Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
  expand section
  expand section
   
   
   


 
previousརྒྱལ་བའི་མྱུ་གུ་ཆོས་ཀྱི་དབང་པོ་རྗེས་སུ་དྲན་པའི་ངག་གི་ཕྲེང་བ་བཀྲ་ཤིས་བིཝའི་ལྗོན་བཟང་ཀུན་ཏུ་དགའ་བའི་ཚལ།next

རྒྱལ་བའི་མྱུ་གུ་ཆོས་ཀྱི་དབང་པོ་རྗེས་སུ་དྲན་པའི་ངག་གི་ཕྲེང་བ་བཀྲ་ཤིས་བིཝའི་ལྗོན་བཟང་ཀུན་ཏུ་དགའ་བའི་ཚལ།


JKT001_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བའི་མྱུ་གུ་ཆོས་ཀྱི་དབང་པོ་རྗེས་སུ་དྲན་པའི་ངག་གི་ཕྲེང་བ་བཀྲ་ཤིས་བིཝའི་ལྗོན་བཟང་ཀུན་ཏུ་དགའ་བའི་ཚལ་ཅེས་བྱ་བ་བཞུགས་སོ། །རྒྱ་གར་སྐད་དུ། ཛ་ཡཱངྒཱ་ར་དྷརྨེནྡྲ་སཱུ་ཏི། བོད་སྐད་དུ། རྒྱལ་བའི་མྱུ་གུ་ཆོས་ཀྱི་དབང་པོ་ལ་བསྟོད་པ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཨོ་རྒྱན་མཚོ་སྐྱེས་རྡོ་རྗེའི་རིང་ལུགས་འཆད་དང་སྒྲུབ་པས་འཛིན་པ་ལ། །འཇིགས་མེད་སྨྲ་བའི་སེང་གེ་ཉིད་ཅེས་འཇིག་རྟེན་ཀུན་ཏུ་གྲགས་འབར་བ། །ཆོས་ཀྱི་དབང་པོ་དཔལ་ལྡན་བླ་མའི་ཞབས་སེན་ཉིན་མོར་བྱེད་པའི་གཟིས། །བྱང་ཆུབ་བར་དུ་ཤིས་པའི་སྣང་བས་རྟག་ཏུ་དགེ་ལེགས་མཛད་གྱུར་ཅིག ༡ །གང་ཚེ་ཤེས་དང་ཤེས་བྱ་རོ་གཅིག་གདོད་མའི་དབྱིངས་སུ་བྱང་ཆུབ་ཀྱང་། །དམིགས་མེད་སྙིང་རྗེའི་རྫོགས་ལྡན་སྤྲིན་ཆེན་རྒྱས་པར་དཀྲིགས་པའི་འཛུམ་དཀར་ལས། །མཆོག་གི་སྤྲུལ་སྐུའི་སྒྱུ་འཕྲུལ་རོལ་མོས་ཡིད་ཅན་འདོད་པ་འཇོ་བའི་ཕུལ། །རྒྱལ་བའི་མྱུ་གུ་ཆོས་ཀྱི་དབང་པོས་བྱང་ཆུབ་བར་དུ་རྗེས་སུ་ཟུངས། ༢ །མཚན་དཔེའི་ཟླ་བ་བདུད་རྩིའི་འོད་ཅན་ཐོག་མར་འཆར་དང་ལྷན་ཅིག་པར། །རིག་དང་བརྩེ་སོགས་སྣང་ཆེན་དཀར་པོས་དཔྱོད་ལྡན་ཡིད་ཀྱི་ཀུ་མུ་དཱ། །ཅི་དགར་བཞད་པའི་ངལ་འཚོ་སྟེར་ལས་བསྔགས་པའི་ཆུ་གཏེར་འབུམ་གཡོ་བ། །རྒྱལ་བའི་མྱུ་གུ་ཆོས་ཀྱི་དབང་པོས ༣ །ཚུལ་གནས་ཁྲིམས་ཀྱི་མཐོ་རིས་ཚལ་དུ་མང་པོར་གསན་པའི་ཡོངས་འདུས་དབང་། །ཇི་བཞིན་བསམ་པའི་མེ་ཏོག་མཛེས་འབར་སྒོམ་བྱུང་ཤེས་རབ་འབྲས་དུད་པས། །འཕགས་དང་མཁས་མང་


JKT001_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

བློ་མཆོག་ཟུར་མིག་ཕྱོགས་དེར་གཅིག་ཅར་ལྷུང་གྱུར་པ། །རྒྱལ་བའི་མྱུ་གུ་ཆོས་ཀྱི་དབང་པོས་བྱང་ཆུབ༔ ༤ །ཆོས་བརྒྱད་འཁྲུལ་པའི་རྫུན་རིས་མ་ལུས་འོད་གསལ་ཞི་བའི་དབྱིངས་སུ་སིམ། །ཆོས་བཞིན་སྤྱོད་ཕྱིར་དབེན་པའི་རི་སུལ་ལྷ་ཡི་ཁང་བཟང་བཞིན་བསྟེན་ནས། །ཆོས་ཀྱི་སྙིང་པོ་ཐེག་ཆེན་ལམ་ལ་རྩེ་གཅིག་སྒྲུབ་པ་ལྷུར་བཞེས་པའི། །རྒྱལ་བའི་མྱུ་གུ༴ ༥ །གཟོད་ནས་རྣམ་གྲོལ་ཡེ་ཤེས་བརྙེས་༩qཀྱང་ཚོགས་ཟུང་བྱེ་བས་རྒྱུད་སྦྱངས་ཏེ། །ཟག་མེད་སྦྱོར་བའི་འབྲས་བུ་ལས་སྐྱེས་བདེན་པ་མངོན་སུམ་ཉིད་མཐོང་ཕྱིར། །སྤོབས་པའི་གཏེར་མཛོད་མཐའ་ཀླས་འཇོ་སྒེག་འཕགས་བཞིའི་དབུས་སུ་ཆེས་རྔམས་པ། །རྒྱལ་བའི་མྱུ་གུ ༦ །ཤིང་རྟ་ཆེན་པོའི་ལམ་སྲོལ་འཆད་ལ་དགོས་པའི་དོན་གྱིས་མདུན་བསུས་ཏེ། །བསྡུས་དོན་ཚོམས་སུ་ལེགས་པར་བཅད་ཅིང་ཚིག་གི་སྦྱོར་བ་སྙན་འཇེབས་ཀྱིས། །སྔ་ཕྱིའི་མཚམས་སྦྱོར་བརྒལ་ལན་དང་བཅས་མ་ཕམ་དགྱེས་པའི་གཟུགས་གཞན་པ། །རྒྱལ་བའི་མྱུ་གུ༴ ༧ །གཞལ་བྱ་མངོན་སུམ་མངོན་སུམ་མིན་དང་ཤིན་ཏུ་ལྐོག་གྱུར་ཇི་སྙེད་པ། །ཚད་མ་གསུམ་གྱིས་གཏན་ལ་ཕབ་ནས་དངོས་སྟོབས་རིག་པའི་མཚོན་རྣོན་པོས། །ཕས་རྒོལ་བརྟན་པ་གཅིག་ཅར་འཕྲོག་མཁས་ཆོས་ཀྱི་གྲགས་པའི་རྗེས་འགྲོ་བ། །རྒྱལ་བའི་མྱུ་གུ ༨ །ཚིག་སྙན་རྒྱན་གསུམ་ལམ་ལས་དྲངས་ཤིང་སྡེབ་ལེགས་སྦྱོར་


JKT001_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

བ་འབུམ་གྱིས་བཅིངས། །དོན་བཟང་རིན་ཆེན་ཐང་མར་བརྡལ་བས་དཔྱོད་ཤེས་ཡིད་ཀྱི་འདོད་རྒུ་འཇོ། །ཐུབ་བསྟན་སྲོག་ཤིང་བསྐལ་བརྒྱར་བརྟན་མཛད་ལེགས་བཤད་རྩོམ་ལ་དཔའ་བོའི་ཞབས། །རྒྱལ་བའི་མྱུ་གུ ་༩ །མཁྱེན་པས་ཤེས་དང་ཤེས་བྱ་ཀུན་གཟིགས་འཇམ་དཔལ་གཞོན་ནུའི་རྗེས་སུ་འགྲོ། །བརྩེ་བས་སེམས་ཅན་ཁམས་ཀུན་ཁྱབ་འཇུག་ཕྱག་ན་པདྨོའི་གཟུགས་ཀྱི་ཟླ། །ནུས་པས་ཡིད་སྲུབས་སྡེར་བཅས་སྙིལ་མཛད་གསང་བའི་བདག་པོའི་སྙེམས་འཆང་བ། །རྒྱལ་བའི་མྱུ་གུ༴ ༡༠ །མདོར་ན་སྲས་བཅས་རྣམ་འདྲེན་ཡོངས་ཀྱི་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་ཚུལ། །རྣམ་པ་ཉི་ཤུས་མངོན་པར་བྱང་ཆུབ་སྙིང་རྗེ་ཆེན་པོའི་ལུས་བཟུང་སྟེ། །སྙིགས་མའི་མཐར་ཡང་ཀུན་མཁྱེན་གཉིས་པའི་ཕྲིན་ལས་ས་གསུམ་རྒྱས་མཛད་པ། །རྒྱལ་བའི་མྱུ་གུ ༡༡ །དེ་ལྟར་ངག་གི་ནོར་བུའི་རྒྱུད་མང་དད་གསུམ་སོར་མོས་བསྒྲེངས་དང་བཅས། །རྣམ་ཀུན་གུས་པས་ཁྱོད་ཉིད་འབོད་ན་མཐའ་ཡས་འགྲོ་བའི་གཉེན་གཅིག་པུ། །ཅི་སླད་བདག་ལ་ཐུགས་བརྩེར་མི་མཛད་ཏིང་འཛིན་རྫུ་འཕྲུལ་མཐའ་ཡས་གཏེར། །རྒྱལ་བའི་མྱུ་གུ༴ ༡༢ །ཨེ་མ་འཕགས་ཁྱོད་བྱིན་རླབས་བདུད་རྩིས་ཡང་ཡང་ཡིད་ལ་བཤེས་བྱས་པས། །སྲིད་ལས་ངེས་འབྱུང་ཨུཏྤལ་ནགས་ཀླུང་ཐར་པའི་ཕྱོགས་སུ་རབ་གྲོལ་བར། །དད་སོགས་འཕགས་ནོར་འབྲས་བུའི་ཁུར་གྱིས་ཤིན་ཏུ་


JKT001_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

ལྕི་དང་ལྷན་ཅིག་པར། །རྒྱལ་བའི་མྱུ་གུ༴ ༡༣ །ཇི་ལྟར་ཁས་བླངས་ཁྲིམས་ཀྱིས་རྒྱུད་སྦྱངས་དབེན་པའི་བྲག་རིའི་ཁང་བཟང་དུ། །མང་ཐོས་བསམ་པས་གཏན་ལ་ཕབ་ཅིང་རྩེ་གཅིག་མཉམ་པར་བཞག་པ་ལས། །ལུས་སེམས་ཤིན་སྦྱང་བདེ་བས་རབ་བརླན་ཤེས་རབ་ཟབ་མོའི་གཟུངས་ཐོབ་བཞིན། །རྒྱལ་བའི་མྱུ་གུ ༡༤ །སྙིང་རྗེ་ཆེན་པོའི་མ་མས་རབ་བསྐྱེད་ཕར་ཕྱིན་དྲུག་གི་མཆོད་སྦྱིན་ཅན། །བསྡུ་དངོས་བཞི་ཡི་ཚངས་སྐུད་འཁྲིལ་ཆགས་འཕགས་རྣམས་དགྱེས་པའི་དྲང་སྲོང་ཆེའི། །སྤྱོད་ཚུལ་ནམ་ཡང་མཚུངས་པ་སྤངས་པས་འཇིག་རྟེན་དགེ་བའི་མཐུ་ཐོབ་བཞིན། །རྒྱལ་བའི་མྱུ་གུ༴ ༡༥ །སྙིང་ནི་བདེ་སྟོང་བདུད་རྩིས་རོས་སིམ་སྣང་སྤྱོད་ཐམས་ཅད་ལྷ་སྐུར་ཤར། །སྲོག་རྩོལ་དྷཱ་ཏིའི་ཕྱག་རྒྱར་དབང་བྱས་གཞོམ་མེད་འོད་གསལ་ཐིག་ལེ་ཆེར། །རྡོ་རྗེ་གསུམ་གྱི་དགའ་བས་སྙེམས་གྱུར་རིག་འཛིན་ཚོགས་དང་ལྷན་ཅིག་སེ ཏུ། །རྒྱལ་བའི་མྱུ་གུ ༡༦ །གནས་སྐབས་ཆོས་བཞིན་སྤྱོད་པའི་འགལ་ཟླ་ཡིད་སྲུབས་རྒྱུར་བཅས་མཚོན་རྣོན་པོ། །དབང་གཞུ་སར་པའི་རྗེས་སུ་སོན་པས་མཐུན་པའི་རྐྱེན་ཀུན་ཕུན་ཚོགས་ཏེ། །ཕན་དང་བདེ་བའི་ལེགས་བྱས་ཇི་སྙེད་ཉིན་རེ་ཞིང་ཡང་འཕེལ་བཞིན་དུ། །རྒྱལ་བའི་མྱུ་གུ་ཆོས་ཀྱི་དབང་པོས་བྱང་ཆུབ་བར་དུ་ཐུགས་རྗེས་ཟུངས། །མདོར་ན་རྒྱལ་བའི་མྱུ་གུའི་ཁྱུ་མཆོག་ཆོས་ཀྱི་དབང་པོའི་གསང་


JKT001_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་དང་། །རྣམ་དཀར་མཛད་པའི་ངོ་མཚར་མ་ལུས་འགྲོ་ཀུན་སྙིང་ལ་རྫོགས་གྱུར་པས། །སྲིད་དང་ཞི་བའི་ཕ་མཐར་མི་གནས་དགེ་མཚན་བྱེ་བའི་མནྡཱ་རས། །དེང་ནས་བཟུང་སྟེ་འཇིག་རྟེན་གསུམ་ན་རྟག་ཏུ་བཀྲ་ཤིས་སྣང་གྱུར་ཅིག ༡༨ །འདི་ལྟར་འཕགས་པ་དང་མཁས་པ་དང་སོ་སོ་སྐྱེ་བོ་རྣམ་ཤེས་ཤིན་ཏུ་ལྐོག་ཏུ་གྱུར་པ་དག་གིས་ཀྱང་ཨེ་མ་རྒྱལ་བའི་སྲས་ཆེན་པོའི་ཞེས་བསྔགས་པའི་མེ་ཏོག་ཕྱོགས་བརྒྱར་འགྲེམས་པ། མགོན་པོ་ཞི་བ་ལྷ་དང་དབྱེར་མི་ཕྱེད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ལ་བསྔགས་པའི་ཚིག་གི་སྦྱོར་བ་གྱིས་ཞེས། འཕགས་བཞིའི་རིགས་ལ་ཡང་དག་པར་གནས་པའི་དྲང་སྲོང་ཆེན་པོའི་བརྟུལ་ཞུགས་ཅན་བི་ཛ་ཡ་དྷརྨ་བྷ་དྲས་གུས་པས་བསྐུལ་བ་དོན་ཡོད་ཅིང་། རང་ཉིད་ཀྱིས་ཀྱང་སྐྱེ་བར་ངག་གི་ལས་དཀར་མིན་བསགས་པའི་གཉེན་པོར་ཆེད་དུ་དམིགས་ཏེ། ཀུན་མཁྱེན་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་དཀྱུས་གཅིག་ཏུ་དད་པས་གསོལ་བ་བཏབ་པའི་དགེ་བས་བདག་གཞན་རྣམས་ཀྱི་རྒྱུད་ལ་རྗེ་བཙུན་སྙིང་རྗེའི་གཏེར་དང་མི་གཉིས་པའི་བླ་མ་མཆོག་གི་ཡེ་ཤེས་གཟིགས་པའི་བྱིན་རླབས་མྱུར་དུ་འཇུག་པའི་རྒྱུར་གྱུར་ཅིག །མངྒ་ལཾ།། །།


previousརྒྱལ་བའི་མྱུ་གུ་ཆོས་ཀྱི་དབང་པོ་རྗེས་སུ་དྲན་པའི་ངག་གི་ཕྲེང་བ་བཀྲ་ཤིས་བིཝའི་ལྗོན་བཟང་ཀུན་ཏུ་དགའ་བའི་ཚལ།next