Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
  expand section
  expand section
   
   
   


 
previousརྩོད་པའི་དུས་ཀྱི་ཐམས་ཅད་མཁྱེན་པ་བུ་སྟོན་རིན་ཆེན་གྲུབ་ལ་བསྔགས་པ་མཆོག་ཏུ་དད་པའི་བདུད་རྩིའི་དབྱངས་སྙན།next

རྩོད་པའི་དུས་ཀྱི་ཐམས་ཅད་མཁྱེན་པ་བུ་སྟོན་རིན་ཆེན་གྲུབ་ལ་བསྔགས་པ་མཆོག་ཏུ་དད་པའི་བདུད་རྩིའི་དབྱངས་སྙན།


JKT001_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

རྩོད་པའི་དུས་ཀྱི་ཐམས་ཅད་མཁྱེན་པ་བུ་སྟོན་རིན་ཆེན་གྲུབ་ལ་བསྔགས་པ་མཆོག་ཏུ་དད་པའི་བདུད་རྩིའི་དབྱངས་སྙན་ཞེས་བྱ་བ་བཞུགས་སོ། །ན་མསརྦ་ཛྷ་རཏྣ་སིདྡྷ་ཡ། ཐམས་ཅད་མཁྱེད་པའི་ཆོས་ཀྱི་རྒྱལ་ཐབས་ལ། དབང་མཛད་ཡོན་ཏན་རིན་ཆེན་རྣམ་བདུན་གྱིས། །རབ་མཛེས་གྲུབ་པའི་འཁོར་ལོས་སྒྱུར་བ་ཁྱོད། །བསྔགས་པའི་ཡི་གེ་སྟོབས་བཅུ་མངའ་བས་བྱིན། ༡ །སྣ་ཚོགས་ལས་པའི་ཁེངས་པ་སྙིལ་བྱེད་པ། །སྒོ་གསུམ་འདོད་རྒུར་བསྒྱུར་བ་བཟོ་རིག་གི །ཉམས་ལྡན་ནོར་བུའི་དོ་ཤལ་གཅིག་ཁོ་ནས། །ལྷར་བཅས་ཡི་ག་དབང་མེད་འཕྲོག་པར་བྱེད། ༢ །འཚོ་ཐབས་བདུད་རྩིས་གཏམས་པའི་རྣམ་དཔྱོད་ཟླ། །གང་དུ་སྣང་བས་སྡེ་བཞིའི་ཆུ་གཏེར་དང་། །གྲགས་པའི་རྦ་རླབས་ལྷན་ཅིག་དགོད་པ་ཡིས། །དཔལ་ལྡན་


JKT001_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་བོའི་སྙན་པ་ཅི་ཡང་བཟུང་། ༣ །སྒྲ་རིག་རྒྱ་མཚོའི་འཇུག་པ་དུས་གཅིག་ཏུ། །འཐུང་བཟོད་བུམ་པ་སྐྱེས་ཀྱི་ངང་ཚུལ་ཅན། །ཁྱོད་མཐོང་སརྦ་ཛྙཱ་ཞེས་སྙེམས་འཆང་བ། །འཆི་མེད་དགའ་བའི་ཚལ་དུ་རིངས་པར་ཞུགས། ༤ །གཞལ་བྱ་མངོན་ལྐོག་ཤིན་ཏུ་ལྐོག་གྱུར་པ། །འཇལ་བྱེད་ཚད་མ་གསུམ་གྱིས་གཞལ་བའི་མོད། །ཕྱོགས་ལས་རྣམ་པར་རྒྱལ་བའི་དགེ་མཚན་ཅན། །ཆོས་ཀྱི་གྲགས་པ་སླར་ཡང་ས་འདིར་སྣང་། ༥ །ཁྱད་པར་སྡེ་སྣོད་གསུམ་གྱི་ངེས་གསང་ཀུན། །ཇི་བཞིན་འཆད་དང་སྒྲུབ་ལ་མཚུངས་མེད་པས། །རྩོད་དུས་ཀུན་མཁྱེན་གཉིས་པ་འདིའོ་ཞེས། །འཇིག་རྟེན་དགེ་ལེགས་འགུགས་པའི་ངོ་མཚར་དར། ༦ །མཆོག་ཏུ་རྒྱུད་སྡེ་རྣམ་བཞིའི་ནོར་བུའི་ཆར། །གངས་ཅན་རི་བོའི་ལྗོངས་སུ་འབེབས་མཁས་པས། །གྲུབ་གཉིས་རྫོགས་ལྡན་འབྱོར་པའི་དགའ་སྟོན་མཁན། །གསང་བདག་ངུར་སྨྲིག་གར་རོལ་ཁྱོད་ཁོ་ན། ༧ །དེ་སླད་གཞུང་མང་འཆད་པའི་གྲྭར་ཞུགས་ཚེ། །ས་བཅུའི་དབང་ཕྱུག་འཕགས་མཆོག་མ་ཕམ་པ། །དགའ་ལྡན་ཆོས་ཀྱི་འདུན་ས་བཏང་ནས་སླར། །བསིལ་ལྗོངས་བསོད་ནམས་མགྲོན་དུ་སྣང་བ་བཞིན། ༨ །རྩོད་ངག་སེང་གེའི་སྒྲ་ཆེན་བསྒྲགས་པའི་མོད། །ཕས་རྒོལ་ལག་ལྡན་མྱོས་པའི་ཚོགས་རྣམས་ཀུན། །འདར་བཅས་ཐོར་ཚུགས་འཛིན་མར་བསྙིལ་བ་དང་། །མི་སྨྲ་བརྟུལ་ཞུགས་བཟུང་བའི་


JKT001_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

དམ་བཅའ་སྦྱིན། ༩ །འཇམ་མགོན་སྨྲ་བའི་ཉི་མའི་ཡེ་ཤེས་སྐུ། །རྟག་ཏུ་མགྲིན་པའི་པདྨོར་ངལ་གསོས་པས། །སྡེབ་ལེགས་རྩོམ་པའི་ཟིལ་དངར་ད་དུང་ཡང་། །བློ་ལྡན་བུང་བའི་ཉེར་འཚོར་ཤིན་ཏུ་མཐོ། ༡༠ ། །།གསང་ཆེན་སྨིན་གྲོལ་ལམ་གྱི་ཐེམ་སྐས་ལ། །འཛེགས་ཏེ་ཟུང་འཇུག་གྲུབ་པའི་མཚན་སྙན་གྱིས། །ཡིད་སྲུབས་དཔུང་བཅས་མུན་པར་བཀོད་ནས་སླར། །ས་གསུམ་བཀྲ་ཤིས་སྣང་བས་མཛེས་པར་བྱས། ༡༡ ། མདོར་ན་འཁོར་ལོ་གསུམ་གྱི་མཛད་བཟང་ལས། །བརྩམས་ཏེ་མཚོ་བྱུང་དགྱེས་པའི་ཏམྦུ་རས། །བསྐལ་པར་བརྗོད་ཀྱང་ཕ་མཐས་གཏུགས་མིན་པའི། །རྣམ་ཐར་ཐམས་ཅད་གཟིགས་པའི་སྤྱོད་ཡུལ་ཉིད། ༡༢ །དེ་སླད་མི་ཕྱེད་དད་གསུམ་དཔྱིད་ཀ་ཡིས། །བཟུང་བའི་རྣམ་དཔྱོད་གཞན་གསོས་གཞོན་ནུའི་མགྲིན། །བསྔགས་བརྗོད་བདུད་རྩིའི་དབྱངས་ཀྱིས་དགེ་བྱས་པས། །ཕན་བདེའི་དགའ་ཚལ་མཆོག་ཏུ་རྒྱས་གྱུར་ཅིག ༡༣ །ཅེས་རྩོད་པའི་དུས་ཀྱི་ཐམས་ཅད་མཁྱེན་པ་བུ་སྟོན་ལོ་ཙཱ་བ་ཆེན་པོ་རིན་ཆེན་གྲུབ་ལ་བསྔགས་པའི་ཚིག་རྒྱན་བདུད་རྩིའི་དབྱངས་སྙན་མངོན་པར་སྒྲོག་པའང་། རྗེ་དེ་ཉིད་ཀྱི་རྣམ་ཐར་ལ་ཤེས་ནས་དད་པ་ཐོབ་པ་བྱ་བྲལ་བ་མཁྱེན་བརྩེའི་མིང་གིས་དཔལ་ཞྭ་ལུ་རི་ཕུག་བྱང་ཆུབ་ཤིང་གི་ནགས་ཁྲོད་དུ་གསོལ་བ་བཏབ་པ་སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། །།


previousརྩོད་པའི་དུས་ཀྱི་ཐམས་ཅད་མཁྱེན་པ་བུ་སྟོན་རིན་ཆེན་གྲུབ་ལ་བསྔགས་པ་མཆོག་ཏུ་དད་པའི་བདུད་རྩིའི་དབྱངས་སྙན།next