Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
  expand section
  expand section
   
   
   


 
previousགྲུབ་པའི་དབང་ཕྱུག་ཀུན་གྱི་གཙུག་གི་ནོར་བུ་རྗེ་བཙུན་མི་ལ་བཞད་པ་རྡོ་རྗེ་ལ་བསྔགས་པ་མཁའ་སྤྱོད་ཌཱ་ཀི་དགྱེས་པའི་རོལ་མོ།next

གྲུབ་པའི་དབང་ཕྱུག་ཀུན་གྱི་གཙུག་གི་ནོར་བུ་རྗེ་བཙུན་མི་ལ་བཞད་པ་རྡོ་རྗེ་ལ་བསྔགས་པ་མཁའ་སྤྱོད་ཌཱ་ཀི་དགྱེས་པའི་རོལ་མོ།


JKT001_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

༈ གྲུབ་པའི་དབང་ཕྱུག་ཀུན་གྱི་གཙུག་གི་ནོར་བུ་རྗེ་བཙུན་མི་ལ་བཞད་པ་རྡོ་རྗེ་ལ་བསྔགས་པ་མཁའ་སྤྱོད་ཌཱ་ཀི་དགྱེས་པའི་རོལ་མོ་ཞེས་བྱ་བ་བཞུགས་སོ། །ན་མཿཤྲཱི་ཧ་ས་བཛྲ་ཡ། གསང་བདག་མི་ཡི་གར་མཁན་ཁྱོད་ཅིག་ཅེས། །ལ་ལ་ཙམ་མིན་ཀུན་ཏུ་བསྔགས་པའི་ཕུལ། །མཁའ་སྤྱོད་མིག་ཡངས་བཞད་པའི་རོལ་མོ་ཅན། །རྡོ་རྗེའི་བརྟུལ་ཞུགས་གྲུབ་པས་དེས་སྲུངས་ཤིག ༡ །གང་གི་ངོ་མཚར་རྣམ་པར་ཐར་པ་ནི། །ཟླ་བ་ནོར་བུའི་སིམ་འོད་མངོན་སུམ་པས། །མཛེས་བྱས་བློ་གྲོས་དག་པའི་དཔྱིད་ཀ་ལས། །ཚིག་རྒྱན་ཀུ་མུད་དོ་ཤལ་ཅུང་ཟད་དགོད། ༢ །ཨེ་མ་བསོད་ནམས་བྱེ་བའི་ཆ་རྫོགས་པ། །རི་བོང་འཛིན་པ་གཞན་


JKT001_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་གངས་ཅན་འདིར། །ལེགས་བྱས་ཆུ་གཏེར་འཇིངས་ལས་ཐོན་པ་ན། །གྲགས་དཀར་བདུད་རྩིའི་དཔལ་གྱིས་མངོན་པར་མཐོ། ༣ །རིག་སྔགས་གྲུབ་པའི་རྡོ་རྗེའི་མེ་ཆར་གྱིས། །ཕས་རྒོལ་མཐའ་དག་གཅིག་ཅར་སྲེག་མཛད་པ། །འདི་ན་ཆེར་རློམས་དྲེགས་ལྡན་བྱེ་སྙེད་ཀྱི། །འདར་བཅས་ཐོར་ཚུགས་དུད་པས་བསྙེན་འོས་ཀྱང་། ༤ །སྲིད་ལས་ཤིན་ཏུ་ངེས་འབྱུང་གངྒཱ་ནི། །རྣམ་གྲོལ་ཐར་པའི་ལམ་གསུམ་བདེར་འཇུག་པར། །སུས་ཀྱང་བཟློག་པ་མེད་པའི་སྙིང་སྟོབས་ཀྱིས། །ཐེག་མཆོག་བཤེས་གཉེན་འཚོལ་བའི་གཡར་དམ་བླངས། ༥ །དེ་ཚེ་ཁ་སྦྱོར་བདུན་ལྡན་ལྷོ་བྲག་པའི། །ཞབས་པད་གཙུག་ཏུ་ཐོབ་པའི་དེ་མ་ཐག །གང་ལ་འཁྲུངས་པའི་དགེ་མཚན་སླར་ཡང་དེའི། །བསོད་ནམས་ཕུང་པོར་བསྙེན་ལས་གཞན་གྱིས་མིན། ༦ །ཨེ་མ་ཕལ་གྱིས་བསམ་པར་མི་ནུས་པའི། །གྲངས་མེད་དཀའ་བའི་སྤྱོད་པས་ཡོངས་ཡེ འཛིན་མཆོག །ཚུལ་བཞིན་བསྙེན་པའི་གཏམ་གྱི་སྤྲིང་ཡིག་ནི། །ད་དུང་འཇིག་རྟེན་གསུམ་ན་རླུང་ལྟར་སྒྲོག ༧ །རྒྱས་པར་བྱས་སོ་འཆར་ཀའི་ཉི་གཞོན་གྱིས། །རབ་དྭངས་པདྨོའི་རྫིང་བུ་གསར་པ་སྟེ། །མར་སྟོན་ཆེན་པོའི་སྨིན་གྲོལ་ཟིལ་དངར་གྱིས། །ཁྱོད་ཐུགས་ངེས་དོན་ལང་ཚོ་མཆོག་ཏུ་དར། ༨ །སླར་ལ་གྲུབ་པས་མཛེས་པའི་སྨན་ལྗོངས་སུ། །སྲོག་ཀྱང་ཅི་དགར་འདོར་བའི་དཀའ་ཐུབ་བཅས། །མི་ཕྱེད་


JKT001_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་བཟང་བསླབ་པའི་རྣམ་ཐར་གྱིས། །སྒྲུབ་བརྒྱུད་སྙིང་པོའི་དུས་སྟོན་གསར་དུ་ཚུགས། ༩ །ཁྱོད་ཀྱིས་བརྩོན་འགྲུས་གཅིག་པུས་ལུས་རྟེན་འདིར། །བྱང་ཆུབ་དམ་པའི་ཕ་རོལ་སོན་ཞེས་བརྫུན། །འོན་ཀྱང་མྱུར་ལམ་རྡོ་རྗེ་ཐེག་པ་ཡི། །རྨད་བྱུང་ཐབས་ཀྱི་ཁྱད་པར་བསམ་མི་ཁྱབ། ༡༠ །དམན་པའི་གོ་འཕང་ཙམ་གྱིས་བསྒྲུབ་མིན་ཞིང་། །གྲངས་མེད་གསུམ་གྱི་ངལ་བས་མ་སྨད་པར། །མི་འགྱུར་མཆོག་ཏུ་བདེ་བའི་བརྟུལ་ཞུགས་ཀྱིས། །སྐུ་བཞིའི་རྒྱལ་སར་ཡུད་ཀྱིས་གཤེགས་འདི་ཅི། ༡༡ །དེ་སླད་འོག་མིན་ཞིང་ན་སྙེམས་མའི་བདག །འཕགས་པའི་ཡུལ་དུ་དཔལ་ལྡན་བི་རཱུ་པ། །གངས་རིའི་ལྗོངས་སུ་བཞད་པའི་མཚན་ཅན་རྣམས། །ཟུང་འཇུག་གོ་འཕང་བརྙེས་པའི་ངོ་མཚར་འཛིན། ༡༢ །ཁྱོད་དང་ཁྱོད་གསུང་སྙིང་ལ་བཀོད་པ་ཡིས། །རྒྱ་མཚོའི་གོས་ཅན་མཐའ་དག་ཁྱབ་བྱས་པས། །ཡིད་སྲུབས་རེ་བ་བཅད་པའི་གྲགས་དཀར་གྱིས། །སྲས་བཅས་རྒྱལ་ཀུན་དགྱེས་པའི་མེ་ཏོག་འཐོར། ༡༣ །མདོར་ན་ཕྱོགས་ཀྱི་བུ་མོའི་རྣ་ལུང་ནི། །ཅི་ཡང་མཛེས་པའི་བརྗོད་པ་རྨད་བྱུང་བས། །འཕགས་དང་མཁས་རྣམས་མགྲིན་པ་བཀང་བྱས་ནས། །བསྐལ་པར་བསྔགས་ཀྱང་རྫོགས་པའི་མཐའ་མི་མངོན། ༡༤ །ཚུལ་དེས་ཉེར་དྲངས་དད་པའི་སོར་མོ་ཡིས། །ཚིག་རྒྱན་རྒྱུད་མང་བསྒྲེངས་པའི་ལེགས་བྱས་ཀྱིས། །འགྲོ་ཀུན་ཟབ་མོའི་དེ་ཉིད་


JKT001_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བརྟེན་ནས། །སྲིད་དང་ཞི་བའི་ཕ་རོལ་ཕྱིན་གྱུར་ཅིག ༡༥ །ཅེས་གངས་རིའི་ཁྲོད་ཙམ་ན་གྲུབ་རིགས་རྒྱ་མཚོའི་གཙུག་གི་ནོར་བུས་ཞབས་བསྟེན་གྱི་པདྨོ་ལ་ཕྱག་བྱས་རྣལ་འབྱོར་གྱི་དབང་ཕྱུག་རྗེ་བཙུན་བཞད་པ་རྡོ་རྗེ་ལ་ཅུང་ཟད་བསྔགས་པའི་ཚིག་གི་སྦྱོར་བ་འདིའང་། ཤར་མདོ་ཁམས་ཀྱི་བཙུན་པ་གཙུག་ལག་སྨྲ་བའི་ཉི་མས་རང་ལོ་ཉེར་གཅིག་པ་ཀུན་ལྡན་ལོའི་དབྱུག་པ་ཟླ་བའི་དཀར་ཕྱོགས་ཀྱི་རྒྱལ་བ་གསུམ་པ་ལ་སྲསམཁར་དགྱེས་པ་རྡོ་རྗེའི་གཞལ་མེད་ཁང་ཆེན་པོའི་ཉེ་འདབས་སུ་བྲིས་ཏེ་གསོལ་བ་བཏབ་པ་སིདྡྷི་རསྟུ།། །།


previousགྲུབ་པའི་དབང་ཕྱུག་ཀུན་གྱི་གཙུག་གི་ནོར་བུ་རྗེ་བཙུན་མི་ལ་བཞད་པ་རྡོ་རྗེ་ལ་བསྔགས་པ་མཁའ་སྤྱོད་ཌཱ་ཀི་དགྱེས་པའི་རོལ་མོ།next