Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
  expand section
  expand section
   
   
   


 
previousཐམས་ཅད་མཁྱེན་གཟིགས་གཉིས་པ་འཇིགས་མེད་གྲགས་པའི་རྣམ་ཐར་ལ་དང་བས་བསྔགས་པ།next

ཐམས་ཅད་མཁྱེན་གཟིགས་གཉིས་པ་འཇིགས་མེད་གྲགས་པའི་རྣམ་ཐར་ལ་དང་བས་བསྔགས་པ།


JKT001_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

༈ རྒྱ་ཆེན་ཆོས་ཀྱི་སྤྱན་ལྡན་རིན་པོ་ཆེ། །ཕྱོགས་ལས་རྣམ་པར་རྒྱལ་པའི་རྒྱལ་མཚན་འཛིན། །ཡིད་འཕྲོག་རབ་མཛེས་དབྱངས་ཅན་དགའ་བའི་དཔལ། །འཇིགས་མེད་གྲགས་པའི་ཞབས་ལ་གསོལ་བ་འདེབས། ༡ །སྙིང་རྗེའི་བདུད་རྩི་བྱེ་བའི་ཟླ་བ་ནི། །བྱང་ཆུབ་སྤྱོད་མཆོག་ཆ་ཤས་ཡོངས་གང་བས། །རྣམ་པ་ཐམས་ཅད་མཁྱེན་པའི་སྣང་བ་ཡིས། །ས་གསུམ་མཛེས་པར་མཛད་ལ་གསོལ་བ་འདེབས། ༢ །གང་དུ་མཚན་དཔེའི་མེ་ཏོག་འཁྲུངས་པའི་མོད། །དམ་པས་བསྔགས་འོས་ཡོན་ཏན་དྲི་བསུང་གཏེར། །རྫོགས་པར་བཟུང་བའི་དགེ་མཚན་འཇིག་རྟེན་ན། །ཉིན་བཞིན་རྟག་ཏུ་འཆར་ལ་གསོལ་བ་འདེབས། ༣ །དགེ་བའི་བཤེས་ཀྱིས་ཡོངས་སུ་བཟུང་བ་དང་། །ཚུལ་གནས་ཐོས་བསམ་ཕ་མཐར་སོན་པ་དང་། །སྒོམ་བྱུང་ཤེས་རབ་ཟབ་མོའི་འཇུག་པ་རྣམས། །ལྷན་ཅིག་རྒྱས་པར་གྱུར་


JKT001_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གསོལ་བ་འདེབས། ༤ །མཁས་བཙུན་བཟང་པོའི་གཙུག་ན་མངོན་མཐོ་ཞིང་། །མཁྱེན་བརྩེ་ནུས་པའི་ཕྲིན་ལས་མཁའ་མཐར་བརྡལ། །འཆད་རྩོད་རྩོམ་ལ་འཇིགས་མེད་སེང་གེའི་དབྱངས། །སྲིད་འདིར་མཚུངས་པ་བྲལ་ལ་གསོལ་བ་འདེབས། ༥ །ཁྱད་པར་དཔལ་ལྡན་དེ་ཉིད་འདུས་པ་ཡི། །ཆོས་ཀྱི་ཕུང་པོ་ཟད་མི་ཤེས་པ་གང་། །འགྱེད་ལ་ཁྱོད་དང་སྟོན་མཆོག་ཉི་མའི་གཉེན། །རྣམ་ཐར་གཅིག་ཏུ་མཚུངས་ལ་གསོལ་བ་འདེབས། ༦ །མཁས་རྣམས་བསྔགས་པའི་རོལ་མོ་སྒྲོག་པ་དང་། །གྲུབ་རིགས་ཀུན་གྱིས་ཕྱག་གིས་འདུད་པ་དང་། །སྲས་བཅས་རྒྱལ་བས་དགྱེས་པར་ལུང་བསྟན་པའི། །དཔལ་ལྡན་འཇིགས་མེད་གྲགས་པར་གསོལ་བ་འདེབས། ༧ །ཨེ་མ་གང་གི་ཚད་མེད་ཡོན་ཏན་གྱི། །རྣམ་ཐར་རྟག་ཏུ་ཡིད་ལ་གོམས་བྱས་པས། །བདག་སོགས་འགྲོ་ཀུན་སྲིད་ཞིའི་ཕ་མཐའ་ལས། །རྣམ་གྲོལ་སྐུ་བཞིའི་ངལ་འཚོ་བསྙེན་གྱུར་ཅིག ༨ །ཅེས་རྩོད་པའི་དུས་ཀྱི་ཐམས་ཅད་མཁྱེན་གཟིགས་གཉིས་པ་འཇིགས་མེད་གྲགས་པའི་རྣམ་ཐར་ལ་དང་བས་བསྔགས་པའི་མེ་ཏོག་ཕྲ་མོ་འཐོར་བ་འདིའང་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བློ་མཚོ་ལས་བྱུང་བའོ། །སརྦ་མངྒལཾ།། །།


previousཐམས་ཅད་མཁྱེན་གཟིགས་གཉིས་པ་འཇིགས་མེད་གྲགས་པའི་རྣམ་ཐར་ལ་དང་བས་བསྔགས་པ།next