Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
  expand section
  expand section
   
   
   


 
previousའཇམ་མགོན་སྤྲུལ་པའི་སྐུ་པདྨ་དབང་རྒྱལ་རྡོ་རྗེ་ལ་གསོལ་བ་འདེབས་པ་དད་པའི་མེ་ཏོག་མངོན་པར་གཡོ་བ།next

འཇམ་མགོན་སྤྲུལ་པའི་སྐུ་པདྨ་དབང་རྒྱལ་རྡོ་རྗེ་ལ་གསོལ་བ་འདེབས་པ་དད་པའི་མེ་ཏོག་མངོན་པར་གཡོ་བ།


JKT001_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་མགོན་སྤྲུལ་པའི་སྐུ་པདྨ་དབང་རྒྱལ་རྡོ་རྗེ་ལ་གསོལ་བ་འདེབས་པ་དད་པའི་མེ་ཏོག་མངོན་པར་གཡོ་བ་ཞེས་བྱ་བ་བཞུགས་སོ། །རྒྱ་གར་སྐད་དུ། མཉྫ་ནཱ་ཐ་ནིརྨ་ཀ་མ་ཧཱ་པཎྜི་ཏ་པདྨེནྡ་བཛེཉུདྡྷེཥཎ་ཤདྡྷ་ནི་པུཥྛ་བྷི་ཙ་ལ་ནཱ་མ། བོད་སྐད་དུ། འཇམ་མགོན་སྤྲུལ་པའི་སྐུ་པཎ་ཆེན་པདྨ་དབང་རྒྱལ་རྡོ་རྗེ་ལ་གསོལ་བ་འདེབས་པ་དད་པའི་མེ་ཏོག་མངོན་པར་གཡོ་བ་ཞེས་བྱ་བ། གསུང་གི་དབང་ཕྱུག་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །དགེ་ལེགས་ཡོན་ཏན་བྱེ་བའི་གཞིར་གྱུར་འདུལ་བ་གསུམ་གྱི་ཚུལ་ཁྲིམས་དང་། །ཏིང་འཛིན་ཤེས་རབ་ཆ་བཅས་ཡོངས་རྫོགས་སྲིད་ཞིའི་ཕ་མཐའ་ལས་བརྒལ་བཞིན། །ཀུན་གཟིགས་ཡེ་ཤེས་སྣང་བ་རྨད་བྱུང་འཇིག་རྟེན་གསུམ་གྱི་མགོན་གཅིག་པུ། །འཇམ་མགོན་པདྨ་དབང་གི་རྒྱལ་པོས་བྱང་ཆུབ་བར་དུ་བྱིན་གྱིས་རློབས། ༡ །རྟག་ཏུ་གཞན་ཕན་སྙིང་རྗེའི་དབང་པོ་སྤྲུལ་པའི་རྣམ་འཕྲུལ་མཐའ་ཡས་ཀྱང་། །གངས་ཅན་ལྗོངས་འདིར་ལྷག་པར་ཆགས་པའི་ཐུགས་བསྐྱེད་ཕྲིན་ལས་རྨད་བྱུང་བས། །རྒྱལ་བའི་མྱུ་གུ་དུ་མའི་གར་གྱིས་ཕན་བདེའི་ཤིང་རྟ་གཅིག་གྱུར་པ། །འཇམ་མགོན་པདྨ་དབང་གི་རྒྱལ་པོས་བྱང་ཆུབ་བར་དུ་བྱིན་གྱིས་


JKT001_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

རློབས། ༢ །ཁྱད་པར་མངའ་རིའི་ལྷོ་རྒྱུད་ས་གཞིར་ཤཱཀྱའི་རིགས་སུ་ཡོངས་གྲགས་པའི། །གངས་ཁྲོད་རྡོར་འཛིན་བྱེ་བའི་གཙུག་རྒྱན་གྲུབ་པ་མཆོག་གི་ཐིག་ལེ་རུ། །བསམས་བཞིན་སྲིད་པ་བཟུང་བའི་མོད་ནས་འཕགས་དང་མཁས་པས་ཕྱག་བྱས་པའི། །འཇམ་མགོན་པདྨ་དབང་གི་རྒྱལ་པོས་བྱང་ཆུབ་བར་དུ་བྱིན༔ ༣ །རང་དང་གཞན་དོན་ཕན་པ་ཆེར་བསྔགས་ཚུལ་ཁྲིམས་ཡོངས་སུ་དག་པས་བཙུན། །ཕྱི་ནང་རིག་གཞུང་གསན་བསམ་སྒོམ་ལ་འགྲན་པའི་ཟླ་གཞན་དབེན་ཞིང་མཁས། །རླབས་ཆེན་བསྟན་འགྲོར་སྨན་པའི་ལེགས་མཛད་བཟང་པོའི་ཕྲིན་ལས་མཁའ་ཁྱབ་པ། །འཇམ་མགོན་པདྨ་དབང་གི་རྒྱལ་པོས་བྱང་ཆུབ་བར་དུ་བྱིན ༤ །རིས་མེད་ཆོས་སྒོ་མཐའ་ཡས་འཆད་ཚེ་མ་ཕམ་གཉིས་པའི་དགེ་བའི་བཤེས། །སྒྲུབ་དང་སུན་འབྱིན་ཚེར་མ་དབྱུང་ལ་ཆོས་ཀྱི་གྲགས་པའི་རྩོད་ངག་ཅན། །དོན་ལྡན་ལེགས་བཤད་རྩོམ་པའི་ཕྲེང་བ་ཤིང་རྟ་ཆེན་པོའི་རྗེས་འགྲོ་བའི། །འཇམ་མགོན་པདྨ་དབང་གི་རྒྱལ་པོས་བྱང་ཆུབ་བར་དུ ༥ །ཇི་ལྟ་ཇི་སྙེད་མཁྱེན་པའི་ཡེ་ཤེས་འཇམ་དཔལ་གཞོན་ནུ་མངོན་སུམ་བཞིན། ། དམིགས་མེད་སྙིང་བརྩེའི་གཞན་དབང་ལ་ཆགས་འཇིག་རྟེན་དབང་ཕྱུག་གཟུགས་ཀྱི་ཟླ། །ནུས་པས་ཡིད་སྲུབས་དཔུང་བཅས་མཐར་མཛད་གསང་བ་འཛིན་པའི་སྙེམས་འཆང་བའི། །འཇམ་མགོན་པདྨ་དབང་


JKT001_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

གི་རྒྱལ་པོས་བྱང་ཆུབ་བར་དུ༴ ༦ །རྟག་ཏུ་ཆོས་བརྒྱད་འཆིང་བ་ལས་གྲོལ་སྤོང་དང་དབེན་པ་ལྷུར་ལེན་བཞིན། །ཡོངས་རྫོགས་བསྟན་པ་རྒྱ་མཚོའི་རིང་ལུགས་འཆད་དང་བསླབ་དང་སྒྲུབ་པ་དང་། །གྲུབ་པ་། མཆོག་གི་རྣམ་ཐར་ཕུལ་བྱུང་རྒྱལ་བ་དགྱེས་པའི་ངོ་མཚར་ཅན། །འཇམ་མགོན་པདྨ་དབང་གི་རྒྱལ་པོས་བྱང་ཆུབ་བར་དུ༔ ༧ །རྡོ་རྗེའི་གནས་ཡུལ་ཀུན་ཏུ་སྤྱོད་ཅིང་རྩ་གསུམ་འཁོར་ལོས་རྗེས་སུ་བཟུང་། །སྔོན་སྨོན་ཆེན་པོས་ཟབ་གཏེར་མཛོད་བརྙེས་སྔ་འགྱུར་མཆོག་གི་རིང་ལུགས་ལ། །བཤད་སྒྲུབ་ལས་གསུམ་མཛད་པའི་རྒྱུན་བཟང་དུས་ཀྱི་མཐར་ཡང་ནུབ་མེད་པ། །འཇམ་མགོན་པདྨ་དབང་གི་རྒྱལ་པོས་བྱང་ཆུབ་བར་དུ༔ ༨ །མདོར་ན་སྲས་བཅས་རྒྱལ་བ་ཀུན་དང་ཡོན་ཏན་རྣམ་དབྱེར་མི་ཕྱེད་པས། །ཐུབ་བསྟན་ནོར་བུའི་ཁྲི་ལ་དབང་སྒྱུར་སྟོན་པ་གཉིས་པའི་དགེ་མཚན་གྱིས། །བསྟན་འཛིན་བྱེ་བའི་དབུས་ན་མངོན་མཐོ་སྐྱབས་ཀུན་འདུས་པའི་ངོ་བོ་ཉིད། །འཇམ་མགོན་པདྨ་དབང་གི་རྒྱལ་པོས་བྱང་ཆུབ་བར་དུ༴ ༩ །དེ་ལྟར་སྙིང་ནས་དད་གསུམ་བདུད་རྩིས་གུས་པའི་མེ་ཏོག་བསྐྱེད་བསྲིངས་པ། །གསོལ་འདེབས་ཚིག་གིས་མངོན་པར་འཐོར་བའི་བསོད་ནམས་ནོར་བུའི་སྤྲིན་གཡོ་བས། །མགོན་ཁྱོད་ཡེ་ཤེས་གཟིགས་པའི་འབབས་སྟེགས་མཛེས་པར་བསྟར་བའི་ལེགས་བྱས་ལ། །ཐུགས་རྗེའི་འཇུག་པས་ལྷག་པར་


JKT001_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་ཏེ་བྱང་ཆུབ་བར་དུ་བྱིན༴ ༡༠ །སྟོང་གསལ་རང་རིག་འདུས་མ་བྱས་པ་གཞི་དབྱིངས་རང་བཞིན་རྫོགས་པ་ཆེ། །སྤངས་རྟོགས་སེམས་ཀྱི་ཕུལ་དུ་སོན་པ་འབྲས་བུའི་མཐར་ཐུག་ལམ་བྱེད་པའི། །བླ་མེད་རྡོ་རྗེ་ཐེག་པའི་ཡན་ལག་བྱང་སེམས་སོ་སོར་ཐར་དང་བཅས། །འཆད་དང་བསླབ་པའི་ཚུལ་དུ་ཤེས་ནས་ཚུལ་བཞིན་འཇུག་པར་བྱིན༴ ༡༡ །ངེས་པར་འབྱུང་བའི་ཚུལ་ཁྲིམས་རབ་བཟུང་སྤོང་བདུན་འཁོར་འདས་ལས་ལྡོག་ཅིང་། །བསླབ་ཚུལ་ཆོས་རྣམས་དག་པར་ཡོངས་སྦྱོང་བདེ་བར་གནས་པའི་སྤྱོད་པས་མཛེས། །ལྟུང་དང་རྩོད་པའི་གདུང་བ་བསྙིལ་ཞིང་ཏིང་ངེ་འཛིན་དང་ཤེས་རབ་ཀྱིས། །ཉོན་མོངས་བདག་ལྟའི་རྒུད་པ་ཀུན་ཞི་ཡོན་ཏན་རྒྱས་པར་བྱིན༴ ༡༢ །གཞན་གྱི་དོན་དུ་སངས་རྒྱས་བསྒྲུབ་ཕྱིར་སྒོ་གསུམ་ཉེས་སྤྱོད་ཆ་བཅས་སྤོང་། །ཕར་ཕྱིན་དྲུག་གིས་དགེ་ཆོས་སྡུད་པས་རྒྱལ་སྲས་སྤྱོད་བ ཡུལ་རྒྱ་མཚོར་འཇུག །བསྡུ་དངོས་རྣམ་བཞིས་གཞན་དོན་སྤྱོད་ལ་ཁ་ན་མ་ཐོ་རིང་དབེན་པས། །ལམ་ལྔ་ས་བཅུའི་སྤངས་རྟོགས་རབ་རྫོགས་དོན་གཉིས་འགྲུབ་པར་བྱིན༴ ༡༣ །རྒྱུད་སྡེ་རྣམ་བཞིའི་དཔང་གིས་སྨིན་ཅིང་ཞེན་རྟོགས་ཐབས་ཤེས་ཕྱག་རྒྱར་སྡོམ། །རྩ་བ་ཡན་ལག་དམ་ཚིག་རྣམ་དག་མཚན་བཅས་མཚན་མེད་རྣལ་འབྱོར་དང་། །བསྐྱེད་དང་རྫོགས་པའི་ལམ་བཟང་ལ་བརྟེན་ཐུན་མོང་མཆོག་གི་རིག་འཛིན་


JKT001_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས། །སྐུ་དང་ཡེ་ཤེས་ཕྲིན་ལས་རྨད་བྱུང་ཚེ་འདིར་ཐོབ་པར༴ ༡༤ །མདོར་ན་སྡོམ་གསུམ་རང་ལྡོག་མ་འདྲེས་དགག་དགོས་ཡོངས་རྫོགས་ངོ་བོ་ཉིད། །གནས་འགྱུར་གྱིས་བཟུང་ཡོན་ཏན་ཡར་ལྡན་འགལ་མེད་དུས་སྐབས་གཙོར་སྤྱོད་པའི། །ཐེག་མཆོག་བཤེས་གཉེན་འབུམ་ཕྲག་འདུ་བས་བཤད་སྒྲུབ་བསྟན་པ་རྒྱས་པ་དང་། །འཇིག་རྟེན་ཕན་བདེའི་སྣང་བས་མཛེས་པའི་དགེ་མཚན་འགྲུབ་པར་བྱིན་གྱིས་རློབས། ༡༥ ། དེ་ལྟར་འཇམ་མགོན་ཚངས་པ་ལྷའི་མེ་ཏོག་གི་འབྲས་བུ་མཐར་ཕྱིན་པའི་མཆོག་གི་སྤྲུལ་པའི་སྐུ་མངའ་རི་མ་ཧཱ་པཎྜི་ཏ་པདྨ་དབང་རྒྱལ་རྡོ་རྗེ་གྲགས་པ་རྒྱལ་མཚན་དཔལ་བཟང་པོའི་རྨད་དུ་བྱུང་བའི་རྣམ་པར་ཐར་པ་ཕྱོགས་གཅིག་ཏུ་བསྔགས་པའི་སྒོ་ནས་གསོལ་བ་འདེབས་པ་དང་། སྡོམ་གསུམ་རྣམ་པར་ངེས་པའི་བསྟན་བཅོས་ཀྱི་ལུས་ཡོངས་རྫོགས་བརྗོད་བྱར་འབྲེལ་བའི་སྨོན་ལམ་དང་བཅས་པ་འདིའང་། ས་བཅུའི་དབང་ཕྱུག་ལྷ་སྲས་ཆོས་ཀྱི་བློ་གྲོས་བསམས་བཞིན་དུ་སྲིད་པ་ཉེ་བར་བཟུང་བ་སྤྲུལ་པའི་གཏེར་འབྱིན་རྒྱ་མཚོའི་འཁོར་ལོས་སྒྱུར་བ་ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པས་སྔ་འགྱུར་བསྟན་པ་གཉིས་ལྡན་གྱི་བཤད་སྒྲུབ་འཁྲུལ་པ་མེད་པའི་ལམ་སྲོལ་གསར་དུ་བྱེ་བའི་དགོངས་བཞེད་མཐར་ཕྱིན་པའི་རྟེན་འབྱུང་དུ། དགེ་སློང་དགེ་བའི་བཤེས་གཉེན་སྡེ་སྣོད་འཛིན་པ་པདྨ་མ་ཏིས་རྗེས་སུ་བསྐུལ་བས་མཚམས་སྦྱར་ཏེ། །རིག་པ་སྨྲ་བའི་གཟུགས་བརྙན་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་རབ་ཡིད་ལྕགས་སྤྲེལ་ལོའི་རྒྱལ་ཟླ་བའི་དཀར་ཕྱོགས་ཀྱི་རྒྱལ་བ་གཉིས་པར་བསམ་པ་དག་ཅིང་སྦྱོར་བ་གུས་པས་བྲིས་ཏེ་གསོལ་བ་བཏབ་པ་དགེ་ལེགས་འཕེལ། །


previousའཇམ་མགོན་སྤྲུལ་པའི་སྐུ་པདྨ་དབང་རྒྱལ་རྡོ་རྗེ་ལ་གསོལ་བ་འདེབས་པ་དད་པའི་མེ་ཏོག་མངོན་པར་གཡོ་བ།next