Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
  expand section
  expand section
   
   
   


 
previousརིག་པར་སྨྲ་བ་རྣམས་ཀྱི་གཙུག་གི་ནོར་བུ་རྔོག་ལོ་ཙཱ་བ་ཆེན་པོ་བློ་ལྡན་ཤེས་རབ་ལ་བསྔགས་པ་མོས་གུས་ཀྱི་རོལ་མོ།next

རིག་པར་སྨྲ་བ་རྣམས་ཀྱི་གཙུག་གི་ནོར་བུ་རྔོག་ལོ་ཙཱ་བ་ཆེན་པོ་བློ་ལྡན་ཤེས་རབ་ལ་བསྔགས་པ་མོས་གུས་ཀྱི་རོལ་མོ།


JKT001_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

རིག་པར་སྨྲ་བ་རྣམས་ཀྱི་གཙུག་གི་ནོར་བུ་རྔོག་ལོ་ཙཱ་བ་ཆེན་པོ་བློ་ལྡན་ཤེས་རབ་ལ་བསྔགས་པ་མོས་གུས་ཀྱི་རོལ་མོ་ཞེས་བྱ་བ་བཞུགས་སོ། །ན་མསརྦ་ཛྷ་དྷི་མཱི་པྲ་ཛྙཱ་པཱ་དཱ་ཡ། གཟོད་ནས་རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་ལ། །མངོན་སུམ་གཤེགས་ཀྱང་བློ་ལྡན་བྱེ་བའི་ངལ་འཚོའི་སླད། །ཤེས་རབ་གསུམ་གྱི་མཚར་སྡུག་རྫོགས་པའི་ལང་ཚོ་ཅན། །གྲུབ་པའི་རིགས་ཀྱི་ཐིག་ལེར་མཛེས་གང་རྒྱལ་གྱུར་ཅིག ༡ །ཨེ་མ་སྐྱེས་ཐོབ་མཁྱེན་པའི་ས་བོན་ནི། །བཤེས་གཉེན་དམ་པའི་གསུང་གིས་བསྐྱེད་བསྲིངས་པས། །སྡེ་སྣོད་རྒྱ་མཚོར་མཁྱེན་རབ་རྒྱས་པ་དང་། །ལྷན་ཅིག་གྲགས་སྙན་ཨུཏྤལ་འཛུམ་རླབས་དགོད། ༢ །དངོས་ཀུན་རྡུལ་ལ་ཟ་བའི་འཇུག་པ་ནི། །ཚད་མའི་ཆུ་གཙང་ཁོ་ནའི་ཁྱད་ཆོས་ཏེ། །དེ་ཡང་རྟོག་གེའི་ཚིག་དོན་འཁྲུལ་མེད་པ། །བརྒྱད་གཉིས་ཁ་བས་རེག་པའི་འཇུག་ངོགས་བསྟེན། ༣ །ངེས་འབྱུང་ཚུལ་ཁྲིམས་ཁོ་ནའི་དབང་བྱས་ཏེ། །ཡང་དག་བླངས་དང་མི་ཉམས་བསྲུང་བ་དང་། །ཕྱིར་ཤིང་འཆོས་པའི་བཅུ་བདུན་གཞི་ཡི་དོན། །འཆད་དང་བསླབ་ལ་སྲིད་ན་མཚུངས་པ་མེད། ༤ །ཇི་སྙེད་ཤེས་བྱའི་ཉམས་འགྱུར་མཐའ་ཀླས་པ། །ཟག་བཅས་ཟག་མེད་གཉིས་སུ་གཏན་ཕབ་ནས། །བླང་དོར་ལམ་གྱིས་འགོག་པའི་འབྲས་སྟེར་བ། །ཆོས་མངོན་རྒྱ་མཚོ་སྨྲ་ལ་དབྱིག་གཉེན་དངོས། ༥ །ཐེག་མཆོག་སྡེ་སྣོད་བྱེ་བའི་ངོ་མཚར་གཏམ། །རྒྱ་ཆེན་སྤྱོད་པའི་རིང་ལུགས་ཟླ་མེད་པ། །ཚུལ་བཞིན་འཆད་


JKT001_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རྒྱལ་སྲས་མ་ཕམ་མགོན། །གངས་ཅན་རི་བོའི་སུལ་དུ་རྒྱུ་བ་བཞིན། ༦ །ཟབ་དོན་ནོར་བུའི་ཆུ་གཏེར་བསྲུབས་པའི་ཕུལ། །ཆོས་ཀུན་དབུ་མར་ལྟ་བའི་བདུད་རྩི་ཡིས། །སྐལ་བཟང་ཡིད་ཀྱི་པདྨོ་རྒྱས་མཛད་ཕྱིར། །ཀླུ་སྒྲུབ་ཞབས་དང་གཉིས་སུ་དབྱེ་བ་བྲལ། ༧ །མདོར་ན་ཕྱི་ནང་རིག་པའི་གཞུང་ལུགས་ཀུན། །ཇི་བཞིན་གཟིགས་ལ་འཇམ་དཔལ་གཞོན་ནུ་དང་། །བརྩེ་བས་སྲིད་ན་སྨན་མཛད་སྙིང་རྗེའི་གཏེར། །ངུར་སྨྲིག་གར་གྱིས་རོལ་པའི་སྒྱུ་འཕྲུལ་འཆང་། ༨ །དེ་སླད་གངས་ཀྱི་རི་བོའི་སྨན་ལྗོངས་འདིར། །ཡོངས་རྫོགས་བསྟན་པའི་མངའ་བདག་ཐམས་ཅད་ཀྱི། །གཙུག་ཏོར་རྩེ་མོར་ཞབས་སེན་ཨུཏྤ་ལ། །བཏབ་པའི་ངོ་མཚར་དཔལ་གྱི་སྤྲིང་ཡིག་འགོད། ༩ །ཁྱད་པར་གྲུབ་དབང་ཌོམྦྷི་ཧེ་རུ་ཀས། །རྡོ་རྗེའི་ཞིང་དུ་མངོན་སུམ་འཁྲིད་མཛད་ཀྱང་། །ཐུགས་རྗེས་བོད་ཡུལ་མུན་གླིང་བཏང་མིན་པའི། །གཏམ་ཙམ་གྱིས་ཀྱང་མི་ཕྱེད་གུས་པ་འཕེལ། ༡༠ །གང་ཡང་གཞུང་མང་འཆད་ཅིང་རྩོད་པ་དང་། །ཟབ་མོའི་དོན་ལ་རྣམ་དཔྱོད་འཁྲུལ་མེད་པ། །བྱོན་དང་འབྱོན་འགྱུར་ཇི་སྙེད་མཆིས་ཀུན་ཀྱང་། །མགོན་པོ་ཁྱོད་ཀྱི་བྱིན་རླབས་མཐུ་ཁོ་ན། ༡༡ །ཐུགས་ནི་ཞི་བའི་ནགས་སུ་ཉེར་གཟིམས་ཀྱང་། །རྣམ་པ་སྲིད་ན་སྲིད་པ་བཞིན་འཇུག་པས། །མཐའ་ཀླས་ཡིད་ཅན་རྒྱ་མཚོ་དབུགས་འབྱིན་པ། །ཨེ་མ་གང་ཚུལ་སུ་ཡིས་


JKT001_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

མཚོན་བར་ནུས། ༡༢ །འོན་ཀྱང་དད་པའི་གཞན་དབང་ཁོ་ནས་གྲུབ་པའི་སྨན་ལྗོངས་འདིར་བགྲོད་ནས། །ཞབས་སེན་བཀྲ་ཤིས་རེ་ཁཱས་བཏབ་པའི་ཆོས་ཀྱི་མདུན་སར་ཕྱག་བྱས་ཏེ། །མོས་གུས་སོར་མོས་ཅུང་ཟད་བསྔགས་པའི་ཚིག་གི་རོལ་མོ་འཁྲོལ་འདི་ཡིས། །ཁྱོད་ཀྱི་རྣམ་ཐར་རྒྱ་མཚོའི་དགེ་མཚན་ཡིད་ཅན་ཀུན་ལ་རྫོགས་གྱུར་ཅིག ༡༣ །ཅེས་བསིལ་ལྡན་ལྗོངས་ཀྱི་རིགས་པར་སྨྲ་བ་ཐམས་ཅད་ཀྱི་གཙུག་གི་ནོར་བུ་རྔོག་ལོ་ཆེན་པོ་བློ་ལྡན་ཤེས་རབ་ལ་བསྔགས་པའི་ཚིགས་སུ་བཅད་པ་འདིའང་། གངས་རིའི་ཁྲོད་ཀྱི་རིག་པའི་འབྱུང་གནས་དཔལ་གསང་ཕུ་ནེའུ་ཐོག་གི་ཆོས་གྲྭ་ཆེན་པོའི་གཙུག་ལག་ཁང་གི་ཡང་སྟེང་དུ་ས་ག་ཟླ་བའི་ཤར་ཕྱོགས་ཀྱི་རྒྱལ་བ་གཉིས་པར་བྱ་བྲལ་བ་གཙུག་ལག་སྨྲ་བའི་ཉི་མས་སྐད་ཅིག་ལ་གསོལ་བ་བཏབ་པ་ཤུབྷཾ།། །།


previousརིག་པར་སྨྲ་བ་རྣམས་ཀྱི་གཙུག་གི་ནོར་བུ་རྔོག་ལོ་ཙཱ་བ་ཆེན་པོ་བློ་ལྡན་ཤེས་རབ་ལ་བསྔགས་པ་མོས་གུས་ཀྱི་རོལ་མོ།next