Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
  expand section
  expand section
   
   
   


 
previousརྗེ་བཙུན་ཙོང་ཁ་པ་ཆེན་པོ་བློ་བཟང་གྲགས་པའི་ཞབས་ཀྱི་པདྨོ་ལ་བསྔགས་པ་ནོར་བུའི་རྒྱུད་མང་།next

རྗེ་བཙུན་ཙོང་ཁ་པ་ཆེན་པོ་བློ་བཟང་གྲགས་པའི་ཞབས་ཀྱི་པདྨོ་ལ་བསྔགས་པ་ནོར་བུའི་རྒྱུད་མང་།


JKT001_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

༈ རྗེ་བཙུན་ཙོང་ཁ་པ་ཆེན་པོ་བློ་བཟང་གྲགས་པའི་ཞབས་ཀྱི་པདྨོ་ལ་བསྔགས་པ་ནོར་བུའི་རྒྱུད་མང་ཞེས་བྱ་བ་བཞུགས་སོ། །ན་མསྶ་མ་ཏི་ཀིརྟི་པཱ་ད་ཡ། །


JKT001_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

སྲས་བཅས་རྒྱལ་བ་ཀུན་གྱིས་རབ་བསྔགས་པ། །མང་ཐོས་བློ་བཟང་མཁས་རྣམས་དགྱེས་པའི་ཕུལ། །དང་པོར་སྣང་བ་ཙམ་གྱི་དགེ་མཚན་གྱིས། །ས་གསུམ་གྲགས་པའི་ཟླ་རིས་མཆོག་ཏུ་གསལ། ༡ །ཕྱི་ནང་རིག་གཞུང་རྒྱ་མཚོ་གང་དང་གང་། །དེ་དེར་བསམ་བྱུང་འཇུག་པ་ལྷུང་བའི་མོད། །ཚིག་དང་དོན་གྱི་དཔྱད་པ་ཡོངས་རྫོགས་པས། །དཔྱོད་ལྡན་བྱེ་བའི་ཁེངས་པ་གཅིག་ཅར་འཕྲོགས། ༢ །སླར་ལ་ཐུང་པས་བསྟེན་འོས་སྨན་ལྗོངས་སུ། །རྩེ་གཅིག་ཟབ་དོན་བསྒོམ་པའི་བརྟུལ་ཞུགས་ཀྱིས། །སྟོང་དང་རྟེན་འབྱུང་འགལ་མེད་སྨྲ་བ་ལ། །དཔལ་ལྡན་ཟླ་བའི་མཁྱེན་པ་དངོས་དེ་བརྡོལ། ༣ །ཡན་ལག་དྲུག་ཅུའི་དབྱངས་ཀྱི་ཏམྦུ་རས། །ཟབ་རྒྱས་སྡེ་སྣོད་རྒྱ་མཚོ་འཆད་པ་ན། །བློ་གསལ་ཕྱོགས་ཀྱི་བུ་མོའི་རྣ་ལུང་དུ། །བདུད་རྩིའི་དགའ་སྟོན་གསར་པ་བསྒྲུབ་ལ་དབང་། ༤ །ཕྲ་བའི་གནད་ལ་ངེས་པའི་བདེན་མཐོང་ཞིང་། །ཟབ་མོའི་དོན་ལ་འཇིགས་མེད་སེང་གེའི་སྒྲས། །རྩོད་པའི་གཡུལ་ངོ་བཤམས་པའི་དེ་མ་ཐག །ཕས་རྒོལ་ལག་ལྡན་མྱོས་པའི་རྒྱུན་ལུགས་བཅད། །ཨེ་མ་སྲིད་དང་ཞི་བའི་སྙན་འགྱུར་ཀུན། །བྱེད་པོས་གཅིག་ཏུ་སྤུངས་པའི་རྗེས་འགྲོ་བ། །ལེགས་བཤད་རྩོམ་ཕྲེང་ནོར་བུའི་རྒྱུད་མང་པོར། །མཁས་རྣམས་བློ་གྲོས་འགུགས་པའི་ཆོ་ག་རྫོགས། ༦ །ཤེས་བྱ་མཐའ་དག་


JKT001_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

གཟིགས་པའི་མཁྱེན་རབ་ཀྱི། །ལང་ཚོའི་མཛེས་པ་དར་བའི་ཕུན་ཚོགས་ཀྱིས། །འཇམ་དཔལ་གཞོན་ནུ་ཉིད་ཅེས་སྒྲ་དབྱངས་ལྷ། །རྟག་ཏུ་མགྲིན་མཚོར་འཁྱུད་པའི་དགའ་བས་རྩེན། ༧ །གཅིག་ཏུ་གཞན་། ཕྱིར་བརྩེ་བའི་ཐུགས་རྗེའི་ཟླ། །བྱང་ཆུབ་སྤྱོད་པའི་བདུད་རྩིའི་སྒེག་འཆང་བས། །ཕྱག་ན་པདྨོ་ངུར་སྨྲིག་བླ་གོས་ཅན། །བསིལ་ལྡན་རི་བོའི་ཁོངས་སུ་རྒྱུ་བ་བཞིན། ༨ །རྨད་བྱུང་ནུས་པའི་རྡོ་རྗེའི་མཚོན་རྣོན་གྱིས། ཡིད་སྲུབས་རི་བོའི་རྐང་པ་བཅིངས་ནས་སླར། །རྒྱལ་བསྟན་འཆི་མེད་གྲོང་ཁྱེར་སྐྱོང་མཛད་སླད། །གསང་བའི་བདག་པོའི་རྗེས་སུ་རྐང་པ་འཇོག ༩ །མདོར་ན་ཐུབ་པའི་རིང་ལུགས་ནོར་འཛིན་མ། །རྩོད་དུས་ཆུ་གཏེར་ཆེན་པོར་བྱིང་བའི་ཚེ། །མཁས་ཚུལ་གསུམ་གྱི་རུ་སྦལ་འཇུག་པ་ཡིས། །འདེགས་བཟོད་འཇིག་རྟེན་འདི་ན་གཉིས་པ་མེད། ༡༠ །མཆོག་ཏུ་མདོ་དང་སྔགས་ཀྱི་འདུལ་བ་ཡི། །བཅས་པའི་མཚམས་ལས་ནམ་ཡང་མི་འདའ་བའི། །བཙུན་ཚུལ་ཕུལ་དུ་སོན་པའི་རྣམ་ཐར་གྱིས། །སྲས་བཅས་རྣམ་འདྲེན་དགྱེས་པའི་འཛུམ་དཀར་གཡོ། ༡༡ །ལྷག་པར་ལྟ་དང་སྤྱོད་པ་མ་འཁྲུལ་པའི། །བཟང་པོའི་ཕྲིན་ལས་ནམ་མཁའི་མཐར་ཁྱབ་པས། །ཁོར་ཡུག་རི་བོའི་ཁོངས་སུ་དམ་ཆོས་ཀྱི། །རྫོགས་ལྡན་དང་པོའི་དུས་སྟོན་དར་བབས་མཛད། ༡༢ །དེ་སླད་ངོ་མཚར་གཏམ་གྱི་བརླན་ཆགས་པའི། །བློ་གྲོས་


JKT001_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

ཨུཏྤལ་གསར་པའི་ཁོང་སེང་ནས། །བསྔགས་བརྗོད་སྦྲང་རྩིའི་ཕུང་པོ་དལ་བབས་པས། །དོན་གཉིས་ངལ་འཚོ་རྟག་ཏུ་རྒྱས་གྱུར་ཅིག ༡༣ །ཅེས་རྗེ་བཙུན་བླ་མ་བློ་བཟང་གྲགས་པའི་ཞབས་ཀྱི་པདྨོར་བསྔགས་པའི་ཚིགས་སུ་བཅད་པ་འདིའང་། རིས་མེད་པའི་བསྟན་པ་ཀུན་ལ་དག་པའི་སྣང་བ་གཅིག་ཏུ་དཀར་བའི་གཞོན་ནུ་གཙུག་ལག་སྨྲ་བའི་ཉི་མས་ཕྱོགས་མེད་ཀྱི་རྒྱལ་ཁམས་ཉུལ་བའི་སྐབས་འབྲོག་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་ཆོས་གྲྭ་ཆེན་པོར་སྒྲོན་ཟླ་༥བའི་དཀར་ཕྱོགས་ཀྱི་བཟང་པོ་གསུམ་པར་བྲིས་ཏེ་གསོལ་བ་བཏབ་པའོ།། །།


previousརྗེ་བཙུན་ཙོང་ཁ་པ་ཆེན་པོ་བློ་བཟང་གྲགས་པའི་ཞབས་ཀྱི་པདྨོ་ལ་བསྔགས་པ་ནོར་བུའི་རྒྱུད་མང་།next