Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
  expand section
  expand section
   
   
   


 
previousདགེ་བའི་བཤེས་གཉེན་ཆེན་པོ་ཚུལ་ཁྲིམས་རྣམ་རྒྱལ་ལ་བསྔགས་པ་དད་པའི་མེ་ཏོག་རྒྱས་པ།next

དགེ་བའི་བཤེས་གཉེན་ཆེན་པོ་ཚུལ་ཁྲིམས་རྣམ་རྒྱལ་ལ་བསྔགས་པ་དད་པའི་མེ་ཏོག་རྒྱས་པ།


JKT001_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བའི་བཤེས་གཉེན་ཆེན་པོ་ཚུལ་ཁྲིམས་རྣམ་རྒྱལ་ལ་བསྔགས་པ་དད་པའི་མེ་ཏོག་རྒྱས་པ་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་ཤཱི་ལ་བི་ཛ་ཡཱ་ཡ། ཚུལ་གནས་ཁྲིམས་ཀྱི་ཆུ་གཏེར་ལས། །ལེགས་པར་འོངས་བའི་ཟླ་བ་ནི། །ཉེས་སྤྱོད་མུན་པའི་ཕྱོགས་ཀུན་ལས། །རྣམ་རྒྱལ་བདུད་རྩིའི་འོད་ཀྱིས་མཛེས། །མང་དུ་གསན་པའི་མན་ར། །ཚུལ་བཞིན་བསམ་པའི་ཡལ་ག་ཅན། །སྒོམ་


JKT001_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འབྲས་བུར་མངོན་དུད་པ། །ལྷར་བཅས་དགའ་བའི་རྒྱན་དུ་འཁྲུངས། །རྟག་ཏུ་དབེན་པའི་ནགས་ཀླུང་དུ། །ཞི་བ་དམ་པས་རབ་དགྱེས་ཀྱང་། །མཁའ་ཁྱབ་འགྲོ་ལ་རྗེས་བརྩེ་བའི། །ཐུགས་བསྐྱེད་སྲིད་ན་མཚུངས་པ་མེད། །འཆད་མཁས་ལེགས་བཤད་བྱེ་བའི་གླུ། །རྩོད་པའི་གཡུལ་གྱིས་མི་བརྫི་བ། །ཡི་གེར་འཕོས་པའི་རྩོམ་ཕྲེང་གིས། །ཐུབ་བསྟན་ཁང་བཟང་མཛེས་པར་བྱས། །གང་ཐུགས་བདེ་བ་ཆེན་པོ་ལས། །མ་གཡོས་བཞིན་དུ་ཅིར་སྣང་ཀུན། །ལྷ་སྔགས་མཉམ་པར་རབ་སྦྱར་བས། །མཚན་མའི་རྟོག་པ་དབྱིངས་སུ་བཅིལ། །ཨེ་མ་འཕགས་དང་མཁས་རྣམས་ཀྱིས། །ཡང་ཡང་བསྔགས་པའི་རྣམ་པར་ཐར། །ལན་གཅིག་ཡིད་ལ་བྱས་པས་ཀྱང་། །བསོད་ནམས་ཕུང་པོ་དཔག་མེད་ན། །ཡོན་ཏན་ཆ་ཤས་ཕྱོགས་གཅིག་ཙམ། །དད་པས་བརྗོད་པའི་ལེགས་བྱས་ཀྱིས། །སྐྱེ་ཞིང་སྐྱེ་བ་ཐམས་ཅད་དུ། །བླ་མ་མཆོག་གིས་རྗེས་བཟུང་ཤོག །ངེས་འབྱུང་ཆུ་ཡིས་རབ་བརླན་པའི། །གཞན་ཕན་བྱང་སེམས་པདྨ་དཀར། །བདེ་སྟོང་སྡོམ་པའི་འབྲས་འབར་བ། །འགྲོ་བ་ཀུན་གྱིས་ཐོབ་གྱུར་ཅིག །ཤེས་དང་སྙིང་བརྩེའི་ཐབས་མཁས་ཀྱིས། །སྲིད་ཞིའི་མཐའ་ལ་མི་གནས་པར། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས། །ཡིད་ཅན་ཀུན་ལ་འཁྱུད་པར་ཤོག །བཀྲ་ཤིས་གང་ཞིག་འཇམ་པའི་དཔལ། །ངུར་སྨྲིག་གར་


JKT001_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་བླ་མ་རྗེའི། །གསང་བ་གསུམ་དང་རྣམ་དཀར་གྱི། །མཛད་པས་ས་གསུམ་དགེ་གྱུར་ཅིག །ཅེས་པའང་དགེ་སློང་དགེ་བའི་བཤེས་གཉེན་རྣམ་རྒྱལ་ཆོས་བཟང་གིས་བསྐུལ་བ་ལྟར། འཇམ་དབྱངས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་དད་པས་གསོལ་བ་བཏབ་པ་བླ་མའི་བྱིན་རླབས་རྒྱུད་ལ་འཇུག་པའི་རྒྱུར་གྱུར་ཅིག། །།འདི་ཡན་གྱིས་བསྟོད་ཚོགས་སྐོར་ཅི་རིགས་པར་རྫོགས་སོ།། ༈ །།


previousདགེ་བའི་བཤེས་གཉེན་ཆེན་པོ་ཚུལ་ཁྲིམས་རྣམ་རྒྱལ་ལ་བསྔགས་པ་དད་པའི་མེ་ཏོག་རྒྱས་པ།next