Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
  expand section
  expand section
   
   
   


 
previousསྔ་འགྱུར་རྡོ་རྗེ་ཐེག་པའི་བསྟན་འཛིན་ཆེན་པོ་རྣམས་ལ་བསྔགས་བརྗོད་ཨུཏྤལ་འཛུམ་ཕྲེང་།next

སྔ་འགྱུར་རྡོ་རྗེ་ཐེག་པའི་བསྟན་འཛིན་ཆེན་པོ་རྣམས་ལ་བསྔགས་བརྗོད་ཨུཏྤལ་འཛུམ་ཕྲེང་།


JKT001_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

༈ སྔ་འགྱུར་རྡོ་རྗེ་ཐེག་པའི་བསྟན་འཛིན་ཆེན་པོ་རྣམས་ལ་བསྔགས་བརྗོད་ཨུཏྤལ་འཛུམ་ཕྲེང་ཞེས་བྱ་བ། ན་མོ་གུ་རུ་ཛྙཱ་ནཱ་ཡ། འཕགས་ཡུལ་ཆོས་ཀྱི་གན་མཛོད་ཆེན་པོ་ནས། །རིག་འཛིན་སྡེ་སྣོད་ནོར་བུའི་ཟ་མ་ཏོག །


JKT001_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་འཕྲོག་རི་རྩེ་ཟླ་ཞུན་གྱིས་བཅིངས་ལྗོངས། །འདྲེན་པའི་བྱེད་པོ་ལོ་ཆེན་བཻ་རོའི་དྲིན། ༡ །སྨྲ་བའི་ཟླ་བར་གྲགས་པའི་མཁྱེན་རབ་ཀྱང་། །སྙིང་དབུས་ཀུནྡའི་བཅུད་ལེན་ལ་བཏུང་བས། །གསང་རྒྱུད་རྒྱ་མཚོའི་མཚར་སྡུག་རྫོགས་པའི་དཔྱིད། །ཡེ་ཤེས་གཞོན་ནུའི་མཚན་གྱིས་རྣམ་པར་གསལ། ༢ །ཀུན་ཏུ་སྦས་པའི་ལམ་མཆོག་གདུགས་དཀར་པོ། །ཐུགས་བསྐྱེད་དཔུང་པས་ཁྱེར་བའི་དགེ་མཚན་། གྱིས། །གྲུབ་གཉིས་རྒྱལ་སྲིད་མཆོག་ལ་དབང་འབྱོར་བས། །ཆོས་ཀྱི་འཁོར་ལོས་སྒྱུར་བ་གནུབས་ཆེན་རྗེ། ༣ །ལུང་རྟོགས་བདུད་རྩིས་ཕྱུག་པའི་ཨ་ཏི་ཤས། །གང་གི་མཁྱེན་དཔྱོད་ཕ་མཐའ་མ་མཐོང་། ནས། །བསྔགས་པའི་ཨུཏྤལ་དཀར་པོ་བཞད་མཛད་ཕྱིར། །མཚུངས་ཟླས་བསྐྲུན་ནུས་མིན་ནོ་ཆོས་ཀྱི་བཟང་། ༤ །རྣམ་པ་ཀུན་གྱི་མཆོག་ལྡན་ཧེ་རུ་ཀ ་།ཟུང་འཇུག་གྲུབ་པ་བརྙེས་པའི་སྒྱུ་འཕྲུལ་ལ། །ཆགས་པ་འདི་ཀོས་བོད་ཡུལ་གསང་སྔགས་ཀྱི། །དགའ་སྟོན་མཆོག་ཏུ་བདོ་མཛད་ཤཱཀྱ་འབྱུང་། ༥ །བཤད་དང་སྒྲུབ་པའི་འཇོ་སྒེག་ཆུ་སྐྱེས་གསར། །སྔོན་གོམས་སྤོབས་པའི་ཕྱག་རྒྱས་དབྱེ་བ་ལས། གཞན་དྲིན་འཇོག་པ་མིན་པའི་ངོ་མཚར་གཏམ། །ཤེས་རབ་གྲགས་པའི་སྤྲིང་ཡིག་ཕྱོགས་བཅུར་སྤྲོ། ༦ །གསང་བ་འཛིན་པའི་བདག་ཉིད་སྙིགས་མའི་དུས། །མཚན་དཔེའི་ཟློས་གར་གསར་པ་བསྒྱུར་བའི་ཕྱིར། །


JKT001_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་སྦྱིན་འཁོར་གྱིས་བསྟེན་པའི་ཁྱད་པར་ལས། །གཞན་དུ་དབྱེ་བ་མེད་དོ་སྒྲོ་ཕུག་པ། ༧ །སྡེ་སྣོད་བཞི་པའི་ཆུ་གཏེར་ཆེན་པོ་ཉིད། །བློ་མཆོག་རིན་ཆེན་གྲུ་བོས་བརྒལ་ནས་སླར། །གྲུབ་གཉིས་འབྱོར་པས་བཀང་བའི་དེད་དཔོན་ཆེ། །ཤེས་རབ་སེང་གེར་གྲགས་པའི་བ་དན་གཡོ། ༨ །གསན་བསམ་སྒོམ་པའི་ལང་ཚོའི་སྒྱུ་རྩལ་གྱིས། །རྒྱན་དྲུག་མཆོག་གཉིས་ཁྲི་ལ་འཛེགས་ནས་སླར། །ལུང་རྟོགས་དགོས་དགུ་འདྲེན་པའི་ཤིང་རྟ་ཆེ། །དྲི་མེད་འོད་ཟེར་སྟོན་པ་གཉིས་པ་ཡིན། ༩ །བསླབ་པ་གསུམ་གྱི་ཆུ་གཏེར་ལས་ཐོན་ཞིང་། །གནས་ལྔ་རིག་པའི་འོད་ཟེར་འབུམ་གྱིས་འཁྱུད། །ངེས་དོན་རྒྱུད་སྡེའི་བདུད་རྩི་སྤྲོ་བའི་དཔྱིད། །པདྨ་དབང་གི་རྒྱལ་པོ་ལས་གཞན་སུ། ༡༠ །རྣམ་སྣང་རིགས་གྲོལ་སྒྱུ་འཕྲུལ་ལ་ཆགས་པའི། །ཟློས་གར་དཔག་བསམ་གཞོན་ནུའི་རོལ་སྒེག་ནི། །སྔ་འགྱུར་བསྟན་པའི་སྲོག་ཤིང་གཅིག་གྱུར་ཕྱིར། །འགྱུར་མེད་རྡོ་རྗེའི་ལུང་གིས་བསྔགས་མིན་ནམ། ༡༡ །གྲངས་མེད་མཁྱེན་པའི་པདྨ་དཀར་པོའི་ཚལ། །གཡུ་སྒྲའི་ཐུགས་བསྐྱེད་ཉི་ཟེར་གྱིས་སྨིན་པས། །བཤད་དང་སྒྲུབ་པའི་བཅུད་ལེན་རྟག་འཇོ་བའི། །ཁུར་ཆེན་ཚངས་པས་བཟོད་མིན་དྷརྨ་ཤཱི། ༡༢ །སོ་སོ་རིག་པའི་ཡེ་ཤེས་བརྙེས་དེའི་མཐུས། །བརྒྱ་ཕྲག་ངལ་བས་བསྐྲུན་ཀྱང་འཐོབ་དཀའ་བའི། །ལུང་རྟོགས་ཆོས་ཀྱི་འབྱོར་པས་མངོན་མཐོ་ཕྱིར། །ཀུན་


JKT001_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

མཁྱེན་ཁྲི་ལ་འཛེགས་པ་འཇིགས་མེད་གླིང་། ༡༣ །འཇམ་དཔལ་གཞོན་ནུའི་སྤོབས་པའི་ཡེ་ཤེས་ཀྱང་། །ངུར་སྨྲིག་བླ་གོས་གསར་པ་ལ་ཆགས་ཕྱིར། །བཤད་སྒྲུབ་སྒྲ་དབྱངས་སྲིད་རྩེར་སྒྲོག་པའི་དཔལ། །འཇིགས་མེད་བློ་ལྡན་རྒྱ་མཚོར་གྲགས་པ་གཡོ། ༡༤ །དེ་སོགས་ཟླ་བའི་རྡུལ་བརྩེགས་གངས་རིའི་ཁྲོད། །བསྔགས་འོས་བདེ་འབྱུང་རལ་རྩེས་མངོན་བཏུད་པའི། །མཁས་དང་གྲུབ་པའི་ཤར་གྱི་ཐིག་ལེ་ཡིས། །བསྟན་འགྲོར་སྨན་པའི་དགེ་མཚན་རྒྱ་ཆེར་བྱིན། ༡༠ །ཞེས་སྔ་འགྱུར་བསྟན་པའི་སྲོལ་འབྱེད་ཆེན་པོ་རྣམས་ལ་བསྔགས་བརྗོད་ཀྱི་མེ་ཏོག་ཕྲ་མོ་འདིའང་གཞོན་ནུ་ཨ་བྷཱ་ཡས་བཅོས་མིན་གྱི་མོས་གུས་ཆེན་པོས་མཚམས་སྦྱར་ཏེ་གང་ཤར་བཀོད་པ་ཛ་ཡནྟུ།། །།


previousསྔ་འགྱུར་རྡོ་རྗེ་ཐེག་པའི་བསྟན་འཛིན་ཆེན་པོ་རྣམས་ལ་བསྔགས་བརྗོད་ཨུཏྤལ་འཛུམ་ཕྲེང་།next