Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།

1 occurrence of བདེ་བ་ཅན་གྱི་ཞིང་ཁམས་རྟེན་དང་བརྟེན་པར་བཅས་པ་ལ་བསྟོད་པ་དད་པའི་ཆུ་སྐྱེས་ཞེས་བྱ་བ།
[Clear Hits]


  
  
  
  
  
  
  
collapse section
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
འཇམ་དབྱངས་ས་སྐྱ་པཎྜི་ཏ་ཆེན་པོ་ལ་བསྟོད་པའི་སྙན་ངག་ཡིད་འཕྲོག་ནོར་བུའི་རྒྱུད་མང་།
  
  
  
  
  
  
  
  
  
  
  
 expand section
  
  
  


1 occurrence of བདེ་བ་ཅན་གྱི་ཞིང་ཁམས་རྟེན་དང་བརྟེན་པར་བཅས་པ་ལ་བསྟོད་པ་དད་པའི་ཆུ་སྐྱེས་ཞེས་བྱ་བ།
[Clear Hits]

 
previousའཇམ་དབྱངས་ས་སྐྱ་པཎྜི་ཏ་ཆེན་པོ་ལ་བསྟོད་པའི་སྙན་ངག་ཡིད་འཕྲོག་ནོར་བུའི་རྒྱུད་མང་།next

འཇམ་དབྱངས་ས་སྐྱ་པཎྜི་ཏ་ཆེན་པོ་ལ་བསྟོད་པའི་སྙན་ངག་ཡིད་འཕྲོག་ནོར་བུའི་རྒྱུད་མང་།


JKT001_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

༈ རྒྱ་གར་སྐད་དུ། མཉྫགྷོ་ཌ་བྷ་མི་ཤུཀླ་པཎྜི་ཏ་སཱུ་ཏི་ཀཱ་བྱ་མ་ནོ་ཧ་ར་མ་ཎི་ཏམྦུ་ར་ནཱ་མ། བོད་སྐད་དུ། འཇམ་དབྱངས་ས་སྐྱ་པཎྜི་ཏ་ཆེན་པོ་ལ་བསྟོད་པའི་སྙན་ངག་ཡིད་འཕྲོག་ནོར་བུའི་རྒྱུད་མང་ཞེས་བྱ་བ། བཅོམ་ལྡན་འདས་གསུང་གི་རྡོ་རྗེ་ལ་ཕྱག་འཚལ་ལོ། །ངོ་མཚར་མཚན་དཔེའི་དཔལ་གྱིས་རབ་མཛེས་ལྷར་བཅས་གཙུག་ན་མཐོ་བའི་སྐུ། །བཅུ་ཕྲག་དྲུག་གི་སྤྲིང་ཡིག་དང་འགྲོགས་མཐའ་ཀླས་ཆོས་ཕུང་རྒྱ་མཚོའི་གསུང་། །སྤྲོས་པའི་ཕ་མཐར་གཞར་ཡང་མི་གནས་རྣམ་ཀུན་མཆོག་ལྡན་འོད་གསལ་ཐུགས། །སྲས་བཅས་རྒྱལ་བའི་ཡེ་ཤེས་ལུས་ཅན་འཇམ་མགོན་བླ་མས་བདག་སྐྱོངས་ཤིག ༡ །ཨོ་ཡིག་གླུར་ལེན་རིལ་བས་ལག་བྲེལ་དྲང་སྲོང་མཆོག་སོགས་མི་རྣམས་དང་། །ཚངས་པ་ཁྱབ་འཇུག་མགྲིན་སྔོན་ཅན་སོགས་འཆི་མེད་གྲུབ་པའི་གཙོ་རྣམས་ཀྱིས། །ཐོར་ཚུགས་ནོར་བུའི་རེག་བྱས་བཏུད་གྱུར་ཞབས་སེན་


JKT001_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

དམར་བའི་འོད་རིས་ཀྱིས། །ས་གསུམ་སྐྱེ་རྒུའི་རྨོངས་མུན་སེལ་མཛད་འཇམ་མགོན་བླ་མས་བདག་སྐྱོངས་ཤིག ༢ །ཨ་དོན་སྐྱེ་མེད་རབ་ཞིའི་ཆུ་གཏེར་རྟག་ཆད་རྡུལ་གྱིས་རིང་སྤངས་ཀྱང་། །ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་ཟློས་གར་ཉིན་མོར་བྱེད་པའི་རྩེ་དགའ་ནི། །གྲུབ་པའི་རིགས་ཀྱི་འཁྲི་ཤིང་ལ་རྩེན་དེ་ཚེ་གྲགས་པའི་མེ་ཏོག་གིས། །བསིལ་ལྗོངས་ར་བ་གཅིག་ཏུ་དཀར་མཛད་འཇམ་མགོན་བླ་མས ༣ །ར་བི་ལྟ་བུར་གསལ་བའི་མཁྱེན་དཔྱོད་ནོར་བུའི་མེ་ལོང་དྭངས་པའི་ངོགས། །ཇི་ལྟ་ཇི་སྙེད་ཤེས་བྱའི་རི་མོ་མ་འདྲེས་གསལ་བར་འཆར་བའི་ཚེ། །རྩོད་དུས་ཐམས་ཅད་མཁྱེན་པ་ཉིད་ཅེས་གཏམ་གྱི་ཡི་གེའི་ཕྲེང་བ་ཡིས། །ཕྱོགས་ཀྱི་བུ་མོའི་རྣ་ལུང་མཛེས་བྱས་འཇམ་མགོན་བླ་མས༔ ༤ །པ་སངས་གསར་པའི་འོད་ཀྱིས་མཚོན་མིན་གཞན་ཕན་ཟླ་ཚེས་གཞོན་ནུའི འཛུམ། གང་དུ་བཞད་པ་དང་། །རང་དོན་ཡིད་བྱེད་པདྨའི་དོ་ཤལ་ཅིར་ཡང་ཟུམ་པའི་དཔལ་སྟེར་བ། །རྒྱལ་སྲས་སྤྱོད་པ་རྒྱ་མཚོའི་བདག་ཉིད་འཇམ་མགོན་བླ་མསཟ ༥ །ཙ་ཀོ་ར་ཚོགས་དྭངས་པའི་མིག་གིས་སིམ་འོད་ཟགས་པ་བཏུང་བ་བཞིན། །ཆོས་འདུལ་ཁྲིམས་ཀྱི་བདུད་རྩིས་བརླན་ཚེ་བག་མེད་ཚ་གདུང་འགོག་པ་དང་། །བརྟན་མཁས་ཡོན་ཏན་ཨུཏྤལ་སྙེ་མ་ཆེས་ཆེར་དུད་པའི་རྣམ་ཐར་ཅན། །བསིལ་ལྡན་ལྗོངས་ཀྱི་ཨུ་


JKT001_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལཱི་ཞེས་འཇམ་མགོན་བླ་མས ༦ །ན་མར་སྨིན་གྲོལ་གངྒཱའི་ཀླུང་རྒྱུན་ངལ་མེད་མཁྱེན་པའི་ལམ་གསུམ་དུ། །འབབས་པས་སྒྲིབ་གཉིས་དྲི་མ་ཀུན་སྦྱངས་སྐུ་གསུམ་མི་ཕྱེད་འཛུམ་དཀར་གྱིས། །རིག་འཛིན་བྱེ་བའི་ཟུར་ཕུད་རྩེ་མོར་ཞབས་ཀྱི་ནོར་བུ་འགོད་མཁས་པའི། །རྒྱུད་སྡེ་རྒྱ་མཚོའི་བདག་ཉིད་གཅིག་གྱུར་འཇམ་མགོན་བླ༴ ༧ །དྷིཡིག་དམར་སེར་ཞུན་མའི་མདོག་ཅན་གཞན་ཕྱིར་རྗེས་སུ་ཆགས་པའི་མཐུས། །འདི་ན་ཚུར་མཐོང་སྐྱེ་བོའི་སྣང་ངོར་མི་ལུས་ཟོལ་དུ་སྐུ་འཁྲུངས་ཏེ། །ཡོངས་རྫོགས་བསྟན་པའི་རྒྱུད་མང་བསྒྲེངས་ཚེ་ཀུན་མཁྱེན་གཉིས་པ་འདིའོ་ཞེས། །རྩོད་པའི་དུས་ཀྱང་ཀུན་དགར་བྱས་པའི་འཇམ་མགོན་བླ༔ ༨ །ཐོས་པའི་རྒྱ་མཚོ་གཏིང་མཐའ་མི་མངོན་བསམ་བྱུང་རྦ་རླབས་སྟོང་གཡོ་ཞིང་། །སྒོམ་སྤང་ནོར་བུའི་ཐག་པ་ཆད་པས་དོན་གཉིས་འདོད་པ་འཇོ་བའི་དཔལ། །ཁྱོད་གཅིག་ཁོ་ན་ཉིད་ཡེ ཅེས་བསྔགས་པས་ཆེན་པོ་གཞན་གྱི་རྣམ་ཐར་ལ། །མཛེས་པ་མིན་པའི་གོ་སྐབས་སྦྱིན་བྱེད་འཇམ་མགོན་བླ་མས༴ ༩ །འཆད་མཁས་སྒྲ་དོན་དཔྱད་པའི་ངག་གིས་ལུང་རྟོགས་ཆོས་ཕུང་གྲངས་མེད་འཇོ། །རྩོད་ངག་ཟླ་མེད་སྔགས་རིག་གྲུབ་པས་འཕྲོག་བྱེད་དྲེགས་པའི་སྤོབས་པ་བཅིལ། །རྩོམ་ཚེ་སྡེབ་ལེགས་སྙིང་པོས་ལྕི་བས་མཁས་ཀུན་ཡི་ག་དབང་མེད་འཕྲོག །དེ་སླད་ས་གསུམ་འགྲོ་བའི་མུན་སེལ་འཇམ་མགོན་


JKT001_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མས༴ ༡༠ །མཁྱེན་རབ་འཇམ་དཔལ་རྣོན་པོ་དངོས་ཏེ་གཞན་གྱིས་བསྐྲུན་པའི་ཡུལ་ལས་བརྒལ། །བརྩེ་ཆེན་པད་དཀར་འཆང་བ་ཉིད་ཅེས་གཟུར་གནས་ངག་གི་གླིང་བུ་འཁྲོལ། །ནུས་པས་མེ་ཏོག་མདེའུ་རྣོན་པོ་རྟུལ་པོའི་གོ་ས་ལ་བཀོད་པས། །གསང་བ་འཛིན་པའི་ཡེ་ཤེས་གཟུགས་ཅན་འཇམ་མགོན་བླ་མས ༡༡ །མདོར་ན་ཀེ་ལ་ཤ་རིའི་མགུལ་འདིར་རྒྱལ་བསྟན་རྙོགས་མར་གྱུར་པའི་མཚོ། །རྣམ་དཔྱོད་ཨཱི ཀེ་ཏ་ཀ་ཡིས་བགྲུངས་ནས་བཤད་སྒྲུབ་གཟུགས་བརྙན་གསལ་བྱས་པའི། །བཀའ་དྲིན་ཁོ་ནས་དེང་གི་དུས་ཀྱང་གྲགས་པ་གཟུགས་ཅན་བཞིན་རྒྱུ་བས། །སྟོན་པ་གཉིས་པའི་རྒྱལ་ཐབས་ལ་འཛེགས་འཇམ་མགོན་བླ་མས་བདག་སྐྱོངས་ཤིག ༡༢ །སྒོ་གསུམ་གུས་པའི་ཕྱག་གིས་ལེགས་བསྙེན་བླ་ན་ཡོད་མེད་མཆོད་སྤྲིན་འབུལ། །སྟོབས་བཞིས་སྒྲིབ་པའི་ཚོགས་ཀུན་མཛའ་མིན་འཕགས་དང་སོ་སྐྱེའི་དགེ་བ་ལ། ། མཛའ་གཅུགས་དམ་བཅའ་སྙིང་ནས་སྟེར་ཞིང་ཕྱོགས་བཅུར་བཞུགས་པའི་སྲས་བཅས་རྒྱལ། །ལེགས་གསུང་ཆོས་འཁོར་བསྐོར་བར་བསྐུལ་ནས་རྟག་པ་རྒྱུན་དུ་བཞུགས་གསོལ་འདེབས། ༡༣ །ཁྱད་པར་མགོན་པོ་ཁྱོད་ཀྱི་ལེགས་མཛད་རྣམ་ཐར་ཁོ་ནས་ཡིད་དྲངས་ཏེ། །ཉིན་མཚན་ཀུན་ཏུ་འབད་པར་གསོལ་འདེབས་གང་གི་བྱང་ཆུབ་སྤྱོད་པའི་རྗེས། །སློབ་པའི་བརྟུལ་ཞུགས་གཡར་དམ་ལེན་ན་སྙིང་རྗེའི་ཟུར་མིག་


JKT001_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

སྒེག་ལྡན་པས། །ད་ཙམ་གཟིགས་པའི་གོ་སྐབས་ཕྱེ་ནས་ཡེ་ཤེས་སྤྱན་གྱིས་བཙའ་མཛོད་ཀྱེ། ༡༤ །དེ་མཐུས་སྲིད་དང་ཞི་བའི་ཉམས་འགྱུར་རྣམ་མང་ལི་ཁྲིའི་ཐིག་ལེ་ནི། །སྒོ་གསུམ་མཛེས་མའི་མཁུར་ཚོས་ལ་འཕོས་ཡིད་འོང་ཟློས་གར་བསྒྱུར་བ་ཡིས། །སྣ་ཚོགས་ལས་པ་ས་འདིར་སྣང་ཞེས་ཕལ་ཆེར་ག་ཞའི་ཚིག་འབྱིན་ཅིང་། །ལྷར་བཅས་ཀུན་དགའི་བདུད་རྩི་སྟེར་བགྱིད་བཟོ་རིག་ཕ་མཐར་སོན་པར་ཤོག ༡༥ །འདུ་བ་འཕེལ་ཟད་འཁྲུགས་པའི་ཉི་མས་ལུས་ཅན་ཨུཏྤལ་དཀར་པོའི་ཚལ། །བཅིངས་ཚེ་སྨན་བྱེད་སྤྲིན་སྔོན་ལས་འོངས་འཚོ་ཐབས་ཟིལ་དངར་རྟག་འབབས་པས། །རྣམ་འགྱུར་གདུང་བ་ཕ་མཐར་བཅིལ་ནས་རིང་དུ་གནས་པའི་མཚར་སྡུག་གིས། །འགྲོ་འདི་དབུགས་ཆེན་འབྱིན་པའི་དཔལ་གྱུར་གསོ་དཔྱད་རྒྱ་མཚོའི་མཐར་སོན་ཤོག ༡༦ །རང་བཞིན་ཛམྦུ་ནཱ་དའི་སྙེ་མ་སྣ་ཚོགས་རྐྱེན་གྱི་མ་དྲོས་པས། །བསྒྱུར་བས་མིང་ཚིག་གསེར་གྱི་དུམ་བུས་མགྲིན་པའི་ཆུ་གཏེར་མཛེས་པ་ལས། །སྨྲ་བ་ཟླ་མེད་སྐྱེ་རྒུའི་མིག་ཅེས་གཟུར་གནས་རྣ་བར་གྲགས་འབར་བའི། །བརྡ་སྤྲོད་རིན་ཆེན་འབྱུང་གནས་བརྒལ་ཏེ་ཚིག་གི་གཏེར་ལ་དབང་བསྒྱུར་ཤོག ༡༧ །མངོན་དང་ལྐོག་གྱུར་ཤིན་ཏུ་ལྐོག་གྱུར་ཡུལ་གྱི་གཟུགས་བརྒྱ་ཇི་སྙེད་པ། །མངོན་སུམ་རྗེས་དཔག་ལུང་གིས་ཚད་མའི་བེ་ཌཱུར་མེ་ལོང་ཕྱིས་པའི་ངོགས། །དོགས་པ་མེད་


JKT001_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

པར་འཆར་བའི་དགེ་མཚན་སྒྲུབ་དང་སུན་འབྱིན་དོ་ཀེར་རྩེར། །བཀོད་ལས་ཕས་རྒོལ་ཡི་ག་འཆིང་ཞིང་དོན་མཁས་འདོད་པ་འཇོ་བར་ཤོག ༡༨ །བསྒྱུར་དགོད་འཕྲི་བསྣན་རི་མོའི་གར་དང་སྙན་ཚིག་གླུ་དབྱངས་ལེན་མཁས་པའི། །རྣ་ཐོད་སྡེབ་སྦྱོར་ཨུཏྤལ་གྱིས་དུད་མངོན་བརྗོད་རྒྱུད་མང་བརྡུངས་པའི་སྒྲས། །ངོ་མཚར་ཟློས་གར་ཅིར་ཡང་རྩེན་པའི་སྐལ་བཟང་རི་དྭགས་མིག་ཅན་ཅེས། །བློ་མིག་གྲོལ་བའི་བ་དན་གྱིས་མཛེས་རྨོངས་པའི་གདུང་བ་གཅོད་པར་ཤོག ༡༩ །ལེགས་གསུང་འདུལ་མདོ་མངོན་པའི་སྡེ་སྣོད་ནོར་བུའི་ས་འཛིན་མཐོན་པོའི་རྩེར། །བྱ་སྤྱོད་རྒྱུད་སྡེའི་མེ་ཏོག་གིས་དུད་ཐབས་དང་ཤེས་རབ་རྣལ་འབྱོར་གྱི། །དྲི་བསུང་མངར་འཐུལ་རྡོ་རྗེ་ཐེག་པའི་བདུད་རྩིའི་ཟིལ་དངར་བླ་མེད་འབར། །ཐམས་ཅད་མཁྱེན་པའི་དཔག་བསམ་གསར་པས་སྲིད་ཞིའི་རྒུད་པ་ཀུན་སྲུང་ཤོག ༢༠ །གཞན་ཡང་གནས་སྐབས་རིགས་གཟུགས་ཤེས་རབ་དད་གཏོང་འབྱོར་པས་མངོན་མཐོ་ཞིང་། །ཁྱད་པར་ཡོན་ཏན་རིན་ཆེན་འབྱུང་གཞི་ཚུལ་གནས་ཁྲིམས་ཀྱི་ནོར་འཛིན་མར། །སྨོན་འཇུག་སེམས་ཀྱི་སྙེ་མ་གཡུར་ཟ་ཨེ་ཝཾ་མཱ་ཡཱ་མཉམ་སྦྱོར་བའི། །གྲིབ་མ་སྣུམ་པོར་སྐུ་བཞི་དབྱེར་མེད་སྙིང་གི་གསོས་སུ་ངལ་འཚོ་ཤོག ༢༡ །མདོར་ན་སྲིད་པའི་ཁམས་རྣམས་ཀུན་ན་ཚངས་པའི་བློ་ཡིས་བཙལ་བྱས་ཀྱང་། །མཚུངས་པ་མེད་པའི་རྣམ་ཐར་རྨད་བྱུང་


JKT001_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་ལས་རྣམ་རྒྱལ་པཎྜི་ཏ། །མགོན་པོ་ཁྱོད་དང་མཉམ་པ་ཉིད་གྱུར་མཐའ་ཀླས་ཡིད་ཅན་རྒྱ་མཚོ་ཀུན། །བདག་ཉིད་གཅིག་པུས་ངེས་པར་འདྲོངས་པའི་སྨོན་ལམ་ཇི་བཞིན་འགྲུབ་པར་ཤོག ༢༢ ། དེ་ལྟར་སྲས་བཅས་རྒྱལ་བ་ཀུན་དངོས་འཇམ་མགོན་བླ་མའི་ཡོན་ཏན་ལ། །སྙན་ངག་ཡིད་འཕྲོག་ནོར་བུའི་རྒྱུད་མང་ཅུང་ཟད་བསྒྲེངས་པས་བསྟོད་པའི་དགེས། །མ་ལུས་མི་ལུས་ལུས་པ་མེད་པའི་ཡིད་ཅན་རྒྱ་མཚོའི་རྡུལ་སྙེད་ཀྱིས། །གང་གི་རྟོགས་པ་བརྗོད་པའི་རྗེས་ཞུགས་རྣམ་པ་ཐམས་ཅད་མཁྱེན་བརྙེས་ཤོག ༢༣ །ཚིག་འདི་གང་གིས་མཐོང་བ་དང་། །ཐོས་སམ་ཡིད་ལ་བྱེད་ཀུན་ཀྱང་། །རིང་མིན་འཇམ་མགོན་བླ་མའི་ཞལ། །དགྱེས་བཞིན་རྗེས་སུ་བཟུང་བར་ཤོག ༢༤ །ལ་ལ་འདི་ན་མཁས་དང་གྲུབ། །ཕྱོགས་རེས་ཁེངས་པ་ཙམ་མིན་པ། །ངེས་པ་དོན་གྱི་ཐམས་ཅད་མཁྱེན། །སླར་ཡང་དྲན་པས་ཕྱག་བགྱིད་དོ། ༢༥ །ཅེས་དཔལ་ལྡན་ས་སྐྱ་པཎྜི་ཏ་ཆེན་པོའི་རྣམ་ཐར་ལ་ཅུང་ཟད་བསྔགས་པའི་སྙན་ངག་ཡིད་འཕྲོག་ནོར་བུའི་རྒྱུད་མང་ཞེས་བྱ་བ་འདིའང་། རིས་མེད་པའི་བསྟན་པ་ཀུན་ལ་མཆོག་ཏུ་དད་ཅིང་། འཇམ་མགོན་བླ་མའི་ཡོན་ཏན་ལ་ཐུན་མོང་མ་ཡིན་པའི་མོས་གུས་རྙེད་པ་ཙམ་རྒྱུ་མཚན་དུ་བྱས་ནས། ཉང་སྨད་སའི་ཐིག་ལེ་རྒྱན་གང་བྱང་ཆུབ་ཆེན་པོའི་དབེན་གནས་དང་ཉེ་བར། མ་བྱོན་སངས་རྒྱས་གསུམ་པ་ཁ་ཆེའི་པཎྜི་ཏ་ཆེན་པོས་འཇམ་མགོན་ཆོས་ཀྱི་རྒྱལ་པོ་བསྙེན་པར་རྫོགས་པའི་ཁྲི་ལ་མངའ་གསོལ་བའི་ཚེ། བསོད་ནམས་བརྒྱ་


JKT001_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲག་ལས་གྲུབ་པའི་དབུ་སྐྲ་བུང་བའི་མདངས་ཅན་འཁྲུ་བར་གནང་བའི་རྡོ་གཞོང་རིན་པོ་ཆེ་མངའ་བའི་ཚེ་གསོལ་བ་ཕུར་ཚུགས་སུ་བཏབ་པའི་མཐུ་ལས་བྱིན་རླབས་ཀྱི་ཟིལ་ཅུང་ཟད་ཐོབ་ནས་ཡིད་ལ་ཇི་ལྟར་ཤར་བ་བཞིན། རྒྱལ་ཁམས་ཉུལ་བའི་ད་རི་དྭ་གཙུག་ལག་སྨྲ་བའི་ཉི་མས་རྩོད་དུས་ཀྱི་ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེས་བྱིན་གྱིས་བརླབས་པའི་གནས་དཔལ་ཞྭ་ལུ་གསེར་ཁང་མཁས་པའི་ཆོས་གྲྭ་ཆེན་པོའི་འདབས་འབྱོར་དུ་སྣང་གསལ་ཞིག་གི་ངོགས་སུ་དགེ་བྱེད་ཀྱི་ལོའི་ཁྲུམས་ཟླརཔའི་དཀར་ཕྱོགས་ཀྱི་རྒྱལ་བ་དང་པོ་༣ལ་ཤར་མར་བྲིས་ཏེ་གསོལ་བ་བཏབ་པའི་དགེ་བས་བདག་ཉིད་མཐོང་ཐོས་དྲན་རེག་གི་འགྲོ་ཀུན་སོ་སོ་ཡང་དག་པའི་རིག་པ་བཞི་ལ་དབང་འབྱོར་བའི་རྒྱུར་གྱུར་ཅིག།


previousའཇམ་དབྱངས་ས་སྐྱ་པཎྜི་ཏ་ཆེན་པོ་ལ་བསྟོད་པའི་སྙན་ངག་ཡིད་འཕྲོག་ནོར་བུའི་རྒྱུད་མང་།next