Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
  expand section
  expand section
   
   
   


 
previousཀུན་མཁྱེན་ཆེན་པོ་ལ་བསྟོད་པ་ཛམྦུའི་འཁྲི་ཤིང་།next

ཀུན་མཁྱེན་ཆེན་པོ་ལ་བསྟོད་པ་ཛམྦུའི་འཁྲི་ཤིང་།


JKT001_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཀུན་མཁྱེན་ཆེན་པོ་ལ་བསྟོད་པ་ཛམྦུའི་འཁྲི་ཤིང་ཞེས་བྱ་བ། ན་མོ་གུ་རུ་ཛྙཱ་ན་ཡེ། ཀ་དག་ཀློང་ཆེན་དགོངས་པར་དབང་བསྒྱུར་བས། །ཁ་ཙམ་མ་ཡིན་དོན་གྱི་ཐམས་ཅད་མཁྱེན། །ག་བུར་འཛིན་ལྟར་དྲི་མེད་ཐར་མཆོག་གིས། །ང་བདག་གདུང་སེལ་འོད་ཟེར་སྤྲོ་དེར་འདུད། ༡ །ཅ་ཅོ་རྣམ་སྤངས་གཞོམ་བྲལ་ནཱ་དའི་སྒྲ། །ཆུ་མེད་དབུ་མའི་དབྱིངས་སུ་སྒྲོག་པ་ལས། །ཇ་ཆང་སྐྱེམས་ཀྱིས་མི་མཚོན་ལུང་རྟོགས་ཆོས། །ཉ་རྒྱས་ཀུན་འཛུམ་བཞིན་སྩོལ་ལ་འདུད། ༢ །ཏ་ཐཱ་ག་ཏས་ལེགས་གསུངས་བདེན་གཉིས་ལམ། །ཐ་དད་མོས་པའི་རྗེས་འགྲོ་ཐེག་ཀུན་རྩེ། །ད་གཟོད་བསྐྱར་གྲོལ་ལས་འདས་རྫོགས་པ་ཆེ། །ན་མར་


JKT001_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

ཁོར་ཡུག་མཉམ་པར་རོལ་དེར་འདུད། ༣ །པ་སངས་ལྟར་དཀར་སྨོན་འཇུག་བདུད་རྩིས་རོལ། །ཕ་རོལ་ཕྱིན་ལམ་སྟེང་འཐུང་བཞད་པ་ལས། །བ་མཆོག་ཙིནྟ་མ་ཎི་ཇི་བཞིན་དུ། །མ་ལུས་འགྲོ་བའི་རེ་འདོད་སྐོང་ལ་འདུད། ༤ །ཙ་རི་ཏྲ་སོགས་གནས་ཡུལ་ཕྱག་རྒྱ་རུ། །ཚ་གྲང་ཁུར་དུ་བཟོད་པའི་དཀའ་སྤྱད་ཀྱིས། །ཛ་ཧུའི་རྒྱུན་བཞིན་བསྐྱེད་རྫོགས་ཏིང་འཛིན་དང་། །ཝ་ལྟར་རི་སུལ་དབེན་པར་སྦས་དེར་འདུད། ༥ །ཞ་རེངས་བྲལ་བའི་གཉུག་མའི་འཁྲི་ཤིང་ཆེར། །ཟ་མ་ཏོག་བཞིན་ཤེས་བྱའི་ཚོགས་བསྡམས་པས། །འ་ཅག་འགྲོ་བ་སྒྲོལ་ཕྱིར་ལུང་རྟོགས་ཆོས། །ཡ་བྲལ་ལས་འདས་རྟག་ཏུ་སྦྱིན་ལ་འདུད། ༦ །རྭ་། ལྟར་ཉེས་པའི་རྡུལ་གྱིས་མ་གོས་ཤིང་། །ལ་ཀླུང་འགྲོ་ལ་ཕན་བདེའི་དགའ་སྟོན་སྦྱིན། །ཤ་ཟ་སྲོག་གཅོད་དྲེགས་པའི་སྡེ་དཔོན་ཀུན། །ས་བཅུའི་བཀའ་རྟགས་གསར་པས་འཆིང་དེར་འདུད། ༧ །ཧཱ་རིའི་ལ དྲི་བསུང་འཐུལ་བའི་བདེ་སྟོང་རོས། །ཨ་ཏི་ཟུང་འཇུག་ལང་ཚོ་ཆེར་བརྟས་པས། །ཤེས་རབ་ཕ་རོལ་ཕྱིན་ཡུམ་རྗེ་བཙུན་མ། །བརྟན་པ་འཕྲོག་པའི་བྱེད་པོ་ཁྱོད་ལ་འདུད། ༨ །འགྱུར་བཅས་སྲིད་པའི་འཕོ་བ་དབུ་མར་ཞིག །འགྱུར་མེད་གདན་གསུམ་མཚན་དཔེའི་དཀྱིལ་འཁོར་སྨིན། །ཡོངས་གྲུབ་ཡེ་ཤེས་ཆེན་པོར་མཉམ་རོལ་པས། །ཞིང་ཁམས་ཀུན་སྦྱངས་འགྲོ་རྣམས་སྨིན་བགྱིད་ཤོག ༩ །ཡུལ་ལ་ལྟོས་


JKT001_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྤྲོས་བྲལ་སྟོང་པ་ཉིད། །ཡུལ་ཅན་བདེ་བ་ཆེན་པོས་རབ་བསྡམས་པས། །བདེ་སྟོང་ཟུང་འཇུག་རྣམ་ཀུན་མཆོག་ལྡན་དང་། །འཕོ་འགྱུར་བྲལ་བའི་གོ་འཕང་བརྙེས་གྱུར་ཅིག ༡༠ །གུས་པའི་ཆུ་གཏེར་ལས་སྐྱེས་ཚིག་གི་སྤྲིན། །རྣམ་དཀར་ཆར་གྱིས་སྤུད་པའི་དགེ་མཚན་གྱིས། །སྡུག་བསྔལ་བདེན་པའི་ཚ་གདུང་རབ་བཅིལ་ཏེ། །ལྷན་སྐྱེས་ཐར་པའི་པདྨོ་བཞད་ཕྱིར་བསྔོ། ༡༡ །ཞེས་ཀུན་མཁྱེན་སངས་རྒྱས་གཉིས་པའི་རྟོགས་པ་བརྗོད་པ་དང་མཐུན་པར་བསྔགས་པའི་མེ་ཏོག་ཕྲ་མོ་འདིའང་གཞོན་ནུ་ཨ་བྷཱ་ཡས་གང་ཤར་མྱུར་དུ་སྦྱར་བའོ། །


previousཀུན་མཁྱེན་ཆེན་པོ་ལ་བསྟོད་པ་ཛམྦུའི་འཁྲི་ཤིང་།next