Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
  expand section
  expand section
   
   
   


 
previousམ་ཧཱ་པཎྜི་ཏ་ཤཱཀྱ་ཤྲཱི་ལ་བསྔགས་པ་དད་པའི་ཨུཏྤལ།next

མ་ཧཱ་པཎྜི་ཏ་ཤཱཀྱ་ཤྲཱི་ལ་བསྔགས་པ་དད་པའི་ཨུཏྤལ།


JKT001_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

༈ མ་ཧཱ་པཎྜི་ཏ་ཤཱཀྱ་ཤྲཱི་ལ་བསྔགས་པ་དད་པའི་ཨུཏྤལ་ཞེས་བྱ་བ་བཞུགས་སོ། །ན་མཤཱཀྱ་ཤྲཱི་བྷ་དྲ་བཱ་དཱ་ཡ། རྒྱལ་ཀུན་སྙིང་རྗེ་ཆེན་པོའི་དཔྱིད་ཀ་ཡིས། །རབ་དྲངས་མཚན་དཔེའི་མེ་ཏོག་དགོད་པའི་མོད། །བསྔགས་འོས་ཡོན་ཏན་བདུད་རྩིའི་དོག་པ་ཡིས། །ལྷར་བཅས་འཇིག་རྟེན་གསུམ་གྱི་ཉེར་འཚོར་གྱུར། ༡ །དེ་ཚེ་ཤེས་བྱ་རྒྱ་མཚོར་གཟིགས་པའི་སྤྱན། །འཇམ་དཔལ་གཞོན་ནུའི་བློ་ཡི་རྗེས་འགྲོ་བས། །ཐམས་ཅད་མཁྱེན་པའི་རྒྱལ་སར་འཛེགས་མཁས་པས། །ཕྱོགས་ལས་རྣམ་རྒྱལ་མ་ཧཱ་པཎྜི་ཏ། ༢ །གང་གི་བསླབ་གཞིའི་ས་ཧཱ་ཀ་རའི་ཚལ། །བག་མེད་འགོག་པའི་མཚར་སྡུག་རབ་འབར་བས། །གནས་བརྟན་ཤཱཀྱ་ཤྲཱི་བྷ་དྲ་ཞེས། །གྲགས་པའི་ཡི་གེ་སྲིད་ཞིའི་བླ་ན་མཛེས། ༣ །ཐུབ་པའི་རིང་ལུགས་མཐའ་དག་འཛིན་བཟོད་པའི། །ཕྱོགས་བྲལ་མཁས་མང་


JKT001_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

གཙུག་ན་ངལ་འཚོ་བའི། །བཀྲ་ཤིས་དཔལ་གྱི་འབྱོར་པ་བཟང་པོ་ཡིས། །ས་འདིར་ཆོས་ཀྱི་རྫོགས་ལྡན་གསར་དུ་ཤར། ༤ །ལག་ན་པདྨོའི་ཞལ་གྱི་ཆུ་སྐྱེས་ལས། །འཁྲུངས་པའི་མྱུར་མ་དཔའ་མོས་ཉིན་རེ་བཞིན། །ཟབ་རྒྱས་གསུང་གིས་དབུགས་དབྱུང་མཛད་པས་མཚོན། །ངོ་མཚར་རྟོགས་བརྗོད་ཚངས་པའི་བློ་ལས་འདས། ༥ །ཁྱད་པར་བསིལ་ལྗོངས་འགྲོ་བའི་བསོད་ནམས་མཁར། །ཞབས་སེན་ཉིན་མོར་བྱེད་པ་འཆར་བའི་མོད། །ཆོས་འདུལ་རྒྱ་མཚོ་འཆད་དང་སྒྲུབ་པ་ཡི། །པུཎྜ་རཱི་ཀའི་དགའ་ཚལ་མཆོག་ཏུ་དར། ༦ །རྣམ་དག་ལྟ་དང་སྤྱོད་ལ་འཁྲུལ་མེད་ཅིང་། །རིག་པའི་དོ་ཤལ་བྱེ་བས་རབ་བརྒྱན་པའི། །ཐེག་མཆོག་བཤེས་གཉེན་འབུམ་ཕྲག་འདུ་བ་ཡིས། །རྩོད་པའི་དུས་ཀྱི་འགྱུར་བ་མིང་མཐར་བྱས། ༧ །དེ་སླད་བསམ་གྱིས་མི་ཁྱབ་ཡོན་ཏན་དཔྱིད། །ཅུང་ཟད་ཡིད་ལ་དྲན་པའི་དེ་མ་ཐག་།བསྔགས་བརྗོད་དད་པའི་ཨུཏྤལ་ཁ་ཕྱེ་བས། །འགྲོ་ཀུན་ཐམས་ཅད་གཟིགས་པ་ཉིད་གྱུར་ཅིག ༨ །ཅེས་པའང་སྣེའུ་གདོང་ཀུན་བཟང་ཚོགས་པའི་ནང་རྟེན་པཎ་ཆེན་དེ་ཉིད་ཀྱི་རྫ་སྐུ་བྱིན་རླབས་ཀྱི་གཟི་འོད་འབར་བ་དང་། ཐུགས་དམ་རྟེན་སྒྲོལ་མའི་བྲིས་སྐུ་སོགས་མཇལ་བའི་ཚེ་བཅོས་མིན་གྱི་དད་པ་བརྟན་པོས་མཚམས་སྦྱར་ཏེ། རྗེས་དེ་མ་ཐག་པར་གང་ཤར་གསོལ་བ་འདེབས་པ་པོ་ནི་རྒྱལ་ཁམས་ཉུལ་བའི་ད་རི་དྭ་གཙུག་ལག་སྨྲ་བའི་ཉི་མ་གསར་པའོ། །ཤུ་བྷཾ།


previousམ་ཧཱ་པཎྜི་ཏ་ཤཱཀྱ་ཤྲཱི་ལ་བསྔགས་པ་དད་པའི་ཨུཏྤལ།next