག་ཏུ་གཞན་ལ་སྨན་པ་འབའ་ཞིག་སླད། །བརྩོན་པས་བགྲོད་པའི་བྱང་ཆུབ་སེམས་དཔའ་གང་། ༡༧ །གཏན་ཕེབས་དཔེ། འོན་ཀྱང་སྲིད་པའི་མུན་པ་བསྙིལ་མཁས་པའི། །གཟུངས་དྲན་ཏིང་འཛིན་རྒྱ་མཚོའི་དཔལ་ལྡན་ཕྱིར། །འཆར་དང་ནུབ་པའི་གཞན་དབང་ལ་འཆེལ་བའི། །པདྨའི་རྩ་ལག་ཉིད་དུ་ཅི་ཕྱིར་རྟོག ༡༨ །སྦྱར་བའི་དཔེ། ཐོས་ན་རབ་དགའ་མྱོང་བས་སིམ་སྟེར་ཞིང་། །བསྟེན་པས་འཆི་མེད་གོ་འཕང་ལ་སྦྱོར་


JKT001_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

བའི། །ཤེས་རབ་གསུམ་གྱི་མཛེས་པ་ཅུང་ངོམས་པས། །ལེགས་བྲིས་བདུད་རྩིའི་སྐལ་བཟང་འཕྲོག་པར་བྱེད། ༡༩ །མཉམ་ཉིད་དཔེ། ཁྱད་པར་ཐབས་ལ་མཁས་པའི་འཇུག་པ་ནི། །ལང་ཚོ་མ་བཞིན་ཀུན་གྱི་ཡིད་འོང་ཡང་། །འགྲོ་འདིའི་སྲེད་པ་འཕེལ་བར་བྱེད་མ་ལགས། །དེ་སླད་རྣམ་གྲོལ་ལམ་གྱི་གཤེད་མ་ཡིན། ༢༠ །སྨད་དཔེ། ཁྱབ་འཇུག་གཡོ་སྒྱུའི་སྒྱུ་ཐབས་དང་འགྲོགས་ཤིང་། །བདེ་འབྱུང་ཆགས་པའི་སྐྱོན་གྱིས་བཏང་མིན་ཕྱིར། །དེ་དག་དང་ནི་མགོན་པོ་ཁྱོད་ཀྱི་སྟོབས། །མཚུངས་པ་ལས་ཀྱང་ཁྱད་པར་དུ་མས་འཕགས། ༢༡ །བསྔགས་དཔེ། དཔག་བསམ་རྐང་འཐུང་དབུལ་བའི་གདུང་འཕྲོག་ཅིང་། །ཙིནྟ་མ་ཎིས་འདོད་དགུའི་ཆར་འབེབས་པའི། །ཕུན་ཚོགས་འཇིག་རྟེན་དགེ་བའི་ངོ་མཚར་དང་། །གང་གི་སྨོན་ལམ་ཡོངས་སུ་རྫོགས་པར་མཐུན། ༢༢ །བརྗོད་འདོད་དཔེ། ཡོན་ཏན་ལྡན་རུང་། །མཐའ་བྲལ་རིན་ཆེན་འབྱུང་བའི་རོལ་མཚོ་དང་། །ཟབ་ཅིང་རྒྱ་ཆེའི་རང་བཞིན་ཡེ་ཤེས་ཐུགས། །མཚུངས་ཞེས་བརྗོད་འདོད་སྙིང་ལ་རི་མོར་བྲིས། ༢༣ །འགལ་བའི་དཔེ། ཡིད་འཕྲོག་ཛམྦུ་ནཱ་དའི་ལྷུན་པོའི་དཔལ། །སྤྲིན་བྲལ་ཉི་གཞོན་འཆར་ཀའི་སྣང་བའི་གཟི། །བསོད་ནམས་བརྒྱ་ལས་གྲུབ་པའི་མཚན་དཔེ་རྣམས། །ཕན་ཚུན་རྣམ་པ་འགལ་བ་ཉིད་དུ་དྲན། ༢༤ །དགག་པའི་དཔེ། ཞི་བསིལ་ཐར་པ་དམ་པའི་སྙིང་


JKT001_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

པོ་དང་། ཡན་ལག་དྲུག་ཅུའི་ཉམས་འགྱུར་རྫོགས་མིན་ཕྱིར། །དྲི་ཟའི་རྒྱུད་མང་སྟོང་གིས་ཁྱོད་གསུང་ལ། །ནམ་ཡང་འགྲན་པའི་གོ་སྐབས་བསྐྲུན་མི་ནུས། ༢ །མཛེས་པའི་དཔེ། འཕགས་མཆོག་སྤྱན་སྟོང་འཇོ་སྒེག་རབ་གཡོ་ཞིང་། །གང་ཁྱོད་འདྲེན་བྱེད་ཟུང་ཞིག་མངའ་བས་ཀྱང་། །མཁའ་ཁྱབ་ཡིད་ཅན་རྒྱ་མཚོར་དུས་རྟག་ཏུ། །བརྩེ་བས་གཟིགས་པའི་ཚུལ་ལ་མཉམ་པ་ཉིད། ༢༦ །དེ་ཉིད་བརྗོད་དཔེ། འདི་ནི་སྤྲུལ་པའི་ཞིང་མཆོག་པོ་ཏཱ་ལ། །མ་ཡིན་གངས་ཅན་ཡུལ་དབུས་དམར་པོ་རི། །ལུགས་གཉིས་ཕྲིན་ལས་སྐྱོང་མཁས་བློན་འབངས་ཚོགས། །ལྷ་དང་དྲང་སྲོང་གྲུབ་པའི་འདུ་བའང་མིན། ༢༧ །ཐུན་མིན་དཔེ། སྲིད་ན་ཚངས་སོགས་ཆེ་དགུའི་ཚོགས་རྣམས་ཀྱིས། །ལེགས་མཛད་བསོད་ནམས་དཔལ་ལ་བསྐྲུན་མིན་ཕྱིར། །གང་གི་དཔེ་ཟླར་འོས་པ་རང་ཉིད་ལས། །འཕགས་རྣམས་ཡེ་ཤེས་འཇུག་པས་བཙལ་ཡང་དབེན། ༢༨ །བྱུང་མིན་དཔེ། སྲིད་དང་ཞི་བའི་ངོ་མཚར་ཇི་སྙེད་ཀུན། །བྱེད་པོས་གཅིག་ཏུ་སྤུངས་པའི་རྗེས་འགྲོ་བ། །རྟེན་དང་བརྟེན་པར་བཅས་པའི་གཙུག་ལག་ཁང་། །རྣམ་མང་གངས་ཅན་འགྲོ་བའི་དཔྱིད་དུ་བསྐྲུན། ༢༩ །སྲིད་མིན་དཔེ། དེ་མཐུས་ཙནྡན་ཆུ་ཡིས་གདུང་བ་དང་། །ཟླ་ཤེལ་ཟེར་གྱིས་བསྐྱེད་པའི་མུན་པ་བཞིན། །ཁྱོད་ཞབས་བཀྲ་ཤིས་རྡུལ་གྱིས་བཏབ་པའི་གཞིར། །སྡེ་བཞིའི་རྒུད་པ་འབྱུང་


JKT001_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཅང་སྲིད་དམ། ༣༠ །མང་བའི་དཔེ། ལྷག་པར་ཁ་བ་དུང་དང་ཀུནྡ་ལྟར། །རབ་དཀར་སྣང་བ་རྫོགས་པའི་མཚར་སྡུག་ཅན། །རྒྱལ་བསྟན་རིན་ཆེན་ཐོག་མར་འདྲེན་མཛད་པའི། །བཀའ་དྲིན་བསམ་ཀྱིན་གཅིག་ཏུ་གུས་པས་འཕེལ། ༣༡ །རྣམ་འགྱུར་དཔེ། གང་ཕྱིར་མཐའ་གཉིས་དབུ་མར་བསྙིལ་བ་ཡི། །མཁྱེན་རབ་འཇམ་དཔལ་གཞོན་ནུའི་ཡེ་ཤེས་དང་། །བརྩེ་ཆེན་འཇིག་རྟེན་མགོན་པོའི་ཐུགས་རྗེ་ལས། ། ཉེ་བར་འཕོས་པ་བཞིན་དུ་རྨད་བྱུང་བས། ༣༢ །ཕྲེང་བའི་དཔེ། ཇི་ལྟར་རྒྱ་མཚོའི་རླབས་ཀྱིས་ནོར་བུ་དང་། །དེ་ཡི་དོན་མཐུན་ཚོགས་རྣམས་དེས་ཀྱང་ནི། །ཁོར་ཡུག་འབྱོར་པའི་ངལ་འཚོ་ལ་སྦྱར་བཞིན། །གང་ཁྱོད་སྣང་བས་ས་གསུམ་ཀུན་དགར་བྱས། ༣༣ །ངག་དོན་བཞིན་སྒྲ་གཅིག་པ། དཔལ་དང་ཡོན་ཏན་བྱེ་བས་བརྒྱན་པ་ཡི། །གྲགས་དཀར་གླིང་བཞིའི་ཕ་མཐར་བཀོད་པའི་ཚུལ། །བདུད་རྩིའི་ཟེར་བརྒྱས་རབ་གཏམས་རི་བོང་ཅན། །ཆ་ཤས་མཐའ་དག་གང་བས་མཚོན་བཞིན་མཛེས། ༣༤ །བཞིན་སྒྲ་དུ་མ་ཅན། སཱ་ལའི་ཤིང་ཆེན་ཇི་བཞིན་འཕགས་ཁྱོད་ཀྱི། །ཕྲིན་ལས་ཡལ་ག་ཇི་བཞིན་རྒྱས་པ་ན། །བུང་བ་གཞོན་ནུའི་ཚོགས་བཞིན་བོད་འབངས་རྣམས། །ཡང་ཡང་དབུགས་འབྱིན་ཐོབ་པའི་སྐལ་བཟང་བསྟེན། ༣༥ །ཟླ་བོ་དངོས་པོའི་དཔེ། ལྗོངས་འདིར་ས་གཞི་སྐྱོང་བ་མང་བྱུང་ཡང་། །ཕན་མཛད་ཁྱོད་དང་མཚུངས་


JKT001_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡོད་མིན་ཏེ། །མཁའ་ལ་རྒྱུ་བའི་སྣང་བྱེད་གྲངས་མང་ཡང་། །གདུང་སེལ་ཟླ་བ་ཉིད་ལས་གཉིས་པ་མེད། ༣༦ །མཚུངས་སྦྱོར་དཔེ། ཁ་སྦྱོར་བདུན་ལྡན་འོག་མིན་ཞིང་མཆོག་དང་། །ཁྱོད་ཀྱིས་། །བསིལ་ལྡན་ཡུལ་དབུས་ཆོས་འཁོར་བསྐོར། །དེས་ནི་ས་བཅུ་རྒྱུན་མཐའི་ཚོགས་རྣམས་དང་། །ཁྱོད་ཀྱིས་དབང་རྣོན་གདུལ་བྱ་སྨིན་གྲོལ་མཛད། ༣༧ །རྒྱུ་ཡི་དཔེ། མདོར་ན་སྲིད་པའི་འབྱོར་པས་མངོན་མཐོ་། ཕྱིར། །འཁོར་ལོས་སྒྱུར་བའི་མཛེས་པ་འཕྲོག་བགྱིད་ཅིང་། །ཞི་བསིལ་ཕན་བདེའི་སྣང་བ་རབ་སྟེར་བས། །ཐམས་ཅད་མཁྱེན་པའི་རྗེས་སུ་རྐང་པ་འཇོག ༣༨ །གཟུགས་ཅན་གྱི་ཤིས་བརྗོད། དེ་སླད་འཕགས་དང་མཁས་པའི་ཚོགས་ཀྱིས་བསྔགས་བརྗོད་ཚིག་གི་ཆུ་ཀླུང་འབུམ། །འཐུང་བཟོད་རྣམ་ཐར་བདུད་རྩིའི་ཆུ་གཏེར་ཅུང་ཟད་མཆོད་པའི་ལེགས་བྱས་ཀྱི། །དགེ་མཚན་དམ་པས་ཀུན་ཏུ་མཛེས་ལས་བདག་གཞན་ཡིད་ཅན་རྒྱ་མཚོའི་ཚོགས། །དོན་གཉིས་པདྨོ་མཆོག་ཏུ་རྒྱས་པའི་བཀྲ་ཤིས་སྣང་བ་འབར་གྱུར་ཅིག ༣༩ །ཅེས་ཕྱག་ན་པདྨོ་སྲོང་བཙན་ཞབས་ཀྱི་རྣམ་ཐར་ལ་ཅུང་ཟད་བསྔགས་པའི་ཚིགས་སུ་བཅད་པ་འདིའང་། རྒྱལ་ཁམས་ཉུལ་བའི་ད་རི་དྭ་གཙུག་ལག་སྨྲ་བའི་ཉི་མས་རང་ལོ་ཉེར་གཅིག་པ་ཀུན་ལྡན་ལོའི་ས་ཟླ་༤པ་ཕྱི་མའི་དཀར་ཕྱོགས་ཀྱི་རྒྱལ་བ་གཉིས་པར་ལྷ་གདན་སྤྲུལ་པའི་གཙུག་ལག་ཁང་ཆེན་པོའི་ཉེ་འདབས་སུ་བྲིས་ཏེ་རང་བྱོན་ལྔ་ལྡན་གྱི་ཐུགས་རྗེ་ཆེན་པོའི་འདུན་སར་མངོན་པར་ཤེས་བཞིན་དུ་གསོལ་བ་བཏབ་པ་སརྦ་དཱ་ཀ་ལཾ་བྷ་བ་ཏུ། །


previousསྤྱན་རས་གཟིགས་དངོས་སྤྲུལ་པའི་རྒྱལ་པོ་སྲོང་བཙན་ཞབས་ཀྱི་རྣམ་ཐར་ལ་ཅུང་ཟད་བསྔགས་པའི་ཚིག་རྒྱན་མེ་ཏོག་གཞོན་ནུའི་མཆོད་སྤྲིན།next