Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
  expand section
  expand section
   
   
   


 
previousརྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན་ལ་བསྟོད་པ་གྲུབ་གཉིས་མཆོག་སྦྱིན།next

རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན་ལ་བསྟོད་པ་གྲུབ་གཉིས་མཆོག་སྦྱིན།


JKT001_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། བཛྲ་དྷཱ་ར་མེ་ཏྲི་ཏཱ་ནནྡ་ཤཱ་ས་ན་དྷཱ་རེ་སྟུ་ཏི་དཱི་སིདྡྷ་ཤྲཱི་དཱ་ནཱ་མ། བོད་སྐད་དུ། རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན་ལ་བསྟོད་པ་གྲུབ་གཉིས་མཆོག་སྦྱིན་ཅེས་བྱ་བ། ངག་གི་དབང་ཕྱུག་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །རྣམ་ཀུན་མཆོག་ལྡན་ཡེ་ཤེས་སྐུ་ནི་མཚན་དཔེའི་མཚར་སྡུག་རྫོགས་པས་མཛེས། །མི་ཤིགས་བདེ་ཆེན་ནཱ་དའི་གསུང་ནི་སྤངས་རྟོགས་རོལ་མོར་འཆར་བས་སྙན། སྤྲོས་པའི་མཐའ་ལས་རྣམ་གྲོལ་ཐུགས་ནི་མཁྱེན་དང་བརྩེ་བའི་སྙིང་པོ་ཅན། །རྡོ་རྗེ་འཆང་དངོས་འཁོར་ལོའི་མགོན་པོས་བྱང་ཆུབ་བར་དུ་ཐུགས་རྗེས་ཟུངས། ༡ །གང་ཞིག་ཐོག་མཐའི་འཇུག་སྒོ་གཅིག་གྱུར་ཡོན་ཏན་རིན་ཆེན་ཕྲག་བརྒྱའི་གཞི། །ངེས་པར་འབྱུང་བའི་དཔྱིད་ཀས་ཡོངས་བཟུང་ཚུལ་ཁྲིམས་ཕུང་པོའི་མནྡ་ར། །རྣམ་གྲོལ་བཀྲ་ཤིས་དུ་མ་དང་བཅས་ལྔར་བཅས་ཀུན་དགའི་ངལ་འཚོའི་དཔྱིད། །རྡོ་རྗེ་འཆང་དངོས་འཁོར་ལོའི་མགོན་པོས ༢ །གཞན་ཕྱིར་ཡུན་རིང་དུ་གནས་གོམས་པའི་བྱམས་པ་ཆེན་པོའི་ཟླ་ཤེལ་ནི། །སྙིང་རྗེའི་ཤེལ་གྱི་དུ་བས་བསྡམས་ལ་བྱང་ཆུབ་སེམས་ཀྱི་འོད་རིས་ཅན། །ཐེག་པ་ཆེན་པོའི་འཆི་མེད་ལམ་དུ་སྐུ་དང་ཡེ་ཤེས་ངལ་འཚོ་མཁན། །རྡོ་རྗེ་འཆང་དངོས༴ ༣ །མང་དུ་ཐོས་པའི་ཕ་རོལ་སོན་ཕྱིར་དབྱིག་གཉེན་ས་འདིར་འོང་བ་བཞིན། །དེ་དོན་བསམ་པའི་སྒྲོ་འདོགས་ལེགས་


JKT001_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

ཆོད་ཆོས་ཀྱི་གྲགས་པའི་རྣམ་དཔྱོད་ཅན། །ཚེ་གཅིག་བསྒོམས་པས་གྲུབ་པའི་ས་བརྙེས་རྣལ་འབྱོར་དབང་ཕྱུག་གཟུགས་ཀྱི་ཟླ། །རྡོ་རྗེ་འཆང་དངོས༴ ༤ །འཆད་མཁས་དཔྱོད་ལྡན་རྣ་བར་ལྷུང་བས་ཡིད་ཀྱི་བརྟན་པ་དབང་མེད་འཕྲོག །རྩོད་པས་ཕས་རྒོལ་བྲག་རི་བསྙིལ་ལ་རྡོ་རྗེ་གཟེགས་མའི་མཚོན་འཆང་ཞིང་། །རྩོམ་ཚེ་སྡེབ་ལེགས་ཚིག་དང་དོན་བཅས་བློ་ལྡན་དགྱེས་པའི་མཆོད་སྤྲིན་ཅན། །རྡོ་རྗེ་འཆང་དངོས༴ ༥ ། འཇམ་མགོན་མཁྱེན་པའི་ཉི་གཞོན་གཡོ་བས་བློ་གྲོས་ཨུཏྤལ་རབ་ཏུ་རྒྱས། །ཕྱག་ན་པདྨོའི་བརྩེ་ཆེན་བདུད་རྩིས་ཡིད་ཅན་ཀུན་གྱི་སྨན་གཅིག་པུ། །གསང་འཛིན་ནུས་པའི་འཛུམ་དཀར་གསར་པས་སྲིད་ཞིའི་རྒུད་པ་ཀུན་སྲུང་བ། །རྡོ་རྗེ་འཆང་དངོས ༦ །དཀྱིལ་འཁོར་རྣམ་བཞིའི་མཐོ་རིས་ལས་འོངས་དབང་བཞིའི་གངྒཱའི་རྒྱུན་བཟང་པོས། །སྒྲིབ་པ་རྣམ་བཞིའི་ཚ་གདུང་ཀུན་བཅིལ་སྐུ་བཞིའི་ངལ་འཚོ་ལ་རོལ་བ ཞིང་། །དམ་ཚིག་སྡོམ་པའི་ལང་ཚོ་མཛེས་པས་རྒྱལ་བ་དགྱེས་པའི་རྣམ་ཐར་ཅན། །རྡོ་རྗེ་འཆང་དངོས༴ ༧ གསལ་སྟོང་ཟུང་འཇུག་ལྷན་ཅིག་སྐྱེས་པའི་གནས་ལུགས་མངོན་སུམ་གཟིགས་པ་ལས། །ཆོས་ཀུན་སེམས་ཉིད་སྒྱུ་མའི་རྣམ་རོལ་རྟེན་འབྱུང་བསམ་བརྗོད་བྲལ་བའི་གཤིས། །རྒྱུ་ལམ་འབྲས་གསུམ་འཁོར་འདས་དབྱེར་མེད་ངེས་དོན་དགོངས་པར་དབང་འབྱོར་པས། །རྡོ་རྗེ་འཆང་༴ ༨ ཐ་མལ་སྣོད་


JKT001_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

བཅུད་སྣང་བའི་ལྕགས་ཁམས་ལམ་བྱེད་རྣམ་བཞིའི་གསེར་འགྱུར་རྩིས། །རེག་པས་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་འཁོར་ལོའི་མཚར་སྡུག་ཏུ། །ཡོངས་ཤར་ཐུན་མོང་གྲུབ་པའི་ཉམས་བརྒྱས་ཕན་བདེའི་དགའ་སྟོན་མགྲོན་གཉེར་བས། །རྡོ་རྗེ་འཆང་དངོས༴ ཕུང་ཁམས་སྐྱེ་མཆེད་རྡོ་རྗེའི་གྲོང་ཁྱེར་གདན་གསུམ་ཚང་བའི་ལྷར་ཤེས་ཤིང་། །རྩ་ཡིག་བདུད་རྩི་རླུང་གི་དཀྱིལ་འཁོར་སྐུ་བཞིའི་ངོ་བོར་བྱང་ཆུབ་པས། །ཟབ་གསལ་གཉིས་མེད་ཡེ་ཤེས་མཆོག་གིས་སྣང་སྟོང་ཟུང་འཇུག་དཔལ་སྟེར་བ། །རྡོ་རྗེ་འཆང་དངོས༴ ༡༠ །སྦྱོར་བ་རྣམ་བདུན་ཆོ་གས་བཅིངས་པས་ལས་རླུང་དབུ་མའི་དབྱིངས་ཐིམ་ཞིང་། །ཟླ་བ་མེད་པ་སྒྲ་གཅན་གྲངས་ཀྱིས་རབ་སྒེག་གཏུམ་མོའི་མེ་ལྕེའི་རེག་བྱ་ཡིས། །ཧཾ་ཡིག་བདུད་རྩིར་བཞུ་བའི་བྱེད་པས་རང་བྱུང་ཡེ་ཤེས་མངོན་གྱུར་པའི། །རྡོ་རྗེ་འཆང་དངོས ༡༡ །ལུས་ངག་རྦ་རླབས་སྦྱོར་བ་ལེགས་སྦྱངས་པདྨ་ཅན་དང་ལྷན་ཅིག་ཏུ། །རྦ་རླབས་མཆོག་གི་བྱེད་པ་ལ་བརྟེན་གཟུང་འཛིན་དབུ་མར་ཐིམ་པ་ལས། །རྣམ་ཀུན་ཡེ་ཤེས་ཆེན་པོར་བྱང་ཆུབ་སྙིང་པོའི་དཔལ་འཛིན་པ། །རྡོ་རྗེ་འཆང་དངོས་འཁོར་ལོའི་མགོན་པོས་བྱང་ཆུབ་བར་དུ་ཐུགས་རྗེས་ཟུངས། ༡༢ །མཛད་འཕྲོ་ལུས།


previousརྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན་ལ་བསྟོད་པ་གྲུབ་གཉིས་མཆོག་སྦྱིན།next