Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
  expand section
  expand section
གསོལ་འདེབས་ཞབས་བརྟན་སྐོར།
   
   
   


 
previousགསོལ་འདེབས་ཞབས་བརྟན་སྐོར།next

གསོལ་འདེབས་ཞབས་བརྟན་སྐོར།

བླ་མ་རིགས་གསུམ་མགོན་པོའི་ཐུགས་དམ་གནད་ནས་བསྐུལ་བའི་གསོལ་འདེབས་མོས་གུས་ཀྱི་དབྱངས་སྙན།


JKT001_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་འདེབས་ཞབས་བརྟན་སྐོར་ནི། བླ་མ་རིགས་གསུམ་མགོན་པོའི་ཐུགས་དམ་གནད་ནས་བསྐུལ་བའི་གསོལ་འདེབས་མོས་གུས་ཀྱི་དབྱངས་སྙན་ཅེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་མཉྫགྷོ་ཥཱ་ཡ། མཁའ་ཁྱབ་རྒྱལ་བ་ཀུན་གྱི་སྐུ་ཡེ་ཤེས། །གཅིག་བསྡུས་བླ་མ་བརྟན་པའི་འཁོར་ལོ་ལ། །མི་ཕྱེད་སྙིང་ནས་གུས་པས་གསོལ་འདེབས་ན། །ཐུགས་རྗེའི་སྤྱན་གྱིས་གཟིགས་ཤིག་འཇམ་པའི་དབྱངས། །རྙེད་དཀའི་དལ་འབྱོར་མི་ལུས་ཐོབ་དུས་འདིར། །ལོང་མེད་འཆི་བ་དྲན་པའི་བརྩོན་འགྲུས་ཀྱིས། །སྲིད་པའི་ཕུན་ཚོགས་ཀུན་ལ་མ་ཆགས་པའི། །ཐར་འདོད་བློ་གྲོས་སྐྱེད་ཅིག་འཇམ་པའི་དབྱངས། །དེང་ནས་བཟུང་སྟེ་ཚེ་རབས་ཐམས་ཅད་དུ། །མཚན་ལྡན་བླ་མ་དགེ་བའི་བཤེས་གཉེན་གྱི། །ཞབས་པད་མཉེས་པ་གསུམ་གྱིས་བསྙེན་ནུས་པའི། །སྐལ་པ་བཟང་པོར་སྦྱོར་ཅིག་འཇམ་པའི་དབྱངས། །དེ་ལས་ཁས་བླངས་ཚུལ་ཁྲིམས་རྣམ་པར་དག །མང་དུ་ཐོས་དང་བསམ་པའི་ཕ་རོལ་སོན། །རྩེ་གཅིག་བསྒོམས་པས་ཞི་ལྷག་ཟུང་འཇུག་གི །ཏིང་


JKT001_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་སྒོ་བརྒྱ་འབྱེད་མཛོད་འཇམ་པའི་དབྱངས། །ལོག་སྨྲ་ཚར་གཅོད་གཞན་དག་རྗེས་བཟུང་བའི། །ཐུན་མོང་རིག་པའི་གནས་ལ་མ་རྨོངས་ཤིང་། །ཁྱད་པར་སྡེ་སྣོད་རྒྱུད་སྡེའི་ངེས་གསང་ལ། །འཁྲུལ་མེད་བློ་གྲོས་སྩོལ་ཅིག་འཇམ་པའི་དབྱངས། །འཆད་མཁས་བློ་ལྡན་བྱེ་བའི་ཡིད་དབང་འཕྲོག །རྩོད་པས་ཕས་རྒོལ་འཁྲུལ་པའི་དྲེགས་པ་བཅོམ། །རྩོམ་པས་ཐུབ་བསྟན་ཡུན་རིང་གསལ་ནུས་པའི། །སྨྲ་བའི་དབང་ཕྱུག་སྩོལ་ཅིག་འཇམ་པའི་དབྱངས། །ཐ་སྙད་ཁོ་ནའི་གནས་ལ་མ་ཞེན་པར། །དབེན་པའི་གནས་སུ་མདོ་སྔགས་ལམ་གྱི་རིམ། །ཚུལ་བཞིན་བསྒྲུབས་པས་ཉམས་རྟོགས་ཡོན་ཏན་ཀུན། །རྩོལ་མེད་རྒྱུད་ལ་སྐྱེད་ཅིག་འཇམ་པའི་དབྱངས། །གལ་ཏེ་ཚེ་འདིར་བརྟན་པ་མ་ཐོབ་ན། །འཆི་བ་འོད་གསལ་དོན་གྱི་འཇམ་པའི་དཔལ། །མངོན་སུམ་མཐོང་ནས་ཆོས་སྐུའི་གྲོང་ཁྱེར་དུ། །འབྲལ་མེད་རྗེས་སུ་ཟུངས་ཤིག་འཇམ་པའི་དབྱངས། །དེར་ཡང་འཁྲུལ་ནས་བར་དོར་འཁྱམས་སྲིད་ན། །བླ་མ་མཆོག་དང་བརྟན་པའི་འཁོར་ལོ་ཡིས། །རྣམ་འཕྲུལ་དུ་མས་དག་པའི་ཞིང་ཁམས་སུ། །ལུང་བསྟན་དབུགས་དབྱུང་སྩོལ་ཅིག་འཇམ་པའི་དབྱངས། །ལས་ཉོན་དབང་གིས་སྲིད་པར་སྐྱེས་གྱུར་ཀྱང་། །དལ་འབྱོར་རྟེན་ཐོབ་ཐེག་ཆེན་རིགས་སད་ནས། །དཀའ་བ་མེད་པར་ལམ་གྱི་ལྷག་མ་ཀུན། །རྫོགས་པའི་རྟེན་འབྲེལ་སྒྲིགས་ཤིག་


JKT001_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་པའི་དབྱངས། །མདོར་ན་འདི་ཕྱི་བར་དོའི་གནས་སྐབས་ཀུན། །མགོན་པོ་ཁྱོད་ལས་སྐྱབས་གཞན་མི་འཚོལ་བས། །རང་གཞན་དོན་གཉིས་ལྷུན་གྱིས་གྲུབ་པ་ཡི། །དགེ་མཚན་མངོན་སུམ་སྩོལ་ཅིག་འཇམ་པའི་དབྱངས། ༈ །ན་མོ་གུ་རུ་ལོ་ཀེ་ཤྭ་རཱ་ཡ། སྲས་བཅས་རྒྱལ་ཀུན་སྙིང་རྗེའི་ཕུང་པོ་ལ། །བླ་མ་ཕྱག་ན་པདྨོར་མཚན་གསོལ་བར། །མི་ཕྱེད་གདུང་ཤུགས་དྲག་པོས་གསོལ་འདེབས་ན། །ཐུགས་རྗེས་ལྷག་པར་དགོངས་ཤིག་སྤྱན་རས་གཟིགས། །བདག་དང་བདག་འདྲའི་སྙིགས་མའི་མཐར་སྐྱེས་པའི། །ཡིད་ཅན་སྡུག་བསྔལ་རྒྱ་མཚོར་བྱིང་བ་ཀུན། །མགོན་པོ་ཁྱོད་ལས་སྐྱབས་གཞན་མ་འཚལ་ན། །སྡུག་བསྔལ་འདམ་ནས་དྲོངས་ཤིག་སྤྱན་རས་གཟིགས། །དལ་བརྒྱད་འབྱོར་བཅུས་བརྒྱན་པའི་ལུས་རྟེན་ཀྱང་། །འཇིག་པའི་རྐྱེན་མང་འཚོ་བའི་རྐྱེན་ཉུང་ཞིང་། །ཆོས་བཞིན་སྤྱོད་ལ་འགལ་རྐྱེན་ཆེས་མང་ཕྱིར། །མི་མཐུན་བར་ཆད་སོལ་ཅིག་སྤྱན་རས་གཟིགས། །དགེ་བའི་བཤེས་དང་དགེ་བའི་གྲོགས་པོ་དང་། །དབེན་པའི་གནས་དང་ཆོས་མཐུན་ཡོ་བྱད་དང་། །དད་དང་སྙིང་རྗེ་ཤེས་རབ་བརྩོན་འགྲུས་སོགས། །མཐུན་རྐྱེན་ལེགས་ཚོགས་སྩོལ་ཅིག་སྤྱན་རས་གཟིགས། །དོ་ནུབ་ཙམ་ཡང་མི་འཆིའི་གདེང་མེད་བཞིན། །སྒྲུབ་ལ་ཕྱི་བཤོལ་བྱེད་པའི་ངང་རིང་པོ། །བདག་ལ་དམ་ཆོས་ཡོང་དུས་མི་གདའ་བས། །


JKT001_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

བཙན་ཐབས་འཁྲུལ་པ་ཤིག་ཅིག་སྤྱན་རས་གཟིགས། །གཏིང་ནས་འཁོར་བའི་འདོད་ཞེན་མ་ལོག་པས། །རྣམ་དཀར་བསྒྲུབ་ཀྱང་སྲིད་པའི་འདུན་མར་འཆོར། །ཐར་པའི་ས་བོན་བྲལ་བའི་དམན་བདག་ལ། །ངེས་འབྱུང་དྲག་པོ་སྐྱེད་ཅིག་སྤྱན་རས་གཟིགས། །རང་ཉིད་ཁོ་ན་སྲོག་ལས་ཐར་འདོད་ཀྱང་། །རྣམ་མཁྱེན་གོ་འཕང་ཐོབ་པའི་ཐབས་མེད་པས། །གཞན་ཕྱིར་བྱམས་དང་སྙིང་རྗེ་བྱང་ཆུབ་སེམས། །བཅོས་མིན་རྒྱུད་ལ་སྐྱེད་ཅིག་སྤྱན་རས་གཟིགས། །ཇི་སྲིད་བདག་ཏུ་འཛིན་པའི་བློ་ཡོད་པ། །དེ་སྲིད་གཟུང་འཛིན་འཁྲུལ་པ་མི་ཟད་པས། །སོ་སོར་རྟོག་པའི་ཤེས་རབ་རལ་གྲི་ཡིས། །སྤྲོས་པའི་དྲྭ་བ་ཆོད་ཅིག་སྤྱན་– རས་གཟིགས། །མདོར་ན་ཚེ་འདིར་ཆོས་སྤྱོད་མཐར་ཕྱིན་ཅིང་། །འཆི་བའི་དུས་ཀྱང་གནད་གཅོད་སྡུག་བསྔལ་བྲལ། །བྱང་ཆུབ་སེམས་གཉིས་བཞོན་པ་ལ་བརྟེན་ནས། །བདེ་ནས་བདེ་བར་དྲོངས་ཤིག་སྤྱན་རས་གཟིགས། །གང་དུ་སྐྱེས་ཀྱང་དགེ་བའི་བཤེས་དང་མཇལ། །སུ་དང་འགྲོགས་ཀྱང་ཆགས་སྡང་འཆིང་བ་བྲལ། །ཇི་ལྟར་བསྒྲུབ་ཀྱང་བྱང་ཆུབ་སྤྱོད་མཆོག་ལས། །ནམ་ཡང་འབྲལ་མེད་མཛོད་ཅིག་སྤྱན་རས་གཟིགས། །མཐར་ཐུག་རང་དོན་སྤངས་རྟོགས་མཐར་ཕྱིན་ནས། །གཞན་དོན་མཁའ་ཁྱབ་སྙིང་རྗེའི་ཕྲིན་ལས་ཅན། །མགོན་པོ་ཁྱོད་དང་རྣམ་ཐར་དབྱེར་མེད་པའི། །གོ་འཕང་མྱུར་དུ་སྩོལ་ཅིག་སྤྱན་རས་


JKT001_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

གཟིགས། ༈ །ན་མོ་གུ་རུ་བཛྲ་པཱ་ཎ་ཡེ། སྲས་བཅས་རྣམ་འདྲེན་ཡོངས་ཀྱི་གསང་བ་གསུམ། །གཅིག་བསྡུས་བླ་མ་ཕྱག་ན་རྡོ་རྗེའི་ཞབས། །སྙིང་ནས་དྲན་པའི་གདུང་བས་གསོལ་འདེབས་ན། །མངོན་སུམ་བྱིན་གྱིས་རློབས་ཤིག་གསང་བའི་བདག །སྙིགས་མའི་དུས་མཐར་སྐྱེས་པའི་ཡིད་ཅན་རྣམས། །གང་དུ་གནས་ཀྱང་ནད་མཚོན་ཕོངས་པ་དང་། །ཡིད་སྲུབས་དཔུང་དང་བཅས་པས་སྐབས་བཙལ་བར། །རྡོ་རྗེའི་གོ་ཆས་སྲུངས་ཤིག་གསང་བའི་བདག །ལྷག་པར་སྟེང་འོག་བར་གསུམ་གདོན་གྱི་རིགས། །རྣམ་པ་དུ་མས་འགྲོ་བའི་སྲོག་འཕྲོག་ཅིང་། །སྣོད་བཅུད་རྒུད་པའི་གདུང་བ་ལ་སྦྱོར་བ། །མཐུ་སྟོབས་ནུས་པས་ཐུལ་ཅིག་གསང་བའི་བདག །གཞན་ཡང་འཇིགས་པ་བརྒྱད་དང་བཅུ་དྲུག་སོགས། །མི་མཐུན་འགལ་རྐྱེན་དུ་མའི་ལྕགས་སྒྲོག་གིས། །བདག་གཞན་ལུས་ངག་ཡིད་གསུམ་བཅིངས་པ་ཀུན། །ཡེ་ཤེས་འོ རལ་གྲིས་ཆོད་ཅིག་གསང་བའི་བདག །ཚུལ་བཞིན་མ་ཡིན་ཡིད་ལ་བྱེད་པ་ཡི། །ཆགས་སྡང་རྨོངས་པའི་འཐིབ་བུས་ནོན་པ་ན། །ཐུགས་རྗེ་ཉིན་མོར་བྱེད་པའི་གཟི་འོད་ཀྱིས། །ཉོན་མོངས་མུན་པ་སོལ་ཅིག་གསང་བའི་བདག །སྐད་ཅིག་ཙམ་ཞིག་དགེ་བའི་སེམས་སྐྱེས་ཀྱང་། །བདུད་དང་བདུད་ཀྱི་རིས་ཀྱི་བར་ཆད་ཀྱིས། །བློ་སྣ་ལོག་པའི་ལམ་དུ་སྒྱུར་བྱེད་པའི། །བྱང་ཆུབ་ལམ་གེགས་སྒྲོལ་ཅིག་གསང་བའི་བདག །


JKT001_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་བརྒྱུད་ངེས་པར་འབྱུང་དང་བྱང་ཆུབ་སེམས་གཉིས་དང་། །རྒྱལ་བའི་སྲས་ཀྱི་སྤྱོད་པ་རྒྱ་མཚོ་ལ། །རང་དབང་བསྒྱུར་ནས་ཀུན་མཁྱེན་ཡེ་ཤེས་ཀྱི། །གོ་འཕང་མྱུར་དུ་སྩོལ་ཅིག་གསང་བའི་བདག །ཁྱོད་ནི་རྒྱལ་བའི་གསུང་རབས་མཐའ་དག་དང་། །ལྷག་པར་རྡོ་རྗེ་ཐེག་པ་ཀུན་འཛིན་ཕྱིར། །གསང་ཆེན་ལམ་གྱི་རྟེན་འབྲེལ་མ་ལུས་པ། །རྩོལ་མེད་རྒྱུད་ལ་སྐྱེད་ཅིག་གསང་བའི་བདག །དབང་གིས་རྒྱུད་སྨིན་དམ་ཚིག་རྣམ་པར་དག །རིམ་པ་གཉིས་ཀྱི་ཏིང་འཛིན་མཐར་ཕྱིན་པས། །འཇིག་རྟེན་འཇིག་རྟེན་འདས་པའི་དངོས་གྲུབ་ཀྱི། །དགའ་སྟོན་ལྷུག་པར་སྩོལ་ཅིག་གསང་བའི་བདག །གལ་ཏེ་ཚེ་འདིར་གྲུབ་མཐའ་མ་རྙོགས་ན། །སྲིད་པ་ཀུན་ཏུ་དལ་འབྱོར་ལུས་རྟེན་མཆོག །མཐོ་རིས་ཡོན་ཏན་བདུན་གྱིས་རབ་མཛེས་པའི། །རིགས་སུ་སྐྱེ་བར་མཛོད་ཅིག་གསང་པའི་བདག །སྐྱེས་མ་ཐག་ཏུ་དགེ་བའི་བཤེས་དང་མཇལ། །གསུང་གི་བདུད་རྩི་ཚུལ་བཞིན་བསྒྲུབས་པ་ལས། །མགོན་པོ་ཁྱོད་དང་ཡོན་ཏན་མཚུངས་པ་ཡི། །སྐལ་བཟང་མངོན་སུམ་སྩོལ་ཅིག་གསང་བའི་བདག །དེ་ལྟར་ཕྱོགས་དུས་རྒྱལ་བ་སྲས་བཅས་ཀྱི། །མཁྱེན་བརྩེ་ནུས་པའི་ཡེ་ཤེས་གཅིག་བསྡུས་པ། །དཔལ་ལྡན་བླ་མ་རིགས་གསུམ་སེམས་དཔའ་ཡི། །ཐུགས་རྗེ་བསྐུལ་ཞིང་གསོལ་བ་གདབ་པའི་མཐུས། །ཇི་ལྟར་སྨོན་པའི་གནས་ཀུན་མྱུར་འགྲུབ་ཅིང་། །བསྟན་


JKT001_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་ཞབས་བརྟན་བཤད་སྒྲུབ་བསྟན་པ་དར། །འགྲོ་རྣམས་རྫོགས་ལྡན་དུས་ཀྱི་འབྱོར་པ་དང་། །སྲིད་ཞིའི་དགེ་ལེགས་རྒྱས་པའི་བཀྲ་ཤིས་སྩོལ། །ཅེས་པའང་སྔ་སོར་དད་དམ་གཏོང་བའི་ནོར་གྱིས་མངོན་པར་མཐོ་བ་ཕྱག་མཛོད་བློ་གྲོས་བཟང་པོ་དང་། རྣམ་དཔྱོད་ཀྱི་ནོར་ཅན་འཇམ་དབྱངས་ཡོན་ཏན། ཉེ་བར་གནས་པ་ཚུལ་ཁྲིམས་རྒྱ་མཚོ་རྣམས་ཀྱིས་བླ་མ་ལ་གསོལ་བ་འདེབས་པ་ལམ་རིམ་གྱི་སྨོན་ལམ་དང་བཅས་པ་ཞིག་དགོས་ཞེས་བསྐུལ་བ་དང་། སླད་ཀྱིས་ཁྱབ་བདག་རྡོ་རྗེ་བཙུན་མོའི་ཡེ་ཤེས་གཟིགས་པའི་བདུད་རྩིས་བློ་གྲོས་ཀྱི་པདྨོ་ཁ་ཡོངས་སུ་བྱེ་བ་སྒྲུབ་བརྩོན་རྣལ་འབྱོར་གྱི་དབང་ཕྱུག་ཆོས་དབྱིངས་དཔལ་ལྡན་དང་། སྒྲུབ་བརྩོན་བློ་གྲོས་དཔལ་ལྡན་ཟུང་གིས་རྒྱང་རིང་མོ་ནས་ནན་ཏན་ཆེན་པོས་ཚུལ་འདི་ལྟ་བུ་ཞིག་གྱིས་ཤིག་ཅེས་བསྐུལ་བ་ལ་བརྟེན་ནས་རྗེ་བཙུན་བླ་མ་དམ་པ་རྣམས་ཀྱི་བྲན་དུ་གྱུར་པའི་ཀུན་རྨོངས་ཀུན་ཏུ་རྒྱུ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་ཡོན་ཏན་རིན་པོ་ཆེ་དུ་མའི་འབྱུང་གནས་དཔལ་ཨེ་ཝཾ་ཆོས་ལྡན་གྱི་བླ་བྲང་ཐར་པ་རྩེར། ལྷག་བསམ་དག་པས་གང་ཤར་རྩེ་གཅིག་ཏུ་གསོལ་བ་བཏབ་པའི་དགེ་བས་འདི་ཉིད་ཁ་ཏོན་དུ་བགྱིད་པ་སོགས་འབྲེལ་ཚད་རྣམས་ཀྱི་རྒྱུད་ལ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བཅོས་མིན་དུ་སྐྱེ་བའི་རྒྱུར་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། །།

བླ་མ་འོད་དཔག་མེད་པ་ལ་གསོལ་འདེབས་སྨོན་ལམ་དང་བཅས་པ་བདེ་ཆེན་ལམ་བཟང་།


JKT001_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

༈ བླ་མ་འོད་དཔག་མེད་པ་ལ་གསོལ་འདེབས་སྨོན་ལམ་དང་བཅས་པ་བདེ་ཆེན་ལམ་བཟང་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་ཨ་མི་ཏཱ་བྷ་ཡ། ཕྱོགས་བཅུ་དུས་གསུམ་སྐྱབས་གནས་ཀུན་གྱི་དངོས། །བླ་མ་མགོན་པོ་འོད་དཔག་མེད་པ་ལ། །བདག་སོགས་འགྲོ་ཀུན་དེང་ནས་བྱང་ཆུབ་བར། །མི་ཕྱེད་གུས་པས་ཕྱག་འཚལ་སྐྱབས་སུ་མཆི། །


JKT001_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་ཚོགས་ཀུན་འབུལ་སྡིག་སྒྲིབ་ཉེས་ལྟུང་བཤགས། །འགྲོ་དོན་མཛད་ལ་ཡི་རངས་ཆོས་འཁོར་བཅས། །རྟག་པར་བཞུགས་གསོལ་འདིས་མཚོན་དུས་གསུམ་གྱི། །དགེ་ཚོགས་མཐའ་དག་ཆོས་དབྱིངས་ཆེན་པོར་བསྔོ། །དེ་མཐུས་བདག་གཞན་ཡིད་ཅན་རྒྱ་མཚོ་ཀུན། །གནས་སྐབས་འགལ་རྐྱེན་མཐའ་དག་ཞི་བ་དང་། །ཚེ་བསོད་དཔལ་འབྱོར་ཡེ་ཤེས་ཡོན་ཏན་སོགས། མཐུན་རྐྱེན་འབད་མེད་འགྲུབ་པར་བྱིན་གྱིས་རློབས། །ནམ་ཞིག་འདིར་སྣང་ནུབ་པར་གྱུར་མ་ཐག །སྲས་བཅས་རྒྱལ་བས་བསྔགས་པའི་ཞིང་གི་མཆོག །ནུབ་ཕྱོགས་བདེ་ཆེན་དག་པའི་གཞལ་ཡས་སུ། །པདྨོའི་སྦུབས་ལས་བརྫུས་ཏེ་སྐྱེ་བར་ཤོག །དེར་ནི་བཅོམ་ལྡན་འོད་དཔག་མེད་མགོན་གྱི། །དགྱེས་པའི་འཛུམ་ཞལ་མངོན་སུམ་མཐོང་བའི་མོད། །ཕྱག་གཡས་བརྐྱངས་ནས་བདག་གི་མགོར་བཞག་སྟེ། །མྱུར་དུ་བྱུང་ཆུབ་ལུང་བསྟན་ཐོབ་པར་ཤོག །དེ་ཚེ་གཟུངས་དྲན་ཏིང་འཛིན་ཤེས་རབ་སོགས། །རྒྱལ་བའི་སྲས་ཀྱི་སྤྱོད་པ་རྒྱ་མཚོ་ཡིས། །བརྟེན་ནས་མིག་འཕྲུལ་ལྟ་བུའི་རྣམ་རོལ་གྱིས། །ས་བཅུ་ལམ་ལྔའི་ཕ་མཐར་ཕྱིན་པར་ཤོག །མདོར་ན་བདག་གི་མིང་ཙམ་ཐོས་པས་ཀྱང་། །འགྲོ་ཀུན་སྲིད་པའི་མཚོ་ལས་སྒྲོལ་བ་ལ། །འདྲེན་པ་འོད་དཔག་མེད་དང་མཚུངས་པ་ཡི། །དགེ་མཚན་མངོན་སུམ་བརྙེས་པའི་བཀྲ་ཤིས་ཤོག །ཅེས་པའང་སྔ་འགྱུར་བསྟན་པའི་


JKT001_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་མ་དཔལ་རི་སྤྲུལ་པའི་སྐུ་རིན་པོ་ཆེའི་ཡུམ་དྲུང་ནས་གསུང་གིས་བསྐུལ་བའི་ངོར། རྒྱལ་ཁམས་ཉུལ་བའི་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་ལྷག་བསམ་དག་པས་སྨོན་ལམ་དུ་བཏབ་པ་འགྲུབ་པར་གྱུར་ཅིག།

མཚོ་སྐྱེས་པདྨ་ཀ་ར་ལ་གསོལ་བ་འདེབས་པ་གྲུབ་གཉིས་སྤྲིན་གྱི་དོ་ཤལ།


JKT001_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

མཚོ་སྐྱེས་པདྨ་ཀ་ར་ལ་གསོལ་བ་འདེབས་པ་གྲུབ་གཉིས་སྤྲིན་གྱི་དོ་ཤལ་ཅེས་བྱ་བ་བཞུགས་སོ། །ན་མཔདྨ་ཀ་རཱ་ཡ། འོད་སྣང་མཐའ་ཡས་ཡེ་ཤེས་སྒྱུ་མའི་བྱིན། །སིནྡྷུའི་པདྨོའི་འཁྲི་ཤིང་ལ་ཆགས་པས། །འཕོ་ཆེན་འཇའ་ལུས་རྡོ་རྗེའི་ལང་ཚོ་ཅན། །མཚོ་སྐྱེས་པདྨ་ཀ་རར་གསོལ་བ་འདེབས། ༡ །བདེ་ཆེན་ཐིག་ལེ་གཅིག་ལས་མ་གཡོས་ཀྱང་། །སྣ་ཚོགས་སྤྲུལ་པའི་རྣམ་རོལ་མཐའ་ཀླས་ཀྱིས། །གང་འདུལ་སྒྱུ་མའི་ཟློས་གར་སྟོན་མཁས་པའི། །སྐུ་གསུམ་དབྱེར་མེད་ཁྱོད་ལ་གསོལ་བ་འདེབས། ༢ །ཕུང་ཁམས་སྐྱེ་མཆེད་ཟག་བཅས་ལྡོག་པ་ཀུན། །བདེ་སྟོང་བརྟུལ་ཞུགས་གཅིག་གིས་ཡོངས་སྦྱངས་པས། །ཟུང་འཇུག་རྡུལ་བྲལ་དྭངས་མའི་མཚན་དཔེ་ཅན། །ཚེ་དབང་རིག་འཛིན་ཁྱོད་ལ་གསོལ་བ་འདེབས། ༣ །ཡོངས་གྲུབ་གཉུག་མར་དེ་བཞིན་ཉིད་ཀྱི་རྩལ། །འགྲོ་འོང་རླུང་གི་རྒྱུ་བ་ཇི་སྙེད་ཀུན། །མི་ཕྱེད་ལོངས་སྤྱོད་འཁོར་ལོར་རོ་གཅིག་པའི། །གྲག་སྟོང་སྔགས་ཀྱི་རོལ་མོར་གསོལ་བ་འདེབས། ༤ །གཟོད་ནས་རྣམ་གྲོལ་མཁའ་ཁྱབ་རྡོ་རྗེའི་དབྱིངས། །ལྷན་སྐྱེས་བདེ་བའི་དཔྱིད་དང་སྦྱར་བ་ལས། །ལྷུན་གྲུབ་རིག་པ་འཛིན་པའི་བདག་ཉིད་ཅན། །རྣམ་ཀུན་མཆོག་ལྡན་


JKT001_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོར་གསོལ་བ་འདེབས། ༥ །གང་གི་ཡོན་ཏན་མི་ཟད་ནོར་བུའི་རྡུལ། །ལན་གཅིག་ཐོབ་ཀྱང་རྨད་བྱུང་དོན་གཉིས་གཏེར། །འབད་མེད་ཅིར་ཡང་སྦྱིན་པའི་ངོ་མཚར་གྱི། །འཇུག་པ་བསམ་བརྗོད་བྲལ་ལ་གསོལ་བ་འདེབས། ༦ །ཐབས་མཁས་ཕྲིན་ལས་རྣམ་བཞི་རྗེས་ཆགས་གར། །སྣ་ཚོགས་གདུལ་བྱའི་དཔྱིད་དུ་ཟློས་པ་ལས། །ཕན་བདེའི་དགའ་བ་རྒྱས་པའི་རོལ་མོ་ཅན། །ཟླ་མེད་སྔགས་རིག་གྲུབ་དེར་གསོལ་བ་འདེབས། ༧ །གསང་གསུམ་རྔ་ཡབ་དཔལ་རིར་རྟག་བཞུགས་ཀྱང་། །རྡུལ་བྲལ་ཡེ་ཤེས་དག་པའི་སྤྱན་རས་ཀྱིས། །གཟིགས་པས་གངས་ཅན་འགྲོ་བའི་གདུང་བ་ཀུན། །སེལ་མཛད་བཀའ་དྲིན་ཅན་དེར་གསོལ་བ་འདེབས། ༨ །ཁྱོད་ནི་ངེས་པར་དཔལ་ལྡན་བླ་མའི་སྐུར། །ཡོངས་བཞེངས་སྨིན་གྲོལ་གདམས་པའི་བདུད་རྩི་ཡིས། །སྐལ་བཟང་གྲུབ་གཉིས་ལང་ཚོ་རྒྱས་མཛད་པའི། །ཟུང་འཇུག་རྡོ་རྗེ་འཆང་དེར་གསོལ་བ་འདེབས། ༩ །གང་ཁྱོད་ཉེ་བར་བསྙེན་ཅིང་བསྒྲུབས་པ་ཡིས། །དུས་གསུམ་བདེ་གཤེགས་ཡོངས་ཀྱིས་བྱིན་བརླབས་ཤིང་། །མཆོག་ཐུན་ཕྲིན་ལས་སྩོལ་ཕྱིར་རྩེ་གཅིག་ཏུ། །མི་ཕྱེད་གུས་པ་ཆེན་པོས་གསོལ་བ་འདེབས། ༡༠ །བདག་སོགས་སྙིགས་མའི་ཡང་མཐར་སྐྱེས་པ་ཡིས། །ཡུལ་དང་དུས་དང་གྲོགས་ཀྱི་གཞན་དབང་གིས། །དལ་འབྱོར་འབྲས་བུ་སྟོར་བའི་


JKT001_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་མཐོང་ཚེ། །མགོན་པོ་ཁྱོད་ལས་སྐྱབས་གཞན་མ་མཆིས་པས། ༡༡ །རྟག་ཏུ་གཡེལ་བ་མེད་པར་གསོལ་འདེབས་ན། །གང་གི་གསང་གསུམ་རྡོ་རྗེའི་མཚན་དཔེའི་དཔལ། །མངོན་སུམ་མིག་གི་བདུད་རྩིར་བསྟན་ནས་ཀྱང་། །སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབ་ཏུ་གསོལ། ༡༢ །ཁྱད་པར་ངེས་འབྱུང་ཟབ་མོས་རབ་བསྐུལ་ནས། །འཁོར་བའི་མཚན་ཉིད་རྫུན་ལ་རྫུན་པ་རུ། །ཡོངས་སུ་ཤེས་ནས་གནས་གྲོགས་འབྱོར་པ་སོགས། །ཅིས་ཀྱང་དགོས་མེད་སྐྱེ་བར་བྱིན་གྱིས་རློབས། ༡༣ །དཔེ་གྲངས་རྒྱུ་ཡི་སྒོ་ནས་རྙེད་དཀའ་བའི། །རྟེན་ལ་ཐར་པའི་སྙིང་པོ་ལེན་པའི་ཕྱིར། །ཕུང་ཀྲོལ་ཁྱིམ་གྱི་ཅ་ཅོ་རིང་སྤངས་ཏེ། །བསླབ་གསུམ་ལམ་ལ་འཇུག་པར་བྱིན་གྱིས་རློབས། ༡༤ །དེ་ཡང་མཚན་ཉིད་ཀུན་ལྡན་བཤེས་གཉེན་གྱི། །ཞབས་རྡུལ་གཙུག་གི་ནོར་བུར་ལེགས་བསྟེན་ནས། །དད་གསུམ་མེ་ཏོག་འཛུམ་པའི་ཟུར་མིག་གིས། །སྨིན་གྲོལ་བདུད་རྩི་བཏུང་བར་བྱིན་གྱིས་རློབས། ༡༥ །ཆོས་པའི་གཟུགས་ཀྱིས་རྙེད་བཀུར་སྙན་གྲགས་རེ། །ཆོས་མིན་སེམས་ཀྱིས་ཐར་པའི་ས་བོན་སྲེག །ཕྱི་ནང་འཛོལ་བའི་ལག་ལེན་མི་སྤྱོད་པར། །རྩེ་གཅིག་དགེ་ལ་འབད་པར་བྱིན་གྱིས་རློབས། ༡༦ །དལ་འབྱོར་ལོངས་སྤྱོད་འཛོམ་ཚེ་དམ་ཆོས་དྲན། །ཅུང་ཟད་འབྱོར་པ་རྒུད་དུས་མི་དགེར་བསྙེན། །ཐ་མ་ལས་མཐའ་ལོག་པའི་བྱ་བཞག་


JKT001_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

ཅན། །ཚུལ་མིན་ལམ་ལས་ལྡོག་པར་བྱིན་གྱིས་རློབས། ༡༧ །ཁྱད་པར་ཉེ་དང་འཁོན་པའི་བུད་ཤིང་ལས། །རྣམ་པར་མཆེད་པའི་ཆགས་སྡང་མེ་ཆེན་གྱིས། །རང་རྒྱུད་སྲེག་བྱེད་དགྲ་གཉེན་སྒྱུ་མའི་དཔུང་། །ཞི་བདེའི་མལ་དུ་མནལ་བར་བྱིན་གྱིས་རློབས། ༡༨ །དང་པོར་ཐོས་པས་ལམ་མིན་ལས་ལྡོག་ཅིང་། །བར་དུ་བསམ་པས་ཆོས་སྤྱིའི་གནས་ལུགས་གོ །ཐ་མ་རྩེ་གཅིག་སྒོམ་པའི་བརྟུལ་ཞུགས་ཀྱིས། །ངེས་དོན་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། ༡༩ །རང་ཁྱིམ་ཆུང་དུ་འབད་པས་དོར་ནས་ཀྱང་། །དེ་ལས་འདུ་འཛིའི་སྒོ་བརྒྱ་དབྱེ་བ་ཡི། །གཞན་ཁྱིམ་སྲེད་པས་བཟུང་བའི་བློ་སྤངས་ཏེ། །རྩེ་གཅིག་དབེན་པ་སྙེག་པར་བྱིན་གྱིས་རློབས། ༢༠ །བསམ་གཏན་གྲུབ་པའི་ནགས་ཚལ་ཉམས་དགའ་བར། །དཀའ་ཐུབ་ཟས་དང་སྤྱོད་ལམ་དྲི་མེད་ཀྱིས། །རྣམ་པར་འཚོ་ཞིང་ཆོས་བཞིན་སྤྱོད་པ་ལས། །སྒོ་གསུམ་འདའ་བ་མེད་པར་བྱིན་གྱིས་རློབས། ༢༡ །རྟག་ཏུ་དབེན་པའི་གོ་ས་ལ་གནས་ཤིང་། །འདོད་ལ་བརྐམ་པའི་ཁེངས་པ་ཡོངས་བཏང་སྟེ། །མི་ཕྱེད་དད་གསུམ་པདྨོ་དགོད་པ་ཡིས། །ཐར་པའི་འབྲས་བུ་སྨིན་པར་བྱིན་གྱིས་རློབས། ༢༢ །གང་གི་དྲིན་གྱིས་ལྷན་སྐྱེས་བདེ་ཆེན་ཀྱང་། །སྐད་ཅིག་ཉིད་ལ་འཆར་བའི་བཀའ་དྲིན་ཅན། །དཔལ་ལྡན་བླ་མར་སངས་རྒྱས་ལས་ལྷག་པའི། །བཅོས་མིན་མོས་གུས་


JKT001_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོངས་པར་བྱིན་གྱིས་རློབས། ༢༣ །དེས་གསུངས་སྨིན་གྲོལ་ལམ་གྱི་སྲོག་ཤིང་མཆོག །སྤྱི་དང་བྱེ་བྲག་དམ་ཚིག་ལེགས་བསྲུངས་ཤིང་། །ཁྱད་པར་སྣང་གྲགས་རིག་པའི་ཆོས་རྣམས་ཀུན། །ལྷ་སྔགས་ཆོས་སྐུར་འཆར་བར་བྱིན་གྱིས་རློབས། ༢༤ །སྣོད་དང་བཅུད་དུ་འཛིན་པའི་ཞེན་སྣང་ཀུན། །གདན་གསུམ་སྒྱུ་འཕྲུལ་དྲྭ་བར་ཡོངས་ཤར་བས། །དག་རྫོགས་སྨིན་པའི་འབྲས་བུ་མངོན་གྱུར་པའི། །བུམ་དབང་གྲུབ་མཐའ་སྙོགས་པར་བྱིན་གྱིས་རློབས། ༢༥ །འགྲོ་འོང་དྲི་ཡི་བཞོན་པ་ཇི་སྙེད་ཀུན། །ཁ་སྦྱོར་གཉུག་མའི་ཏི་ལ་ཀར་བསྡོམས་པས། །འབར་འཛག་ཞུ་བདེའི་རོལ་མོར་འཆར་བའི་དཔྱིད། །གསང་དབང་ལམ་མཆོག་གོམས་པར་བྱིན་གྱིས་རློབས། ༢༦།ལྷན་སྐྱེས་ཕྱག་རྒྱ་འབར་བའི་ལང་ཚོ་ཡིས། །བདེ་ཆེན་དཔའ་བོའི་སྣང་ཆ་ལ་འཁྱུད་པས། །ཟུང་འཇུག་དགའ་བཞིའི་སྤྲིན་དུ་ཡོངས་ཤར་བའི། །ཤེར་ནི དབང་ལམ་མཆོག་གོམས་པར་བྱིན་གྱིས་རློབས། ༢༧ །བློ་འདས་རིག་སྟོང་གཉུག་མའི་ཡེ་ཤེས་མཆོག །བསལ་བཞག་བྲལ་བའི་ངང་དུ་མི་ཕྱེད་པས། །རྟོག་ཚོགས་ཤར་གྲོལ་དུས་མཉམ་ཆེན་པོ་རུ། །དོན་དབང་ལམ་མཆོག་གོམས་པར་བྱིན་གྱིས་རློབས། ༢༨ །དེ་བཞིན་ཉིད་དབྱིངས་ཟུང་འཇུག་སྒྱུ་མའི་གར། །འཇའ་ཟེར་ཐིག་ལེའི་ཆོས་ཉིད་ལ་གོམས་པས། །སྣང་བཞིའི་ཀློང་དུ་འཕོ་མེད་གྲུབ་པའི་དཔལ། །


JKT001_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

རྩལ་དབང་ལམ་མཆོག་གོམས་པར་བྱིན་གྱིས་རློབས། ༢༩ །གལ་ཏེ་གོམས་པ་སྟོབས་སུ་མ་གྱུར་ནས། །ཚེ་འདིར་གྲུབ་མཐའ་སྙོགས་པར་མ་ནུས་ན། །མྱུར་ལམ་འཕོ་བའི་ཟློས་གར་ལ་བརྟེན་ནས། །མཁའ་སྤྱོད་པདྨ་འོད་དུ་བགྲོད་པར་ཤོག ༣༠ །དེར་ཡང་རིག་འཛིན་རྣམ་བཞིའི་ཤིང་རྟ་ལ། །བརྟེན་ནས་མིག་འཕྲུལ་ལྟ་བུའི་རྩེ་དགའ་ཡིས། །འཆི་མེད་པདྨ་ཀ་རའི་རོལ་པ་རུ། །སྐུ་གསུམ་གོ་འཕང་ཐོབ་པར་ལྟ བྱིན་གྱིས་རློབས། ༣༡ །དེ་ལས་སླར་ཡང་སྙིང་རྗེའི་རོལ་མོ་ནི། །ཚད་མེད་གདུལ་བྱའི་དཔྱིད་དུ་སྟོན་པ་ཡིས། །ཕྲིན་ལས་འཇུག་པ་རྒྱུན་མི་འཆད་པའི་བདག །མགོན་པོ་ཁྱོད་དང་མཉམ་པར་བྱིན་གྱིས་རློབས། ༣༢ །དེ་ལྟར་རྩེ་གཅིག་སྨོན་པའི་གནས་སྐབས་ཀུན། །རིགས་ཀུན་ཁྱབ་བདག་དྲིན་ཅན་བླ་མ་དང་། །དབྱེར་མེད་སྲས་བཅས་རྒྱལ་བའི་བྱིན་རླབས་ཀྱིས། །དོན་གཉིས་མྱུར་དུ་སྨིན་པར་བྱིན་གྱིས་རློབས། ༣༣ །ཞེས་འཆི་མེད་པདྨ་ཀ་ར་ལ་གསོལ་འདེབས་ཐུགས་དམ་སྐུལ་བྱེད་ཀྱི་རིམ་པ་འདི་ནི། །དཔའ་བོ་མཁའ་འགྲོ་སྤྲིན་བཞིན་འདུ་བའི་དུས་ཀྱི་རྒྱལ་པོ་ཁྲུམས་ཟླའི་དཀར་ཕྱོགས་ཀྱི་ཚེས་བཅུའི་སྲིད་འཁོར་དུ་གྲུབ་པ་མཆོག་གི་བསྟི་གནས་དཔལ་ལྡན་པདྨ་འོད་གླིང་དུ་གཞོན་ནུ་འཇིགས་མེད་མཁྱེན་བརྩེས་སྐད་ཅིག་ལ་གསོལ་བ་བཏབ་པ་བདག་གཞན་གྱི་རྒྱུད་ལ་མཚོ་སྐྱེས་བླ་མའི་བྱིན་རླབས་མྱུར་དུ་འཇུག་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ། །

ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས་པ་དོན་གཉིས་ལྷུན་གྲུབ།


JKT001_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས་པ་དོན་གཉིས་ལྷུན་གྲུབ་བཞུགས། །སྲས་བཅས་རྒྱལ་བའི་ཐུགས་རྗེའི་རྒྱ་མཚོ་ལས། །ལྔ་བདོའི་མུན་པ་འཇིལ་མཛད་སྤྲུལ་པའི་སྐུ། །འཛམ་གླིང་བསྟན་པ་ཉིན་མོར་བྱེད་པའི་དཔལ། །ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས། །རྣམ་འདྲེན་བཞི་པ་ཤཱཀྱའི་རྒྱལ་པོ་ཉིད། །གཙུག་ཏོར་སྤངས་ནས་སིནྡྷའི་དྭངས་མཚོ་རུ། །ཆུ་སྐྱེས་གེ་སར་བཞད་པའི་རྩེར་ཞུགས་པའི། །སངས་རྒྱས་གཉིས་པ་མཚོ་སྐྱེས་རྡོ་རྗེར་འདུད། །རིག་འཛིན་བླ་མ་ཀུན་གྱི་ཡེ་ཤེས་གཟུགས། །གར་གྱི་དབང་ཕྱུག་ཡི་དམ་འཁོར་ལོའི་མགོན། །ལས་བཞི་ལྷུན་གྲུབ་རབ་འབྱམས་མཁའ་འགྲོའི་རྗེ། །རྩ་གསུམ་ཀུན་འདུས་ཨོ་རྒྱན་ཆེན་པོ་མཁྱེན། །བདག་སོགས་བསྐལ་མང་ལས་ཉོན་ས་བོན་ལ། །འཕྲལ་བྱུང་ཉེར་ལེན་ཆར་གྱིས་བྲན་པ་ཡིས། །སྡུག་བསྔལ་འཁྲི་ཤིང་སྤོམ་པོར་གྱུར་པ་ཀུན། །ཐུགས་རྗེ་ཡེ་ཤེས་མེ་ལྕེས་བསྲེག་ཏུ་གསོལ། །ཁྱད་པར་སྙིགས་ལས་ཆེར་སྙིགས་རང་མདངས་ཀྱིས། །ནད་མཚོན་མུ་གེ་ལོག་པའི་ལྟ་བ་ཡིས། །འགྲོ་ཀུན་ལམ་མིན་གཡང་སར་ལྷུང་བའི་ཚེ། །གང་གི་མཁྱེན་བརྩེའི་ལྕགས་ཀྱུས་བཟུང་དུ་གསོལ། །དེ་མཐུས་ཀུན་ཀྱང་ཡང་དག་ལྟ་ལ་དད། །རྫོགས་ལྡན་དགའ་སྟོན་གསར་པའི་ལོངས་སྤྱོད་ཀྱིས། །རྣམ་པར་འཚོ་ཞིང་བག་མེད་ལས་སྤངས་ཏེ། །མཐར་ཐུགས་གང་གི་ཐུགས་རྗེས་དབུགས་འབྱིན་གསོལ། །ནམ་ཞིག་ཚེ་འདིའི་འདུ་བྱེད་འཕོ་བའི་ཚེ། །རང་སྣང་རྣམ་དག་ཟངས་མདོག་དཔལ་རི་


JKT001_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

རུ། །རང་རིག་རྗེ་བཙུན་གུ་རུས་རྗེས་བཟུང་སྟེ། །རིག་འཛིན་རྣམ་བཞིའི་གོ་འཕང་མྱུར་ཐོབ་ཤོག །དེ་ལྟར་སྨོན་ལམ་བཏབ་པའི་མཐུ་བྱིན་གྱིས། །གནས་སྐབས་དུས་ཀྱི་རྒུད་པས་ཉེན་པའི་འགྲོ། ། །།ཕན་དང་བདེ་བའི་དགའ་སྟོན་རྟག་སྤྱོད་ཅིང་། །མཐར་ཐུག་རིག་འཛིན་བླ་མའི་ས་ཐོབ་ཤོག །ཅེས་པ་འདིའང་རྒྱལ་དབང་མཚོ་སྐྱེས་རྡོ་རྗེ་ལ་མི་ཕྱེད་པའི་དད་པས་མཚམས་སྦྱར་ཏེ་གཞོན་ནུ་ཨ་བྷཱ་ཡས་རང་ལོ་བཅུ་བཞི་པ་ཆུ་མོ་སྦྲུལ་གྱི་ལོར་གང་ཤར་བཟོ་མེད་དུ་ཆོ་འཕྲུལ་ཟླ་བའི་ཚེས་བཅུའི་ནུབ་མོར་གསོལ་བ་བཏབ་པ་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག །

བདེ་གཤེགས་ཀུན་འདུས་པདྨ་ཐོད་ཕྲེང་རྩལ་ལ་གསོལ་བ་འདེབས་པ་བྱིན་རླབས་བདུད་རྩིའི་རོལ་མཚོ།


JKT001_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་གཤེགས་ཀུན་འདུས་པདྨ་ཐོད་ཕྲེང་རྩལ་ལ་གསོལ་བ་འདེབས་པ་བྱིན་རླབས་བདུད་རྩིའི་རོལ་མཚོ་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་བྷྱ༔ གདོད་ནས་རྣམ་དག་འོད་གསལ་འདུས་མ་བྱས། །མཁའ་ཁྱབ་གཉུག་མའི་རྡོ་རྗེའི་ཡེ་ཤེས་དབྱིངས། །ཀུན་བཟང་ཆོས་སྐུ་པདྨ་འབྱུང་གནས་ལ། །སྙིང་ནས་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །གང་སྐུ་མཚན་དཔེའི་ཉམས་བརྒྱར་འབར་བའི་དཔྱིད། །དྲན་པ་ཙམ་གྱིས་གདུང་བ་ཀུན་སེལ་བའི། །ཡེ་ཤེས་ལུས་ཅན་བུདྨ་ཐོད་ཕྲེང་ལ། །སྙིང་ནས་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཁྱོད་གསུང་ཐོས་པའི་མོད་ནས་ལྷན་སྐྱེས་ཀྱི། །བདེ་ཆེན་སྣང་བ་དམ་པས་སྐལ་བཟང་རྣམས། །སྨིན་ཅིང་གྲོལ་མཛད་པདྨ་ཐོད་ཕྲེང་ལ། །སྙིང་ནས་གསོལ་བ༴ གང་ཐུགས་སྟོང་དང་སྙིང་རྗེ་དབྱེར་མེད་པས། །སྲིད་ཞིའི་མཐའ་ལ་མི་


JKT001_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སྒྱུ་འཕྲུལ་གར། །མཁྱེན་བརྩེའི་བདག་ཉིད་རྡོ་རྗེ་ཐོད་ཕྲེང་ལ། །སྙིང་ནས༔ རྨད་བྱུང་ཡོན་ཏན་ཡིད་བཞིན་ནོར་བུ་ལྟར། །གང་གིས་གསོལ་བ་བཏབ་པས་མཆོག་ཐུན་གྱི། །དངོས་གྲུབ་སྩོལ་མཛད་རཏྣ་ཐོད་ཕྲེང་ལ། །སྙིང་ནས༴ ཕྲིན་ལས་རྣམ་བཞིའི་འཇུག་པས་ཡིད་ཅན་ཀུན། །ཕན་དང་བདེ་བའི་ངལ་འཚོ་ལ་སྦྱར་བའི། །འགྲོ་བའི་རེ་སྐོང་ཀརྨ་ཐོད་ཕྲེང་ལ། །སྙིང་ནས༔ གཞན་ཡང་སྤྲུལ་པའི་མཚན་མཆོག་བརྒྱད་ལ་སོགས། །གང་འདུལ་སྒྱུ་འཕྲུལ་དྲྭ་བའི་རྣམ་རོལ་ཅན། །སྐྱབས་གནས་ཀུན་འདུས་མཚོ་སྐྱེས་བླ་མ་ལ། །སྙིང་ནས་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །གནས་སྐབས་འགལ་རྐྱེན་བར་ཆད་ཀུན་ཞི་ཞིང་། །ཚེ་བསོད་དཔལ་འབྱོར་ལུང་རྟོགས་ཡོན་ཏན་སོགས། །ཆོས་མཐུན་བསམ་སྦྱོར་ཡིད་བཞིན་འགྲུབ་པར་ཤོག །ནམ་ཞིག་འདིར་སྣང་ནུབ་པར་གྱུར་པའི་ཚེ། །བདེ་བ་ཅན་དང་པདྨ་འོད་ལ་སོགས། །དག་པའི་ཞིང་དུ་ལུང་བསྟན་དབུགས་དབྱུང་ནས། །སྐུ་གསུམ་གོ་འཕང་མྱུར་དུ་འགྲུབ་གྱུར་ཅིག །མདོར་ན་འདི་ནས་བྱང་ཆུབ་སྙིང་པོའི་བར། །བདག་ལ་སྐྱབས་གནས་རེ་ས་གཞན་མེད་པས། །འདི་ཕྱི་བར་དོ་ཀུན་ཏུ་ཐུགས་རྗེས་ཟུངས། །མགོན་པོ་ཁྱོད་དང་མཉམ་པར་བྱིན་གྱིས་རློབས། །ཅེས་པ་འདིའང་ཤངས་ཟབ་བུ་ལུང་བདེར་གཤེགས་འདུས་པའི་ཕོ་བྲང་ཆེན་པོའི་ཉེ་འདབས་


JKT001_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྨན་ལྗོངས་ཉམས་དགའ་བ་ཞིག་ཏུ་སྣོན་ཟླ་བའི་དཀར་ཕྱོགས་ཀྱི་ཚེས་བཅུར་བྱ་བྲལ་བ་མཁྱེན་བརྩེའི་དབང་པོས་སྙིང་ནས་གུས་པ་ཆེན་པོས་གསོལ་བ་བཏབ་པ་སིདྡྷི་རསྟུ།། །།

འཆི་མེད་པདྨ་འོད་འབར་ལ་གསོལ་བ་འདེབས་པ་ཚེ་དང་ཡེ་ཤེས་མཆོག་སྦྱིན།


JKT001_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

༈ འཆི་མེད་པདྨ་འོད་འབར་ལ་གསོལ་བ་འདེབས་པ་ཚེ་དང་ཡེ་ཤེས་མཆོག་སྦྱིན་ཅེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་པདྨ་ཀ་རཱ་ཡ། །འཆི་མེད་གཉུག་མའི་རྡོ་རྗེའི་ཡེ་ཤེས་ནི། །འཆི་མེད་རྟག་པ་དམ་པའི་ངོ་བོ་ཉིད། །འཆི་མེད་པདྨ་འོད་འབར་ཚེ་མཐའ་ཡས། །འཆི་མེད་ཆོས་ཀྱི་སྐུ་ལ་གསོལ་བ་འདེབས། །འཆི་མེད་བདེ་ཆེན་འཕགས་མཆོག་སྙིང་རྗེའི་གཏེར། །འཆི་མེད་སྟོང་ཉིད་གསང་བ་ཡེ་ཤེས་ཡུམ། །འཆི་མེད་གྲུབ་པའི་རྣམ་རོལ་ཐོད་ཕྲེང་ལྔ། །འཆི་མེད་ལོངས་སྤྱོད་རྫོགས་སྐུར་གསོལ་བ༴ །འཆི་མེད་གདོད་མའི་ངང་ལས་མ་གཡོས་བཞིན། །འཆི་མེད་རྡོ་རྗེའི་མཚན་མཆོག་བརྒྱད་ལ་སོགས། །འཆི་མེད་སྒྱུ་འཕྲུལ་དྲ་བའི་གཟུགས་འཆང་བ། །འཆི་མེད་སྤྲུལ་པའི་སྐུ་ལ་གསོལ༴ །འཆི་མེད་ཟུང་འཇུག་གོ་འཕང་མངོན་གྱུར་པས། །འཆི་མེད་འདོད་དགུར་འཆར་བའི་ཡོན་ཏན་གྱིས། །འཆི་མེད་དགེ་མཚན་སྣང་བ་རབ་འབར་བ། །འཆི་མེད་རིག་འཛིན་མཆོག་ལ༴ །འཆི་མེད་བདུད་རྩིའི་རྒྱུན་གྱིས་ལུས་ཅན་ཀུན། །འཆི་མེད་ཚེ་ཡི་པདྨོ་རྒྱས་པ་དང་། །འཆི་མེད་ཡེ་ཤེས་སྩོལ་མཛད་ཕྲིན་ལས་ཅན། །འཆི་མེད་མཚོ་སྐྱེས་བླ་མར་གསོལ་བ་འདེབས། །གསོལ་བ་འདེབས་སོ་ཀུན་བཟང་པདྨ་འབྱུང་། །བྱིན་གྱིས་རློབས་ཤིག་ཨོ་རྒྱན་


JKT001_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

ཐོད་ཕྲེང་རྩལ། །བར་ཆད་སོལ་ཅིག་པདྨ་ཧེ་རུ་ཀ །དངོས་གྲུབ་རྣམ་གཉིས་ཚེ་འདིར་འགྲུབ་པར་མཛོད། །ནོར་བུ་སྨན་སོགས་ཕྱི་ཡི་རྟེན་འབྲེལ་དང་། །རྣལ་འབྱོར་ནུས་པ་ནང་གི་ཐབས་མཁས་ཀྱིས། །དུས་མིན་འཆི་བ་མཐའ་དག་ཞི་བྱས་ནས། །རིང་འཚོའི་དགའ་སྟོན་རྒྱས་པར་བྱིན་གྱིས་རློབས། །ཚུལ་ཁྲིམས་དག་པས་ལྷར་བཅས་ཀུན་གྱིས་སྲུང་། །བྱང་ཆུབ་སེམས་ཀྱིས་གདོན་བགེགས་དབང་དུ་གྱུར། །སྤྲོས་བྲལ་ལྟ་བས་སྐྱེ་འཆིའི་འཁྲུལ་སྣང་ཀུན། །གདོད་མའི་དབྱིངས་སུ་གྲོལ་བར་བྱིན་གྱིས་རློབས། །དཔལ་ལྡན་བླ་མའི་ཐུགས་རྗེའི་འོད་ཟེར་གྱིས། །ཕྱི་སྣོད་འབྱུང་ལྔའི་ཁམས་དང་སྲིད་ཞིའི་བཅུད། །བཀུག་སྟེ་ནང་གི་སྒོ་གསུམ་ལ་བསྟིམས་པས། །འགྱུར་མེད་རྡོ་རྗེའི་ངོ་བོར་བྱིན༔ རྒུད་པ་མེད་པའི་ལང་ཚོའི་གཟི་འོད་དང་། །སྟོབས་དང་རྩལ་གྱིས་ཕས་རྒོལ་ཟིལ་གནོན་ཅིང་། །དངོས་གྲུབ་བསོད་ནམས་རྣམ་པར་རྒྱས་པའི་དཔལ། །དབང་བཅུའི་མངའ་ཐང་འཕེལ་བར༔ འཆི་མེད་སྲོག་གི་མདུད་པ་དམ་པོར་བཅིངས། །མི་ཤིགས་ཚེ་ཡི་ལྗོན་བཟང་རབ་ཏུ་བརྟན། མ་འགག་བློ་དང་མྱུར་བའི་སྤོབས་པ་ཡིས། །ཕྱོགས་ལས་རྣམ་པར་རྒྱལ་བར༔ བསྐྱེད་རིམ་གསལ་བས་ཕུང་ཁམས་རྡོ་རྗེར་དག །བཟླས་བརྗོད་ནུས་པ་སྲོག་རྩོལ་རྡོ་རྗེར་རྫོགས། །གང་ཤར་རྟོག་ཚོགས་རང་གྲོལ་གཉུག་མའི་ངང་། །ཡེ་ཤེས་རྡོ་རྗེར་སྨིན་པར༴


JKT001_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་སྦྱོར་རླུང་གིས་འཆི་བདག་གཡུལ་ལས་རྒྱལ། །གཏུམ་མོའི་དྲོད་ཀྱིས་སྟོབས་དང་གཟི་བརྗིད་རྒྱས། །འབར་འཛག་ཞུ་བདེའི་རགས་པའི་རྩ་ཐིག་རླུང་། །དྭངས་མའི་ལུས་སུ་འགྲུབ་པར༔ བདེ་ཆེན་སྣང་ཆ་པདྨ་འོད་འབར་དང་། །ཤེས་རབ་མནྡཱ་ར་བ་མཉམ་སྦྱོར་བས། །དགའ་བཞི་དབུ་མར་རྫོགས་པའི་སྐད་ཅིག་ལ། །ལྷན་སྐྱེས་ཡེ་ཤེས་འཆར་བར༔ ཀ་དག་རིག་པ་སྐྱེ་འཆི་བྲལ་བར་རྟོགས། །ལྷུན་གྲུབ་སྣང་བཞི་མི་ཕྱེད་ཐིག་ལེར་ཤར། །ཟུང་འཇུག་འཇའ་ལུས་རྡོ་རྗེའི་ཞིང་ཁམས་སུ། །འཆི་མེད་སྐུ་གསུམ་འགྲུབ་པར་བྱིན་གྱིས་རློབས། །མདོར་ན་གནས་སྐབས་ཚེ་བསོད་དཔལ་འབྱོར་སོགས། །ཆོས་མཐུན་བསམ་སྦྱོར་གེགས་མེད་མཐར་ཕྱིན་ཅིང་། །མཐར་ཐུག་འཆི་མེད་རྟག་པའི་ཕྲིན་ལས་ཀྱིས། །དོན་གཉིས་ཡིད་བཞིན་འགྲུབ་པར་བྱིན་གྱིས་རློབས། །བཀྲ་ཤིས་སྲིད་དང་ཞི་བའི་ཡོན་ཏན་གྱི། །དགེ་ལེགས་སྣང་བ་ནུབ་པ་མེད་པའི་ཕུལ། །ཕུན་ཚོགས་འཆི་མེད་གྲུབ་པའི་ངོ་མཚར་དང་། །ལྷན་ཅིག་ཕན་བདེའི་འབྱོར་པ་རྒྱས་གྱུར་ཅིག །དེ་ལྟར་བརྗོད་བྱ་དང་རྗོད་བྱེད་གཉིས་ཀ་དགེ་མཚན་གྱི་ཁྱད་པར་དུ་མ་དང་ལྡན་པའི་གསོལ་འདེབས་ཀྱི་ཚིགས་སུ་བཅད་པ་སྨོན་ལམ་གྱིས་མཐའ་བརྟེན་པ་འདིའང་། མཚོ་སྐྱེས་པདྨ་འོད་འབར་གྱི་བྱིན་རླབས་སྣང་བ་དམ་པས་མཛེས་པ་འཆི་མེད་གཡའ་མ་ལུང་གི་དབེན་གནས་ཆེན་པོའི་ཉེ་འདབས་སུ་སྨིན་ཟླའི་དཀར་ཕྱོགས་ཀྱི་གྲལ་ཚེས་དགེ་བར་གསོལ་བ་བཏབ་པ་ལས། སླར་ཡང་རྣམ་པར་ཕྱེ་བའི་དགེ་བས་འགྲོ་ཀུན་ཚེ་བསོད་དཔལ་འབྱོར་ཡེ་ཤེས་ཡོན་ཏན་ཐམས་ཅད་རྒྱས་པའི་རྒྱུར་གྱུར་ཅིག །ཅེས་པའང་གཞོན་ནུ་ཨ་བྷཱ་ཡས་སོ། །

ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས་པ་རྡོ་རྗེའི་ཚིག་གི་དོན་བསྡུས་བྱིན་རླབས་གཏེར་ཆེན།


JKT001_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས་པ་རྡོ་རྗེའི་ཚིག་གི་དོན་བསྡུས་བྱིན་རླབས་གཏེར་ཆེན་ཅེས་བྱ་བ་བཞུགས་སོ། །ཨེ་མ་ཧོ། ། ངོ་བོ་མཁའ་ཁྱབ་འོད་གསལ་ཆོས་ཀྱི་སྐུ། །རང་བཞིན་ཡེ་ཤེས་ལྔ་ལྡན་ལོངས་སྤྱོད་རྫོགས། །ཐུགས་རྗེ་གང་འདུལ་སྒྱུ་འཕྲུལ་སྤྲུལ་པའི་སྐུ། །དུས་གསུམ་རྩ་བརྒྱུད་བླ་མ་ལ་གསོལ་བ་འདེབས། །བསྟན་པའི་སྙིང་པོ་ཟབ་གསང་རྡོ་རྗེའི་ཐེག །གདུལ་བྱ་འདུལ་བྱེད་ཐབས་མཆོག་ཁྱད་པར་ཅན། །ཞིང་འདིར་སྣང་མཛད་སྲས་བཅས་རྒྱལ་བའི་གཙོ། །རིག་འཛིན་པདྨ་བཛྲ་ལ་གསོལ་བ་འདེབས། །འོག་མིན་ཆོས་དབྱིངས་སྙིང་པོར་ཀུན་ཏུ་བཟང་། །བདེ་ཆེན་དག་པའི་ཞིང་ན་རིགས་མཆོག་ལྔ། །བསམ་ཡས་སྒྱུ་འཕྲུལ་དྲྭ་བའི་རྣམ་རོལ་ཅན། །མཚོ་སྐྱེས་རྡོ་རྗེ་འཆང་ཆེན་ལ་གསོལ་བ་འདེབས། ཆེ་མཆོག་ཡང་དག་སོ གཤིན་རྗེ་རྟ་མགྲིན་དབང་། །རྡོ་རྗེ་གཞོན་ནུ་མངོན་རྫོགས་ཚེ་ཡི་ལྷ། །རྣལ་འབྱོར་མ་སོགས་ཡི་དམ་ཞི་ཁྲོའི་དངོས། །ཁྱབ་བདག་པདྨ་དྲག་པོ་ལ་གསོལ་བ་འདེབས། །སྟོན་མཆོག་ཤཱཀྱའི་རྒྱལ་པོ་དགའ་རབ་རྗེ། །རིགས་གསུམ་སེམས་དཔའ་ལྷ་ཀླུ་མིའི་རིག་འཛིན། །ཡེ་ཤེས་གཅིག་ཉིད་དུ་མར་འཆར་བའི་གཟུགས། །འཆི་མེད་པདྨ་འབྱུང་གནས་ལ་གསོལ་བ་འདེབས། །ལྷོ་ནུབ་རྔ་ཡབ་ཟངས་མདོག་དཔལ་གྱི་གོ་དྲུག་


JKT001_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

རིར། །རང་སྣང་དག་པ་རབ་འབྱམས་གཞལ་མེད་དབུས། །རྩ་གསུམ་ཆོས་སྲུང་རྒྱ་མཚོའི་སྤྱི་དཔལ་ཆེ། །ཨོ་རྒྱན་པདྨ་ཐོད་ཕྲེང་ལ་གསོལ་བ་འདེབས། །རྒྱལ་དང་རིག་འཛིན་ཡོངས་ཀྱི་དགོངས་པའི་བཅུད། །འོད་གསལ་རྫོགས་ཆེན་སྒྱུ་འཕྲུལ་སྒྲུབ་སྡེ་བརྒྱད། །རྡོ་རྗེ་ཚེ་དང་ཤེས་རབ་རྣལ་འབྱོར་མའི། །རྩ་བརྒྱུད་བླ་མ་ཀུན་འདུས་ལ་གསོལ་བ་འདེབས། །གསང་སྔགས་འདུས་རྒྱུད་ཐུན་མོང་ཐེག་པར་བཅས། །ཀུན་གྱི་བཀའ་བབས་སྙན་བརྒྱུད་རྒྱ་མཚོའི་གཞི། །སྣང་གྲག་རྟོག་གསུམ་གཉུག་མའི་ཆོས་ཉིད་དང་། །དབྱེར་མེད་པདྨ་འོད་འབར་ལ་གསོལ༴ སིནྡྷའི་དྭངས་མཚོར་རང་བྱུང་མཚོ་སྐྱེས་རྗེ། །ཨིནྡྲ་བྷཱུ་ཏིའི་རྒྱལ་སྲས་ཐོར་ཅོག་ཅན། །བརྟུལ་ཞུགས་གྲུབ་པ་ཤཱནྟ་རཀྵི་ཏ། །སྤྱོད་འཆང་རྡོ་རྗེ་དྲག་རྩལ་ལ༔ ཤཱཀྱ་སེང་གེ་བློ་ལྡན་མཆོག་སྲེད་རྩལ། །འཆི་མེད་པད་འབྱུང་པདྨ་སཾ་བྷ་ཝ། །པདྨ་རྒྱལ་པོ་ཉི་མ་འོད་ཟེར་དང་། །གསང་བདག་སེང་གེ་སྒྲ་སྒྲོག་ལ ཐོད་ཕྲེང་རྩལ་དང་རྡོ་རྗེ་གྲོ་ལོད་སོགས། །རྡོ་རྗེའི་མཚན་དང་ངོ་མཚར་རྣམ་ཐར་དང་། །རྫུ་འཕྲུལ་བཀོད་པས་འཕགས་བོད་སྲིན་ཡུལ་གྱི། །མཐའ་ཡས་གདུལ་བྱ་འདུལ་མཛད་ལ༔ ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་བཅས་དང་། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་དབྱེར་མེད་པ། །གངས་ཅན་བསྟན་འགྲོའི་སྐྱབས་གཅིག་ཨོ་རྒྱན་རྗེ། །ཐུགས་རྗེ་བཀའ་དྲིན་


JKT001_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

མཚུངས་མེད་ལ༴ དད་གུས་མོས་པའི་གདུང་བས་རྒྱུད་བསྐུལ་ནས། །སྙན་འགྱུར་དབྱངས་ཀྱིས་ཉིན་མཚན་དུས་དྲུག་ཏུ། །རྩེ་གཅིག་གསོལ་བ་འདེབས་པའི་སྐལ་བཟང་ལ། །བྱིན་རླབས་ཆར་ཆེན་འབེབས་མཛད་ལ༴ མདོར་ན་ཁྱོད་ཞལ་དྲན་པའི་མོད་ཉིད་ནས། །གང་འདུལ་མཚན་དང་སྐུ་ཡི་བཀོད་པ་ཡིས། །ཕན་བདེའི་བསམ་པ་ལྷུན་གྱིས་གྲུབ་མཛད་པའི། །ཡིད་བཞིན་དབང་གི་རྒྱལ་པོ་ལ་གསོལ་བ་འདེབས། ། དེ་ལྟར་མི་ཕྱེད་གུས་པས་གསོལ་བཏབ་མཐུས། །བྱང་ཆུབ་བར་དུ་འབྲལ་མེད་རྗེས་བཟུང་ནས། །འགལ་རྐྱེན་ཀུན་ཞི་མཐུན་རྐྱེན་ཕུན་སུམ་ཚོགས། །རང་གཞན་དོན་གཉིས་འགྲུབ་པར་བྱིན་གྱིས་རློབས། །ཞེས་པའང་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་སྙིང་ནས་གུས་པའི་གདུང་བས་གསོལ་བ་བཏབ་པ་སྟེ། འདིས་ཀྱང་རང་གཞན་རྣམས་ཀྱི་རྒྱུད་ལ་དཔལ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོའི་ཡེ་ཤེས་གཟིགས་པའི་བྱིན་རླབས་མྱུར་དུ་འཇུག་པའི་རྒྱུར་གྱུར་ཅིག།། །།

སྐྱབས་གནས་ཀུན་འདུས་ཨོ་རྒྱན་རྡོ་རྗེ་འཆང་ཆེན་པོ་ལ་གསོལ་བ་འདེབས་པ་བྱིན་རླབས་ཀྱི་རོལ་མཚོ།


JKT001_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་གནས་ཀུན་འདུས་ཨོ་རྒྱན་རྡོ་རྗེ་འཆང་ཆེན་པོ་ལ་གསོལ་བ་འདེབས་པ་བྱིན་རླབས་ཀྱི་རོལ་མཚོ་ཞེས་བྱ་བ་བཞུགས་སོ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། ཀུན་བཟང་རིགས་ལྔ་སྟོན་པ་བཅུ་གཉིས་དང་། །རིགས་གསུམ་སེམས་དཔའ་ལྷ་ཀླུའི་རིག་འཛིན་སོགས། །དགོངས་བརྡ་སྙན་བརྒྱུད་རྒྱ་མཚོའི་ཁྱབ་བདག་ཆེ། །ཨོ་རྒྱན་རྡོ་རྗེ་འཆང་དབང་ལ་གསོལ་བ་འདེབས། མདོ་སྒྱུ་སེམས་དང་སྒྲུབ་སྡེའི་ཤིང་རྟ་མཆོག །རིགས་ཅན་དྲྭ་མ་ལྔ་དང་


JKT001_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོ་ཛ༔ དགའ་རབ་ཤྲཱི་སེང་རིག་འཛིན་གྲུབ་ཐོབ་བརྒྱད། །ཀུན་འདུས་པདྨ་སཾ་བྷ་ལ མཚོ་སྐྱེས་ཐོད་ཕྲེང་རིགས་ལྔ་དྲག་པོ་རྩལ། །མཚན་མཆོག་བརྒྱད་དང་འགྲོ་འདུལ་གུ་རུ་དྲུག །རྣམ་འཕྲུལ་མཁའ་ཁྱབ་འཕྲུལ་མཚན་ཉི་ཤུ་སོགས། །བསམ་ཡས་སྒྱུ་འཕྲུལ་དྲྭ་བ་ལ་གསོལ༴ མདོ་སྒྱུ་དགོངས་འདུས་བཀའ་བརྒྱད་ཕུར་པའི་ལྷ། ཚེ་འོད་དཔག་མེད་ཕག་ཁྲོས་སེང་གསུམ་སོགས། །གང་འདུལ་ཡིད་བཞིན་ནོར་བུའི་སྐུར་སྟོན་པ། །རྩ་གསུམ་ཀུན་འདུས་ཆེན་པོ་ལ༔ དངོས་གཅིག་དུ་མའི་ཚུལ་སྣང་མཁན་སློབ་ཆོས། །འབངས་རིགས་ཉེར་ལྔ་སོ་ཟུར་གནུབས་ཉང་སོགས། །བཀའ་གཏེར་དག་སྣང་བསྟན་འཛིན་རྒྱ་མཚོའི་ཡབ། །གངས་ཅན་སྟོན་པ་གཉིས་པ་ལ༴ དཱི་པཾ་ཀ་ར་འཇམ་དབྱངས་བདུན་བརྒྱུད་དང་། །མཉམ་མེད་དྭགས་པོ་འཇམ་མགོན་བླ་མ་སོགས། །ཕྱི་དུས་སླར་ཡང་ཐུབ་བསྟན་གསལ་མཛད་པའི། །གྲངས་མེད་སྤྲུལ་པར་སྟོན་མཛད་ལ༴ ད་ལྟར་རྔ་ཡབ་གླིང་དུ་འཆི་མེད་སྐུ། །མངོན་སུམ་བཞུགས་པའི་བཀོད་པ་བགྲང་ཡས་སོགས། །མཁའ་འགྲོ་ཆོས་སྐྱོང་ནོར་ལྷའི་ཚོགས་ཀྱི་རྗེ། །དུས་གསུམ་སྐྱབས་གནས་ཀུན་འདུས་ལ་གསོལ་བ་འདེབས། །དེ་ལྟར་མི་ཕྱེད་གུས་པའི་གདུང་ཤུགས་ཀྱིས། །འདི་ཕྱི་བར་དོ་ཀུན་ཏུ་གསོལ་འདེབས་ན། །འགལ་རྐྱེན་ཀུན་ཞི་བསམ་དོན་ཆོས་བཞིན་འགྲུབ། །ཁྱོད་ཀྱི་གོ་འཕང་ཐོབ་པར་བྱིན་གྱིས་རློབས། །ཞེས་པའང་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་མི་ཕྱེད་གུས་པས་ཐོལ་བྱུང་དུ་གསོལ་བ་བཏབ་པའོ། །

སྐྱབས་གནས་ཀུན་འདུས་ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས་པ་བར་ཆད་རྐྱེན་ཟློག


JKT001_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་གནས་ཀུན་འདུས་ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས་པ་བར་ཆད་རྐྱེན་ཟློག་ཅེས་བྱ་བ་བཞུགས་སོ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུཾ། ངོ་བོ་ཀ་དག་ཕོ་བྲང་ནས། །ཀུན་བཟང་ཆོས་སྐུ་པདྨ་འབྱུང་། །སྲས་བཅས་རྒྱལ་བའི་ཡེ་ཤེས་དབྱིངས། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །འབྱུང་བཞི་འཁྲུགས་པ་ཕྱི་ཡི་དགྲ། །ལུས་ཀྱི་ན་ཚ་ནང་གི་བགེགས། །སེམས་ཀྱི་བར་ཆད་གསང་བའི་གདོན། །ཐམས་ཅད་ཆོས་ཀྱི་དབྱིངས་སུ་ཟློག །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། རང་བཞིན་ལྷུན་གྲུབ་ཕོ་བྲང་ནས། །རིགས་ལྔ་ལོངས་སྐུ་ཐོད་ཕྲེང་རྩལ། །རབ་འབྱམས་དཀྱིལ་འཁོར་རྒྱ་མཚོར་ཤར། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །འབྱུང་བཞི་འཁྲུགས་པ༔ ལུས་ཀྱི་ན་ཚ སེམས་ཀྱི་བར་ཆད༔ ཐམས་ཅད་ཆོས་ཀྱི་དབྱིངས་སུ་ཟློག ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། ཐུགས་རྗེ་ཀུན་ཁྱབ་ཕོ་བྲང་ནས། །གང་འདུལ་སྤྲུལ་སྐུ་མཚན་མཆོག་བརྒྱད། །བསམ་ཡས་སྒྱུ་འཕྲུལ་དྲ་བའི་བདག །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །འབྱུང་བཞི་འཁྲུགས་པ༴ ལུས་ཀྱི་ན་ཚ༴ སེམས་ཀྱི་བར་ཆད༔ ཐམས་ཅད་ཆོས་ཀྱི༴ ཨོ་ཨཱཧུཾབཛྲ༴ དགོངས་བརྡ་སྙན་ནས་བརྒྱུད་པ་ཡི། །རྩ་བརྒྱུད་བླ་མ་ཀུན་གྱི་དངོས། །ལྷུན་གྲུབ་རིག་འཛིན་མཚོ་སྐྱེས་རྗེར། །


JKT001_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བ་འདེབས་སོ༴ འབྱུང་བཞི་འཁྲུགས་པ༴ ལུས་ཀྱི་ན་ཚ༴ སེམས་ཀྱི་བར་ཆད༔ ཐམས་ཅད་ཆོས་ཀྱི༴ ཨོཾ་ཨཱཧཱུྃ༔ ཡེ་ཤེས་ཀློང་དགུའི་ཆོ་འཕྲུལ་ལས། །ཡི་དམ་ཞི་ཁྲོ་སྤྲིན་ཕུང་འཕྲོ། །ཁྱབ་བདག་པདྨ་དྲག་པོ་ལ། །གསོལ་བ་འདེབས་སོ༴ འབྱུང་བཞི་འཁྲུགས་པ༴ ལུས་ཀྱི་ན་ཚ༴ སེམས་ཀྱི་བར་ཆད་གསང་ཐམས་ཅད་ཆོས་ཀྱི༴ ཨོཾ་ཨཱཿཧཱུྃ༔ ཞིང་སྔགས་ལྷན་ཅིག་སྐྱེས་པ་ཡི། །གནས་གསུམ་མཁའ་འགྲོའི་ཚོགས་ཀྱི་རྗེ། །ཧེ་རུ་ཀ་དཔལ་སློབ་དཔོན་ཆེར། །གསོལ་བ་འདེབས་སོ༴ འབྱུང་བཞི་འཁྲུགས་པ༔ ལུས་ཀྱི་ན་ཚ སེམས་ཀྱི་བར་ཆད༔ ཐམས་ཅད་ཆོས་ཀྱི༴ ཨོཾ་ཨཱཿཧཱུྃ༔ ཕྱོགས་བཅུ་དུས་གསུམ་སངས་རྒྱས་དང་། །དགོངས་ཀློང་འདུ་འབྲལ་མེད་པའི་ཐུགས། །བདེ་གཤེགས་ཀུན་འདུས་པདྨ་སྐྱེས། །གསོལ་བ་འདེབས་སོ༴ འབྱུང་བཞི་འཁྲུགས་པ༔ ལུས་ཀྱི་ན་ཚ༴ སེམས་ཀྱི་བར་ཆད༔ ཐམས་ཅད་ཆོས་ཀྱི༴ ཨོཾ་ཨཱཧཱུྃ༔ བརྒྱད་ཁྲི་བཞི་སྟོང་དམ་ཆོས་ཀྱི། །གདུལ་བྱའི་བསམ་པ་ཚིམ་མཛད་གསུང་། །སྟོན་མཆོག་པདྨ་བཛྲ་རྩལ། །གསོལ་བ་འདེབས་སོ༴ འབྱུང་བཞི་འཁྲུགས་པ༴ ལུས་ཀྱི་ན་ཚ༴ སེམས་ཀྱི་བར་ཆད༔ ཐམས་ཅད་ཆོས་ཀྱི༴ ཨོཾ་ཨཱཿཧཱུྃ༔ ཐེག་གསུམ་དགེ་འདུན་འདུས་པ་ཡི། །གཙུག་ན་མངོན་པར་མཐོ་བའི་སྐུ། །འཆི་མེད་པདྨ་སཾ་བྷ་ལ། །གསོལ་བ་འདེབས་སོ༔


JKT001_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བཞི་འཁྲུགས་པ༔ ལུས་ཀྱི་ན་ཚ༴ སེམས་ཀྱི་བར་ཆད༔ ཐམས་ཅད་ཆོས་ཀྱི༴ ཨོཾ་ཨཱ༔ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུཾ། སྐྱབས་ཀུན་འདུས་ཞལ་ཨོ་རྒྱན་རྗེ། །སྙིང་ནས་དྲན་པས་གསོལ་འདེབས་ན། །མཁྱེན་བརྩེ་ཡེ་ཤེས་ཀློང་ཡངས་ནས། །བྱིན་རླབས་དངོས་གྲུབ་ཆར་ཆེན་ཕོབས། །འབྱུང་བཞི་འཁྲུགས་པ་ཕྱི་ཡི་དགྲ། །ལུས་ཀྱི་ན་ཚ་ནང་གི་བགེགས། །སེམས་ཀྱི་བར་ཆད་གསང་བའི་གདོན། །ཐམས་ཅད་ཆོས་ཀྱི་དབྱིངས་སུ་ཟློག །ཨོཾ་ཨཱ༔ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། ཕྱི་སྣོད་འཇིག་རྟེན་དཔལ་འབྱོར་རྒྱས། །ནང་བཅུད་འགྲོ་ཀུན་ཆོས་བཞིན་སྤྱོད། །བསྟན་འཛིན་ཞབས་བརྟན་བསྟན་པ་དར། །དོན་གཉིས་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་པའང་རང་གཞན་ཀུན་གྱི་ཆེད་དུ་རིག་འཛིན་གྱི་བཙུན་པ་མཁྱེན་བརྩེའི་དབང་པོས་གང་ཤར་གསོལ་བ་བཏབ་པ་དགེ། །།

སློབ་དཔོན་རིན་པོ་ཆེ་པདྨ་འབྱུང་གནས་ཀྱི་ཐུགས་དམ་གནད་ནས་བསྐུལ་བའི་གསོལ་འདེབས་བསམ་དོན་མྱུར་འགྲུབ།


JKT001_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

༈ སློབ་དཔོན་རིན་པོ་ཆེ་པདྨ་འབྱུང་གནས་ཀྱི་ཐུགས་དམ་གནད་ནས་བསྐུལ་བའི་གསོལ་འདེབས་བསམ་དོན་མྱུར་འགྲུབ་ཅེས་བྱ་བ་བཞུགས་སོ། །བདེ་ཆེན་ཆོས་སྐུའི་ཞིང་ན་སྣང་མཐའ་ཡས། །དཔལ་ལྡན་གྲུ་འཛིན་རི་བོར་སྤྱན་རས་གཟིགས། །རྔ་ཡབ་དཔལ་རིར་མཚོ་སྐྱེས་ཐོད་ཕྲེང་རྩལ། །སྐུ་གསུམ་དབྱེར་མེད་མཆོག་ལ་གསོལ་བ་འདེབས། །མགོན་ཁྱོད་བླ་མ་མཆོག་གསུམ་ཡི་དམ་དང་། །དཔའ་བོ་མཁའ་འགྲོ་ཆོས་སྲུང་ནོར་ལྷར་བཅས། །སྐྱབས་གནས་ཀུན་འདུས་ངོ་བོར་ཤེས་པའི་བློས། །སྙིང་ནས་འབོད་དོ་ཐུགས་རྗེའི་སྤྱན་གྱིས་


JKT001_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

གཟིགས། །བདག་དང་བདག་འདྲའི་མགོན་མེད་སྙིགས་མའི་འགྲོར། །གང་ལ་གང་འདུལ་སྤྲུལ་པའི་སྐུར་བཞེངས་ནས། །གནས་སྐབས་མཐར་ཐུག་བསམ་པའི་དོན་རྣམས་ཀུན། །ཆོས་བཞིན་འགྲུབ་པར་མཛོད་ཅིག་པདྨ་འབྱུང་། །ཁྱད་པར་ནད་གདོན་དྲག་པོས་གཟིར་བའི་ཚེ། །ཨོ་རྒྱན་སྨན་གྱི་བླ་མའི་སྐུར་བཞེངས་ལ། །བྱིན་རླབས་དཔག་བསམ་རྒྱས་པའི་གྲིབ་བསིལ་དུ། །ངལ་བསོའི་དབུགས་འབྱིན་མཛོད་ཅིག་པདྨ་འབྱུང་། །རྣམ་མང་དུས་མིན་འཆི་བས་འཇིགས་པ་ན། །ཨོ་རྒྱན་ཚེ་དཔག་མེད་མགོན་སྐུར་བཞེངས་ལ། །འཆི་མེད་ཚེ་དང་ཡེ་ཤེས་མཆོག་འགྲུབ་པའི། །སྐལ་བཟང་མངོན་སུམ་སྩོལ་ཅིག་པདྨ་འབྱུང་། །སྣོད་བཅུད་རྒུད་པའི་གདུང་བས་ཉམ་ཐག་ཚེ། །ཨོ་རྒྱན་མཁའ་འགྲོ་ནོར་ལྷའི་སྐུར་བཞེངས་ལ། །དཔལ་འབྱོར་ལོངས་སྤྱོད་རྫོགས་ལྡན་སྤྲིན་ཆེན་ལས། །འདོད་རྒུའི་གྲུ་ཆར་ཕོབས་ཤིག་པདྨ་འབྱུང་། །ལུང་རྟོགས་ཆོས་ཀྱི་དགའ་སྟོན་ཉམས་པའི་ཚེ། །ཨོ་རྒྱན་ཤཱཀྱ་སེང་གེའི་སྐུར་བཞེངས་ལ། བསྟན་འཛིན་ཞབས་བརྟན་བཤད་དང་སྒྲུབ་པ་ཡི། །བསྟན་པ་རྒྱས་པར་མཛོད་ཅིག་པདྨ་འབྱུང་། །རྨོ་ངས་དང་མ་རིག་འཐིབ་བུས་ནོན་པའི་ཚེ། །ཨོ་རྒྱན་བློ་ལྡན་མཆོག་སྲེད་སྐུར་བཞེངས་ལ། །ཇི་ལྟ་ཇི་སྙེད་ཤེས་བྱ་ཀུན་མཁྱེན་པའི། །ཡེ་ཤེས་སྣང་བ་སྩོལ་ཅིག་པདྨ་འབྱུང་། །རང་དང་གཞན་གྱི་དོན་གཉིས་སྒྲུབ་


JKT001_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚེ། །ཨོ་རྒྱན་པདྨ་སཾ་བྷའི་སྐུར་བཞེངས་ལ། །འཇིག་རྟེན་འཇིག་རྟེན་འདས་པའི་དངོས་གྲུབ་ཀྱི། དགེ་མཚན་རྒྱས་པར་མཛོད་ཅིག་པདྨ་འབྱུང་། མཁའ་ཁྱབ་འགྲོ་བའི་དོན་ལ་སྤྱོད་པའི་ཚེ། །ཨོ་རྒྱན་ཉི་མ་འོད་ཟེར་སྐུར་བཞེངས་ལ། །མཐོང་ཐོས་དྲན་རེག་གདུལ་བྱའི་ཚོགས་རྣམས་ཀུན། །སྨིན་ཅིང་གྲོལ་བར་མཛོད་ཅིག་པདྨ་འབྱུང་། །རླབས་ཆེན་བསྟན་འགྲོའི་ཕན་བདེ་སྤེལ་བའི་ཚེ། །ཨོ་རྒྱན་པདྨ་རྒྱལ་པོའི་སྐུར་བཞེངས་ལ། ཁམས་གསུམ་སྲིད་ཞིའི་ལེགས་ཚོགས་ཇི་སྙེད་ཀུན། །འབད་མེད་དབང་དུ་སྡུས་ཤིག་པདྨ་འབྱུང་། །ཕས་རྒོལ་གཟའ་ཀླུ་འབྱུང་པོས་འཚེ་བའི་ཚེ། །ཨོ་རྒྱན་སེང་གེ་སྒྲ་སྒྲོག་སྐུར་བཞེངས་ལ། །མཐུ་སྟོབས་ཕྱག་ན་རྡོ་རྗེ་འབར་བ་ཡིསོ། །མིང་གི་ལྷག་མར་མཛོད་ཅིག་པདྨ་འབྱུང་། །མཐའ་དམག་དུས་འཁྲུགས་རྒྱལ་འགོང་འཚེ་བའི་ཚེ། །ཨོ་རྒྱན་རྡོ་རྗེ་གྲོ་ལོད་སྐུར་བཞེངས་ལ། །གཟུགས་ཅན་གཟུགས་མེད་དམ་སྲིའི་ཚོགས་རྣམས་ཀྱི། །དོན་སྙིང་ལྐོག་མར་ཕྱུངས་ཤིག་པདྨ་འབྱུང་། །རྩེ་གཅིག་ཟབ་མོའི་རྣལ་འབྱོར་བསྒོམ་པའི་ཚེ། །ཨོ་རྒྱན་རྡོ་རྗེ་འཆང་གི་སྐུར་བཞེངས་ལ། །བསྐྱེད་རྫོགས་རྫོགས་པ་ཆེན་པོའི་གསེང་ལམ་ནས། །ཟུང་འཇུག་འགྲུབ་པར་མཛོད་ཅིག་པདྨ་འབྱུང་། །གལ་ཏེ་ཚེ་འདིར་བརྟན་པ་མ་ཐོབ་ན། །ཨོ་རྒྱན་སྣང་བ་མཐའ་ཡས་སྐུར་བཞེངས་ལ། །འཆི་ཁར་གནད་གཅོད་སྡུག་བསྔལ་ཞི་བ་དང་། །


JKT001_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་ཆེན་ཞིང་དུ་འཁྲིད་ཅིག་པདྨ་འབྱུང་། །དེར་ཡང་འཁྲུལ་ནས་བར་དོར་འཁྱམས་སྲིད་ན། །ཨོ་རྒྱན་དུས་གསུམ་མཁྱེན་པའི་སྐུར་བཞེངས་ལ། །འཇིགས་སྐྲག་འཁྲུལ་སྣང་རང་སར་གྲོལ་བ་དང་། །དག་པའི་ཞིང་དུ་དྲོངས་ཤིག་པདྨ་འབྱུང་། །མདོར་ན་འདི་ནས་བྱང་ཆུབ་སྙིང་པོའི་བར། །སྐྱིད་སྡུག་ལེགས་ཉེས་བཟང་ངན་ཅི་བྱུང་ཡང་། མགོན་པོ་ཁྱོད་ལས་སྐྱབས་གཞན་མ་མཆིས་པས། །འབྲལ་མེད་བྱིན་གྱིས་རློབས་ཤིག་པདྨ་འབྱུང་། །ཞེས་པའང་རབ་བྱུང་བཅུ་བཞི་པའི་ལྕགས་ཕོ་ཁྱིའི་ལོའི་སྣོན་ཟླ་བའི་དཀར་ཕྱོགས་ཀྱི་ཚེས་བཅུར་བོད་ཀྱི་སྒྲུབ་གནས་དཔལ་ཆུ་བོ་རིའི་གུ་རུའི་སྒྲུབ་གནས་ནམ་མཁའ་ལྡིང་དུ་ཚོགས་ཀྱི་མཆོད་པ་དང་བཅས་བོད་ཁམས་བསྟན་འགྲོའི་ཕན་བདེ་འཕེལ་བའི་སྨོན་འདུན་བགྱིས་སྐབས་ཡིད་ལ་ཤར་བ་བཞིན། སླར་ཡང་གཙང་སྟོད་རུ་ལག་གྲམ་པ་རྒྱང་གི་སྒྲུབ་ཕུག་སོགས་སུ་རྩེ་གཅིག་དད་པས་གསོལ་བ་འདེབས་པ་པོ་ནི། རིག་འཛིན་གྱི་བཙུན་པ་རྒྱལ་ཁམས་ཉུལ་བའི་ད་རི་དྭ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་སྟེ། འདིས་ཀྱང་འབྲེལ་ཚད་རྣམས་ཀྱི་རྒྱུད་ལ་དཔལ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོའི་བྱིན་རླབས་གཅིག་ཅར་དུ་ཞུགས་ཤིང་། བསམ་སྦྱོར་ཆོས་མཐུན་ཡིད་བཞིན་དུ་འགྲུབ་པའི་རྒྱུར་གྱུར་ཅིག། །།

སློབ་དཔོན་རིན་པོ་ཆེ་པདྨ་འབྱུང་གནས་ལ་གསོལ་བ་འདེབས་པ་བསམ་དོན་མྱུར་འགྲུབ།


JKT001_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

༈ སློབ་དཔོན་རིན་པོ་ཆེ་པདྨ་འབྱུང་གནས་ལ་གསོལ་བ་འདེབས་པ་བསམ་དོན་མྱུར་འགྲུབ་བཞུགས། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུཾ། སྐྱབས་གནས་ཀུན་འདུས་ཨོ་རྒྱན་རིན་པོ་ཆེར། །བཟོད་མེད་གདུང་ཤུགས་དྲག་པོས་གསོལ་བ་འདེབས། །ཕྱི་ནང་གསང་བའི་བར་ཆད་དབྱིངས་སུ་སོལ། །བསམ་དོན་ཆོས་བཞིན་འགྲུབ་པར་བྱིན་གྱིས་རློབས། །ཞེས་པའང་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་རྩེ་གཅིག་གུས་པས་གང་ཤར་ཤུགས་འབྱུང་དུ་གསོལ་བ་བཏབ་པ་དགེ། །།

སྐྱབས་གནས་ཀུན་འདུས་གུ་རུ་རིན་པོ་ཆེ་ལ་གསོལ་བ་འདེབས་པ་བསམ་དོན་ཀུན་འགྲུབ།


JKT001_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

༈ སྐྱབས་གནས་ཀུན་འདུས་གུ་རུ་རིན་པོ་ཆེ་ལ་གསོལ་བ་འདེབས་པ་བསམ་དོན་ཀུན་འགྲུབ་ཅེས་བྱ་བ་བཞུགས་སོ། །ཨེ་མ་ཧོ། །སྣང་བའི་དངོས་ཀུན་པདྨ་འོད་ཀྱི་ཞིང་། །ཕུན་ཚོགས་ངོ་མཚར་བཀོད་པ་འབྱམས་ཀླས་པའི། །མདུན་གྱི་ནམ་མཁར་ཡིད་འཕྲོག་མཆོད་སྤྲིན་དབུས། །སེང་ཁྲི་ཆུ་སྐྱེས་ཉི་ཟླའི་གདན་གྱི་སྟེང་། །རྩ་བའི་བླ་མ་ཨོ་རྒྱན་རིན་པོ་ཆེ། །དཀར་དམར་མདངས་ལྡན་མཚན་དང་དཔེ་བྱད་རྫོགས། །བཅུ་དྲུག་ན་ཚོད་ཞི་ཁྲོའི་ཉམས་བརྒྱར་འབར། །ཕྱག་གཡས་རྡོ་རྗེ་གཡོན་པས་ཐོད་བུམ་བསྣམས། །གསང་ཡུམ་སྦས་ཚུལ་ཁ་ཊཾ་གཡོན་ནས་བརྟེན། །དབུ་ལ་པད་ཞྭ་མེ་ལོང་རྒོད་སྒྲོས་བརྒྱན། །སྐུ་ལ་གསང་ཕོད་ཆོས་གོས་ཟབ་བེར་བཀླུབས། །ཞབས་ཟུང་རྡོ་རྗེའི་སྐྱིལ་མོ་ཀྲུང་བཅས་ཏེ། །སྣང་སྟོང་འཇའ་ཟེར་འོད་ཕུང་ཀློང་ན་བཞུགས། །དམ་ཚིག་ཡེ་ཤེས་གདོད་ནས་དབྱེར་མེད་པ། །རིག་འཛིན་བླ་མ་ཀུན་གྱི་སྤྱི་གཟུགས་ཆེ། །དགེ་འདུན་འདུས་པའི་གཙུག་རྒྱན་རྡོ་རྗེའི་སྐུ། །དམ་ཆོས་ཆར་འབེབས་སྡེ་སྣོད་རྒྱ་མཚོའི་གསུང་། །ཕྱོགས་བཅུའི་སངས་རྒྱས་སྲས་བཅས་ཡེ་ཤེས་ཐུགས། །ཡོན་ཏན་དགོས་འདོད་མཆོག་སྩོལ་ནོར་གྱི་ལྷ། །ཕྲིན་ལས་མཁའ་འགྲོ་ཆོས་སྐྱོང་ཚོགས་ཀྱི་རྗེ། །སྐྱབས་ཀུན་འདུས་པའི་ངོ་བོ་


JKT001_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

ལྷམ་མེར་གསལ། །བདག་དང་མཁའ་མཉམ་འགྲོ་བ་མ་ལུས་རྣམས། །སྒོ་གསུམ་གུས་པས་ཕྱག་འཚལ་མཆོད་པ་འབུལ། །སྡིག་ལྟུང་ཀུན་བཤགས་དགེ་ལ་རྗེས་ཡི་རང་། །ཆོས་འཁོར་བསྐོར་བཞིན་རྟག་པར་བཞུགས་སུ་གསོལ། །དགེ་ཚོགས་བླ་མེད་བྱང་ཆུབ་ཆེན་པོར་བསྔོ། །ཁྱེད་ཤེས་མོས་གུས་དྲག་པོས་གསོལ་འདེབས་ན། །བྱིན་རླབས་ཆར་ཆེན་ཕོབ་ཅིག་གུ་རུ་རྗེ། །སྐུ་གསུམ་དབྱེར་མེད་ཨོ་རྒྱན་རིན་པོ་ཆེ། །རབ་འབྱམས་རྩ་གསུམ་ཡོངས་ཀྱི་འཁོར་ལོས་སྒྱུར། །ད་ལྟ་རྔ་ཡབ་གླིང་དུ་རྟག་བཞུགས་ཀྱང་། །ཐུགས་རྗེའི་འཇུག་པས་བོད་ལ་ལྷག་པར་དགོངས། །དུས་གསུམ་རྩ་བརྒྱུད་བླ་མའི་ཁྱབ་བདག་ཆེ། །འཛམ་བུའི་གླིང་འདིར་རྣམ་ཐར་བསམ་ཡས་སྟོན། སྐུ་གསུམ་ཐུགས་ཡོན་ཕྲིན་ལས་རྨད་བྱུང་བ། །རྩེ་གཅིག་གདུང་ཤུགས་དྲག་པོས་གསོལ་བ་འདེབས། །ལུས་དང་ལོངས་སྤྱོད་ལྟོས་པ་མེད་པར་འབུལ། །འདི་བ ནས་བཟུང་སྟེ་བྱང་ཆུབ་སྙིང་པོའི་བར། །མགོན་པོ་ཁྱོད་ལས་སྐྱབས་གཞན་མ་མཆིས་པས། །འབྲལ་མེད་རྗེས་སུ་ཟུངས་ཤིག་པདྨ་འབྱུང་། །སྣོད་བཅུད་ཐམས་ཅད་ནད་མུག་མཚོན་འཁྲུགས་སོགས། །སྙིགས་མའི་རྒུད་པ་སོལ་ཅིག་པདྨ་འབྱུང་། །ཆར་ཆུ་དུས་འབེབས་ལོ་ཕྱུགས་རྟག་ཏུ་ལེགས། །བདེ་སྐྱིད་དཔལ་ལ་སྦྱོར་ཅིག་པདྨ་འབྱུང་། །བསྟན་འཛིན་མཆོག་རྣམས་ཞབས་པད་བསྐལ་བརྒྱར་བརྟན། །ཕྲིན་ལས་


JKT001_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་པར་མཛོད་ཅིག་པདྨ་འབྱུང་། །དགེ་འདུན་སྡེ་དང་བཤད་སྒྲུབ་བསྟན་པའི་དཔལ། །ས་གསུམ་ཁྱབ་པར་མཛོད་ཅིག་པདྨ་འབྱུང་། །བདག་ཅག་རྣམས་ཀྱང་གེགས་ཞི་ཚེ་བསོད་རྒྱས། །བསམ་ཀུན་འགྲུབ་པར་མཛོད་ཅིག་པདྨ་འབྱུང་། མཐར་ཐུག་འབྲེལ་ཚད་འགྲོ་བ་མ་ལུས་ཀུན། །དག་པའི་ཞིང་དུ་དྲོངས་ཤིག་པདྨ་འབྱུང་། །ཚོགས་རྫོགས་སྒྲིབ་བྱང་གསང་ཆེན་མྱུར་ལམ་ལས། །མཆོག་གི་དངོས་གྲུབ་སྩོལ་ཅིག་པདྨ་འབྱུང་། །མདོར་ན་འདི་ཕྱི་བར་དོའི་གནས་སྐབས་ཀུན། །སྐྱིད་སྡུག་ལེགས་ཉེས་བཟང་ངན་ཅི་བྱུང་ཡང་། །རྩ་བའི་བླ་མ་ཨོ་རྒྱན་ཆེན་པོ་མཁྱེན། །བསམ་དོན་ཆོས་བཞིན་འགྲུབ་པར་བྱིན་གྱིས་རློབས། །ཨོ་ཨཱཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། ཞེས་ཅི་ནུས་བཟླས་མཐར། ཨོ་རྒྱན་བླ་མའི་གསང་གསུམ་འོད་ཟེར་གྱིས། །བདག་རྒྱུད་སྒྲིབ་སྦྱངས་དབང་དང་དངོས་གྲུབ་སྩོལ། །སྤྱི་བོའི་པདྨོར་འབྲལ་མེད་རྟག་བཞུགས་ཏེ། །ཕན་བདེའི་བསམ་ཀུན་འགྲུབ་པའི་བཀྲ་ཤིས་སྩོལ། །ཅེས་བརྗོད་ཅིང་དུས་དང་རྣམ་པ་ཀུན་ཏུ་བླ་མ་ཨོ་རྒྱན་རིན་པོ་ཆེ་སྤྱི་བོར་འབྲལ་མེད་དུ་བཞུགས་པར་མོས་ལ་ཁ་ཙམ་མ་ཡིན་པའི་མོས་གུས་དྲག་པོས་གསོལ་བ་བཏབ་ན་བར་ཆད་ཐམས་ཅད་ཞི་ཞིང་། བསམ་པའི་དོན་ཀུན་ཆོས་བཞིན་དུ་འགྲུབ་པར་གདོན་མི་ཟ་བས་དད་ལྡན་རྣམས་ཀྱིས་ཐུགས་ཉམས་སུ་བཞེས་འཚལ་ལོ། །ཞེས་སྙིགས་དུས་བསྟན་འགྲོའི་སྐྱབས་གཅིག་ཨོ་རྒྱན་རིན་པོ་ཆེར་གསོལ་འདེབས་འདི་ལྟ་བུ་ཞིག་དགོས་ཞེས་ཆབ་མདོ་དབུ་མཛད་བཟོ་གནས་རིག་ལམ་རྒྱ་མཚོར་བྱང་


JKT001_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་པའི་སྤྲུལ་སྐུ་བ་བསོད་ནམས་རྒྱལ་པོས་ལྷ་རྫས་ཀྱི་མེ་ཏོག་དང་བཅས་བསྐུལ་བའི་ངོར། རབ་ཚེས་དཀར་པོའི་ལོ་སྔོན་ཟླ་བའི་དཀར་ཕྱོགས་ཀྱི་ཚེས་བཅུར་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་པདྨ་འོད་གསལ་མདོ་སྔགས་གླིང་པའི་སྡེས་བླ་མའི་རྣལ་འབྱོར་གྱི་བརྗོད་བྱ་གཞིར་བྱས་ཏེ། གསོལ་འདེབས་ལེའུ་བདུན་མའི་བསྡུས་དོན་དང་འབྲེལ་བར་བྲིས་ཤིང་གསོལ་བ་བཏབ་པ་དགེ་ལེགས་སུ་གྱུར་ཅིག། ༈ །།སྲས་བཅས་རྣམ་འདྲེན་ཀུན་གྱི་ཡེ་ཤེས་སྐུ། །དྲན་པས་ཡིད་བཞིན་དངོས་གྲུབ་སྩོལ་མཛད་པ། །སྐྱབས་ཀུན་འདུས་ཞལ་མཚོ་སྐྱེས་རྡོ་རྗེ་ལ། །སྙིང་ནས་གསོལ་འདེབས་བུ་ལ་ཐུགས་རྗེས་དགོངས། །བདག་ཅག་མགོན་པོ་ཁྱེད་ཀྱི་རྗེས་སྒྲུབ་ན། །ནམ་ཡང་གཞན་གྱི་དབང་དུ་མི་འགྲོ་བར། །རང་ཉིད་ཁོ་ནའི་རྣམ་དཔྱོད་འཁྲུལ་མེད་པས། །རྒྱལ་བ་དགྱེས་པའི་ལམ་ལ་སློབ་པར་མཛོད། །དབེན་ཞིང་ཉམས་དགའ་ཞི་བའི་སྨན་ལྗོངས་སུ། །འཆད་དང་སྒྲུབ་པའི་དམ་བཅའ་མི་གཡེལ་བས། །རླབས་ཆེན་བྱང་ཆུབ་སེམས་དཔའི་ཕྲིན་ལས་ཀྱིས། །ཡོངས་རྫོགས་བསྟན་འགྲོའི་དོན་ཆེན་སྒྲུབ་ནུས་མཛོད། །འཆི་མེད་ཚེ་དང་བསོད་ནམས་བློ་གྲོས་རྒྱས། །སྲིད་དང་ཞི་བའི་འབྱོར་པས་མངོན་མཐོ་ཞིང་། །བསམ་སྦྱོར་མཐའ་དག་ཆོས་བཞིན་འགྲུབ་པ་ལས། །བར་ཆད་མཚན་མ་ནམ་ཡང་མི་འབྱུང་མཛོད། །མདོར་ན་ཇི་ལྟར་སྨོན་པའི་དོན་རྣམས་ཀུན། །གེགས་མེད་མྱུར་བ་ཉིད་དུ་འགྲུབ་པ་ཡི། །ཕུན་ཚོགས་ཕན་བདེའི་དགའ་སྟོན་རྨད་བྱུང་བས། །


JKT001_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་ལེགས་སྣང་བ་རྒྱས་པའི་བཀྲ་ཤིས་སྩོལ། །ཅེས་པའང་དུས་ཀྱི་དགེ་མཚན་ཕུན་སུམ་ཚོགས་པའི་སྒོ་འཕར་གསར་དུ་དབྱེ་བའི་སྐབས་མཉྫགྷོ་ཥས་སྙིང་ནས་གསོལ་བ་ངེས་པར་སིདྡྷི་རསྟུ།།

པདྨ་འོད་དུ་བགྲོད་པའི་སྨོན་ལམ་རིག་པ་འཛིན་པའི་ཤིང་རྟ།


JKT001_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་འོད་དུ་བགྲོད་པའི་སྨོན་ལམ་རིག་པ་འཛིན་པའི་ཤིང་རྟ་བཞུགས་སོ། །ཨོཾ་ཨཱ༔ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུཾ། མི་ཤིགས་ཐིག་ལེ་ཆེན་པོའི་ཡེ་ཤེས་ནི། །འོད་གསལ་གཉུག་མའི་མཁའ་དབྱིངས་དྭངས་པའི་ངོས། །ཟུང་འཇུག་དབང་པོའི་གཞུ་ལྟར་མངོན་སྣང་བའི། །རང་བཞིན་སྤྲུལ་པའི་ཞིང་མཆོག་པདྨ་འོད། །ཆོས་ཉིད་མངོན་སུམ་འཇའ་ཟེར་ཐིག་ལེའི་ཀློང་། །ཉམས་སྣང་གོང་འཕེལ་གཞལ་མེད་ཁང་ཆེན་པོར། །རིག་པ་ཚད་ཕེབས་དཔའ་བོ་ཌཱ་ཀིའི་ཚོགས། །ཆོས་ཟད་བློ་འདས་རྡོ་རྗེའི་གླུ་གར་བསྒྱུར། །དེ་དབུས་གདོད་མའི་མགོན་པོ་འོད་མཐའ་ཡས། །སྙིང་རྗེའི་གཏེར་ཆེན་ཕྱག་ན་པདྨོ་དང་། །སྐུ་གསུམ་ཀུན་འདུས་འཆི་མེད་ཐོད་ཕྲེང་རྩལ། །གང་འདུལ་སྤྲུལ་པའི་མཚན་མཆོག་བརྒྱད་ལ་སོགས། །མཚན་དང་སྐུ་ཡི་རྣམ་རོལ་མཐའ་ཀླས་པའི། །སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་འདུན་ས་དེར། །བདག་གཞན་མཁའ་ཁྱབ་ཡིད་ཅན་རྒྱ་མཚོ་ཀུན། །ཚེ་འདི་འཕོས་མ་ཐག་ཏུ་སྐྱེ་བར་ཤོག །དེར་ཡང་རིག་འཛིན་རྣམ་བཞིའི་གསེང་ལམ་ལ། །བརྟེན་ནས་སྐུ་དང་ཡེ་ཤེས་རྒྱ་མཚོའི་དངོས། །མཚོ་སྐྱེས་བླ་མའི་གོ་འཕང་མྱུར་ཐོབ་ནས། །རང་གཞན་དོན་གཉིས་ལྷུན་གྱིས་གྲུབ་པར་ཤོག །ཅེས་པའང་རིག་འཛིན་གྱི་བཙུན་པ་


JKT001_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དབྱངས་མཁྱེན་བརྩེའི་ལྷས་ཆོ་འཕྲུལ་ཟླ་བའི་ཚེས་བཅུར་གང་ཤར་སྐད་ཅིག་ལ་བརྗོད་པ་སིདྡྷི་རསྟུ།། ༈ །།ཨོཾ་ཨཱཧཱུཾ་ཀརྨ་མ་ཧཱ་གུ་རུ་ཀརྨ་སིདྡྷི་ཧཱུྃ། ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་བཅས་ཀྱི། །མཐུ་སྟོབས་གཅིག་བསྡུས་ཀརྨ་དྲག་པོ་དང་། །དབྱེར་མེད་རིག་འཛིན་ལེགས་ལྡན་དབང་པོའི་སྡེར། །སྙིང་ནས་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །དཀྱིལ་འཁོར་གཙོ་མཆོག་པདྨ་ཐོད་ཕྲེང་དང་། །གཉིས་སུ་མ་མཆིས་གྲུབ་པའི་སློབ་དཔོན་ཟུང་། །སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་ཡེ་ཤེས་ཀྱིས། །ལུས་ངག་ཡིད་ལ་རྟག་ཏུ་བྱིན་ཆེན་ཕོབས། །བདེ་སྟོང་དབྱིངས་ལས་ཡེ་ཤེས་སྒྱུ་མའི་གར། །ཀརྨ་དྲག་རྩལ་ལྷ་སྔགས་ཏིང་འཛིན་གྱིས། །ས་གསུམ་གདུག་པ་སྤྱི་དང་ཁྱད་པར་དུ། །རྒྱལ་བསེན་འབྱུང་པོའི་བར་ཆད་དབྱིངས་སུ་སོལ། །སྙིགས་དུས་རྒྱལ་འགོང་དམ་སྲིའི་བདུད་སྡེའི་གཡུལ། །དབང་དང་དྲག་ཤུལ་རོལ་པས་ཚར་བཅད་ནས། །མི་མཐུན་ཕྱོགས་ལས་རྣམ་པར་རྒྱལ་བ་ཡི། །སྙན་པའི་རོལ་མོས་དཀར་ཕྱོགས་དགའ་སྟོན་སྒྲུབས། །ལེགས་གསུང་ལུང་དང་རྟོགས་པའི་བདུད་རྩིའི་སྤྲིན། །བཤད་སྒྲུབ་རྫོགས་ལྡན་མཁའ་ལ་ཆེར་དཀྲིགས་པས། །ས་གསུམ་རྒུད་པའི་གདུང་བ་ཀུན་ཞི་ཞིང་། །ཕན་བདེའི་ཆུ་གཏེར་རྒྱས་པའི་བཀྲ་ཤིས་སྩོལ། །ཅེས་པའང་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་གསོལ་བ་བཏབ་པ་སིདྡྷི་རསྟུ། །

བླ་མ་ཨོ་རྒྱན་རིན་པོ་ཆེ་ལ་གསོལ་འདེབས་སྨོན་ལམ་དུ་བྱ་བ་དངོས་གྲུབ་འདོད་འཇོའི་དགའ་སྟོན།


JKT001_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་ཨོ་རྒྱན་རིན་པོ་ཆེ་ལ་གསོལ་འདེབས་སྨོན་ལམ་དུ་བྱ་བ་དངོས་གྲུབ་འདོད་འཇོའི་དགའ་སྟོན་ཅེས་བྱ་བ་བཞུགས་སོ། །སེམས་ཀྱི་རྡོ་རྗེ་གཉུག་མའི་ཡེ་ཤེས་དབྱིངས། །འདུ་འབྲལ་མ་དམིགས་པདྨ་ཐོད་ཕྲེང་དང་། །དབྱེར་མེད་ཁྱབ་བདག་དཔལ་ལྡན་བླ་མ་ལ། །སྙིང་ནས་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །གང་སྐུ་མཐོང་བས་ཐ་མལ་འཁྲུལ་སྣང་འགགས། །གསུང་གསང་ཐོས་པས་བདེ་ཆེན་ཡེ་ཤེས་སྐྱེད། །དྲན་པ་ཡིས་ཀྱང་སྲིད་ཞིའི་འཇིགས་འཕྲོག་པའི། །ཕ་གཅིག་བླ་མ་འབོད་དོ་བརྩེ་བས་དགོངས། །བདག་དང་བདག་འདྲའི་མགོན་མེད་ཉམ་ཐག་འགྲོ། །སྡུག་བསྔལ་འཁོར་བའི་རྒྱ་མཚོར་བྱིང་བ་ལ། །མགོན་པོ་ཁྱེད་ལས་སྐྱབས་གཞན་མ་མཆིས་པས། །རྣམ་དག་སྨོན་པའི་གནས་འདི་མྱུར་འགྲུབ་མཛོད། །གནས་སྐབས་ནད་གདོན་འབྱུང་པོའི་འཚེ་བ་སོགས། །དམ་ཆོས་སྒྲུབ་པའི་འགལ་རྐྱེན་ཀུན་ཞི་ཞིང་། །ཚེ་བསོད་དཔལ་འབྱོར་ལུང་རྟོགས་ཡོན་ཏན་སོགས། །མཐུན་རྐྱེན་ལེགས་ཚོགས་རྒྱས་པར་མཛད་དུ་གསོལ། །མཐར་ཐུག་ངེས་འབྱུང་བྱང་སེམས་གཏིང་ནས་འབྱོངས། །སྣང་གྲགས་རིག་གསུམ་ལྷ་སྔགས་ཆོས་སྐུར་ཤར། །ཀ་དག་ལྷུན་གྲུབ་རྡོ་རྗེའི་གསེང་ལམ་ནས། །མཆོག་གི་དངོས་གྲུབ་བརྙེས་པར་བྱིན་གྱིས་རློབས། །གལ་ཏེ་ཚེ་འདིར་གྲུབ་མཐའ་མ་སྙོགས་ན། །འཆི་བ་འོད་གསལ་དོན་གྱི་པདྨ་འབྱུང་། །མངོན་སུམ་མཐོང་ནས་འབྲལ་མེད་བསྐྱང་བ་ཡིས། །རང་བཞིན་


JKT001_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སྐུའི་དབྱིངས་སུ་གྲོལ་བར་ཤོག །དེར་ཡང་གཉིས་འཛིན་འཁྲུལ་པའི་གཞན་དབང་གིས། །སྲིད་པ་བར་དོའི་སྣང་བ་འཆར་སྲིད་ཚེ། །དྲིན་ཅན་བླ་མ་མཚོ་སྐྱེས་རྡོ་རྗེ་དང་། །དཔའ་བོ་མཁའ་འགྲོའི་ཚོགས་ཀྱིས་མདུན་བསུས་ཏེ། རོལ་མོའི་སྒྲ་དང་མེ་ཏོག་ཆར་འབེབས་བཞིན། །བུ་གཅིག་དཔལ་གྱི་རི་བོར་ཚུར་ཤོག་ཅེས། །མིང་ནས་ལུང་བསྟན་ས་ལ་སྤྱོད་པའི་ཞིང་། །པདྨ་འོད་ཀྱི་གྲོང་དུ་འཁྲིད་པར་ཤོག །དེར་ནི་རིག་འཛིན་ཌཱ་ཀིའི་ཚོགས་རྣམས་དང་། །ལྷན་ཅིག་ཐེག་མཆོག་ཆོས་ལ་རྟག་སྤྱོད་ཅིང་། །གསང་ཆེན་སྨིན་གྲོལ་ལམ་གྱི་ཐབས་མཁས་ལ། །བརྟེན་ནས་སྐུ་བཞིའི་གོ་འཕང་མྱུར་ཐོབ་ཤོག ། གཞན་ཡང་རིས་མེད་བསྟན་པ་དར་ཞིང་རྒྱས། །བསྟན་འཛིན་མཆོག་རྣམས་ཞབས་པད་བསྐལ་བརྒྱར་བརྟན། །བོད་ཁམས་དུས་ཀྱི་རྒུད་པ་ཀུན་ཞི་ཞིང་། །རྫོགས་ལྡན་གསར་པའི་དགའ་སྟོན་རྒྱས་པར་ཤོག ། མདོར་ན་འདི་ནས་བྱང་ཆུབ་སྙིང་པོའི་བར། །དཔལ་ལྡན་བླ་མ་ཡིད་བཞིན་ནོར་བུའི་ཞབས། །སྙིང་དབུས་པདྨོར་འབྲལ་མེད་རྟག་བཞུགས་ནས། །སྲིད་ཞིའི་ལེགས་ཚོགས་རྒྱས་པའི་བཀྲ་ཤིས་སྩོལ། །ཅེས་པའང་དུས་གསུམ་མཁྱེན་པ་ཨོ་རྒྱན་ཆེན་པོའི་བྱིན་རླབས་ལས་དཔའ་བོ་དང་མཁའ་འགྲོ་རང་བཞིན་གྱིས་འདུ་བའི་གནས་བོད་ཀྱི་རི་བོ་རྩེ་ལྔའི་མགུལ་བྲག་དམར་ཟངས་ཡག་ནམ་མཁའ་རྫོང་དུ་ཐུན་མོང་ཞེས་པ་ལྕགས་ཕོ་ཁྱིའི་ལོའི་ཆོ་འཕྲུལ་ཟླ་བའི་དཀར་ཕྱོགས་ཀྱི་ཚེས་བཅུར་ཚོགས་ཀྱི་མཆོད་པ་བགྱིས་པའི་སྐབས་རིག་པ་འཛིན་པ་ཀུན་མཁྱེན་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་གསོལ་བ་བཏབ་པ་དེ་དེ་བཞིན་དུ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ།། །།

དོན་གཉེར་ཅན་གྱི་ངོར་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་གསོལ་བ་བཏབ་པ།


JKT001_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཕྱོགས་དུས་རྒྱལ་བ་སྲས་བཅས་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་མ་ལུས་འདུས་པའི་དངོས། །དྲན་པས་གདུང་སེལ་དཔལ་ལྡན་བླ་མ་ལ། །མི་ཕྱེད་སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །གསོལ་བ་འདེབས་སོ་དྲིན་ཅན་ཆོས་ཀྱི་རྗེ། །བྱིན་གྱིས་རློབས་ཤིག་རྩ་བརྒྱུད་བླ་མའི་ཚོགས། །དངོས་གྲུབ་སྩོལ་ཅིག་དཀྱིལ་འཁོར་རྒྱ་མཚོའི་བདག །སྙིང་ནས་དྲན་ནོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །དལ་འབྱོར་རྙེད་དཀའ་ནམ་འཆི་ངེས་མེད་དང་། །འཁོར་བའི་སྡུག་བསྔལ་དྲན་པའི་ངེས་འབྱུང་གིས། །ལས་འབྲས་བླང་དོར་ཚུལ་བཞིན་བརྩོན་པ་དང་། །བྱང་ཆུབ་སེམས་གཉིས་འབྱོང་པར་བྱིན་གྱིས་རློབས། །དབང་གིས་རྒྱུད་སྨིན་དམ་ཚིག་རྣམ་པར་དག །བསྐྱེད་པའི་རིམ་པས་ཅིར་སྣང་ལྷ་སྐུར་ཤར། །རྫོགས་རིམ་ཟབ་མོས་རླུང་སེམས་དབུ་མར་ཐིམ། །བདེ་ཆེན་ཡེ་ཤེས་འགྲུབ་པར་བྱིན་གྱིས་རློབས། །ཀ་དག་ཁྲེགས་ཆོད་གནས་ལུགས་མངོན་དུ་གྱུར། །ལྷུན་གྲུབ་ཐོད་རྒལ་རིག་པ་ཚད་ལ་ཕེབས། །ཟུང་འཇུག་ཁྱད་ཆོས་དྲུག་ལྡན་གཉུག་མའི་ཀློང་། །གདོད་མའི་གཏན་སྲིད་ཟིན་པར་བྱིན༴ །གཟུང་འཛིན་སྤྲོས་བྲལ་དབུ་མ་ཆེན་པོའི་གཞི། །རང་བྱུང་རིག་པ་ཕྱག་རྒྱ་ཆེན་པོའི་ལམ། །


JKT001_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས་རིག་དབྱེར་མེད་འོད་གསལ་རྫོགས་པ་ཆེའི། །འབྲས་བུ་མངོན་དུ་འགྱུར་བར་བྱིན་གྱིས་རློབས། །བསམ་གྱིས་མི་ཁྱབ་ལྟ་བའི་གནས་ལུགས་མཐོང་། །དེ་ཉིད་ངང་བཞག་སྒོམ་པའི་རྩལ་ཆེན་རྫོགས། །ཤར་གྲོལ་དུས་མཉམ་སྤྱོད་པ་མཐར་ཕྱིན་ནས། །འཁོར་འདས་སྤང་བླང་བྲལ་བར་བྱིན་གྱིས་རློབས། །ངོ་བོ་ཆོས་སྐུའི་དབྱིངས་ལས་མ་གཡོས་བཞིན། །རང་བཞིན་ལོངས་སྤྱོད་རྫོགས་སྐུའི་ཡེ་ཤེས་དང་། །ཐུགས་རྗེ་སྤྲུལ་པའི་རྣམ་འཕྲུལ་བསམ་ཡས་ཀྱིས། །རང་གཞན་དོན་གཉིས་འགྲུབ་པར་བྱིན་གྱིས་རློབས། །གཞན་ཡང་གནས་སྐབས་ཆོས་བཞིན་སྤྱོད་པ་ལ། །ཕྱི་ནང་གསང་བའི་འགལ་རྐྱེན་ཀུན་ཞི་ཞིང་། །མཐུན་རྐྱེན་མ་ལུས་ཕུན་སུམ་ཚོགས་པ་ཡི། དགེ་མཚན་སྣང་བ་རྒྱས་པར་བྱིན་གྱིས་རློབས། །ཞེས་པའང་དོན་གཉེར་ཅན་གྱི་ངོར་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་གསོལ་བ་བཏབ་པ་སིདྡྷི་རསྟུ། །

རྣལ་འབྱོར་གྱི་དབང་ཕྱུག་བིརྱ་པའི་སྐུའི་རྣམ་འགྱུར་དྲུག་ལ་ནང་གི་རྣམ་དག་དང་མཐུན་པའི་སྒོ་ནས་གསོལ་བ་འདེབས་པ་བདུད་རྩིའི་རྦ་རླབས།


JKT001_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་གྱི་དབང་ཕྱུག་བིརྱ་པའི་སྐུའི་རྣམ་འགྱུར་དྲུག་ལ་ནང་གི་རྣམ་དག་དང་མཐུན་པའི་སྒོ་ནས་གསོལ་བ་འདེབས་པ་བདུད་རྩིའི་རྦ་རླབས་ཞེས་བྱ་བ། ན་མོ་གུ་རུ་བི་རཱུ་པཱ་དཱ་ཡ། དག་པའི་འཁོར་ལ་ཟབ་དང་རྒྱ་ཆེ་བའི། །དམ་ཆོས་བདུད་རྩིའི་བགོ་བཤའ་སྦྱིན་པ་ཡིས། །གྲུབ་གཉིས་པདྨོ་མཆོག་ཏུ་རྒྱས་མཛད་པའི། རྣལ་འབྱོར་དབང་ཕྱུག་ཞབས་ལ་གསོལ་བ་འདེབས། ༡ །ལུགས་འབྱུང་ཐིག་ལེ་རྣམ་བཞིའི་གངྒའི་རྒྱུན། །ལུགས་ལྡོག་ཛ་ལནྡྷ་རར་


JKT001_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

འཆིང་བ་ལས། །འཕོ་མེད་ཚུལ་ཁྲིམས་མཆོག་གི་ལང་ཚོ་ཅན། །ཟག་བྲལ་རྡོ་རྗེའི་སྐུ་ལ་གསོལ་བ་འདེབས། ༢ །འགྲོ་འོང་སྲོག་དང་རྩོལ་བའི་ཉི་མ་ནི། ཁ་སྦྱོར་དབུ་མའི་དབྱིངས་སུ་བཟུང་བའི་མོད། །ཟབ་མོའི་དོན་ལ་བཟོད་པའི་མཆོག་བརྙེས་པའི། །བདེ་ཆེན་ནཱ་དའི་གསུང་ལ་གསོལ་བ་འདེབས། ༈ །རྟག་ཆད་སྤྲོས་པའི་རང་བཞིན་ཙཎྜི་ཀཱ། །བརྗོད་བྲལ་བརྟུལ་ཞུགས་གྲུབ་པས་ཕམ་བྱས་ཏེ། །ལྷན་སྐྱེས་ཞུ་བདེའི་བརྩོན་འགྲུས་མཐར་ཕྱིན་པ། །རྣམ་ཀུན་མཆོག་ལྡན་ཐུགས་ལ་གསོལ་བ་འདེབས། ༤ །ཐ་མལ་རྣམ་པར་རྟོག་པའི་ལིངྒ་ནི། །རིམ་པ་དང་པོའི་ཕྱག་རྒྱ་གདེངས་ཙམ་གྱིས། །དུམ་བུར་བཤིགས་ནས་ངོ་བོ་ཉིད་གསུམ་གྱི། །བསམ་གཏན་མཆོག་ལ་སྦྱོར་དེར་གསོལ་བ་འདེབས། ༥ །གྱ་ནོམ་ལྷར་ཞེན་ལྕགས་ཁམས་བདེ་སྟོང་གི །ཡེ་ཤེས་རྩི་ཡིས་གསེར་དུ་བསྒྱུར་བ་ལས། །ཤེས་རབ་ཕ་རོལ་ཕྱིན་པའི་ལང་ཚོ་ཡིས། །སྲིད་ཞིའི་བརྟན་པ་འཕྲོག་ལ་གསོལ་བ་འདེབས། ༦ །མདོར་ན་རྡོ་རྗེ་ལུས་ཀྱི་དཀྱིལ་འཁོར་བཞི། །སྒྲིབ་བྲལ་སྐུ་བཞིའི་ངོ་བོར་གནས་གྱུར་པ། །ཕྱོགས་ལས་རྣམ་རྒྱལ་རྣལ་འབྱོར་དབང་ཕྱུག་དང་། །དབྱེར་མེད་དཔལ་ལྡན་བླ་མར་གསོལ་བ་འདེབས། ༧ །ངེས་འབྱུང་བྱང་ཆུབ་སེམས་ཀྱིས་རྒྱུད་འབྱོངས་ཤིང་། །འཁོར་འདས་དབྱེར་མེད་ཟབ་གསང་སྙིང་ལ་ཤར། །དབང་བཞིའི་ལམ་གྱི་


JKT001_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩིའི་ཡིད་མྱོས་པས། །སྐུ་བཞིའི་འབྲས་བུ་སྨིན་པར་བྱིན་གྱིས་རློབས། ༨ །ཞེས་པའང་ཀུན་རྨོངས་ད་རི་དྭ་སྐལ་བཟང་མཁྱེན་བརྩེའི་མིང་ཅན་གྱིས་དཔལ་ཨེ་ཝཾ་ཆོས་ལྡན་ཐར་པ་ཆེན་པོའི་གྲོང་ཁྱེར་གྱི་རྩེ་མོར་སྐད་ཅིག་ལ་གསོལ་བ་བཏབ་པ་སིདྡྷི་རསྟུ།། །།

ཨོ་རྒྱན་རྗེ་འབངས་ཉེར་ལྔ་ལ་གསོལ་བ་འདེབས་པའི་ཚུལ་ཕན་བདེའི་ནོར་བུའི་དོ་ཤལ།


JKT001_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཨོ་རྒྱན་རྗེ་འབངས་ཉེར་ལྔ་ལ་གསོལ་བ་འདེབས་པའི་ཚུལ་ཕན་བདེའི་ནོར་བུའི་དོ་ཤལ་ཅེས་བྱ་བ། ན་མཔདྨ་ཀ་རཱ་ཡ། སིནྡྷའི་པདྨོའི་ལང་ཚོ་གཡོ་བའི་རྩེར། །ངོ་མཚར་འཆི་མེད་གྲུབ་པའི་ཞལ་སྐྱིན་ནི། །གངས་རིའི་ལ་ཐོད་མཛེས་པའི་རྒྱན་གཅིག་པུ། །ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས། །ཐུགས་བསྐྱེད་ཤིང་རྟའི་སྒྱུ་ཐབས་ལ་བརྟེན་ནས། །རྒྱལ་བསྟན་སྣང་བའི་མུ་ཁྱུད་དྲངས་མ་ཐག །བོད་ཡུལ་མུན་པའི་སྨག་རུམ་བསལ་མཛད་པ། །ཏིང་འཛིན་མཆོག་བརྙེས་ཞབས་ལ་གསོལ་བ་འདེབས། །འཇམ་དཔལ་ཞལ་གཟིགས་བྲག་ལ་ཕུར་པ་བཏབ། །ཉི་ཟླ་གདན་སྟེང་རིག་སྔགས་དམོད་པའི་མཚོན། །རབ་གཡོས་སྡིག་སྤྱོད་རྒྱལ་པོ་སྤ་བཀོང་མཛད། །སངས་རྒྱས་ཡེ་ཤེས་ཞབས་ལ་གསོལ་བ་འདེབས། །ཡུལ་གསུམ་གྱད་དུ་གྱུར་པའི་མཐུ་བྱིན་ལས། །རྟ་མཆོག་འབར་བའི་ཕྱག་རྒྱར་མངོན་སྤྲུལ་ཞིང་། །དབང་བཅུའི་ཐོག་མའི་དངོས་གྲུབ་བརྙེས་མཛད་པ། །རྒྱལ་བ་མཆོག་དབྱངས་ཞབས་ལ་གསོལ་བ༴ དཔལ་ཆེན་ཡང་དག་རོལ་པའི་ཞལ་གཟིགས་ཤིང་། །ཕྲིན་ལས་ཐོགས་མེད་ཉི་མའི་ཟེར་ལ་གཤེགས། །རགས་ལུས་མཁའ་སྤྱོད་


JKT001_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སུ་རོལ་པ་ཡི། །དགེ་སློང་ནམ་མཁའི་སྙིང་པོར་གསོལ་བ༔ སྲ་མཁྲེགས་བྲག་ལས་བདུད་རྩིའི་རྒྱུན་གཡོ་བ། །འགྲོ་བའི་མིག་གི་དཔྱིད་དུ་མངོན་སྩལ་ཅིང་། །ཆེ་མཆོག་བཀའ་བབས་སྒྱུ་འཕྲུལ་སྣ་ཚོགས་བསྟན། །ཛྙཱ་ན་ཀུ་མཱ་ར་དྲི་མེད་ཟླ་ཤར་རྩལ་ལ་གསོལ་བ་འདེབས། །ཤེས་རབ་ཌ་ཀི་མི་བརྗེད་གཟུངས་ཐོབ་ཅིང་། །རྡོ་རྗེ་གཞོན་ནུའི་ཞལ་གཟིགས་དངོས་གྲུབ་བརྙེས། །བསད་གསོའི་རྫུ་འཕྲུལ་མཐའ་ཀླས་སྡུད་པ་པོ། །ཡེ་ཤེས་མཚོ་རྒྱལ་ཞབས་ལ་གསོལ༴ སྲིད་པ་བདེ་འགྲོའི་དཀྱིལ་འཁོར་རབ་གཟིགས་ཤིང་། །སྣང་སྲིད་མ་མོ་བྲན་དང་གཡོག་ཏུ་འཁོལ། །རིན་ཆེན་དགོས་འདོད་འབྱུང་བའི་གཏེར་མངའ་བའི། །དཔལ་གྱི་ཡེ་ཤེས་ཞབས་ལ༴ སྤ་གྲོ་སྟག་ཚང་སྒྲུབ་པའི་གནས་མཆོག་ཏུ། །དྲེགས་པ་ཀུན་འདུལ་ལྷ་ཚོགས་ཞལ་གཟིགས་ཤིང་། །སྡེ་བརྒྱད་འབྱུང་པོས་ཕྲིན་ལས་ཐོགས་མེད་བསྒྲུབས། །དཔལ་གྱི་སེང་གེའི་ཞབས་ལ༴ སྒྲ་སྒྱུར་ལོ་ཙཱ་ཀུན་གྱི་སྤྱི་བོས་བཏུད། །སྟོབས་ལྡན་ནག་པོའི་དཀྱིལ་འཁོར་ཞལ་གཟིགས་ཤིང་། །ཡེ་ཤེས་སྤྱན་གྱིས་དུས་གསུམ་སྒྲིབ་མེད་མཁྱེན། །བེ་རོ་ཙ་ནའི་ཞབས་ལ་གསོལ་བ་འདེབས། །འདི་ཡན་ཆད་བཀའ་བབས་མི་བརྒྱད་དམ་དགུའོ། །ལེགས་གྲུབ་སྒྱུ་འཕྲུལ་རོལ་པ་ལ་ཆགས་ཕྱིར། །ཐེག་མཆོག་རྫོགས་པ་ཆེན་པོའི་ས་ལ་གཤེགས། །གཟུགས་སྐུ་གསེར་གྱི་རྡོ་རྗེ་སྤྲུལ་པའི་གར། །གཡུ་སྒྲ་སྙིང་པོའི་ཞབས་


JKT001_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་གཞོན་ནུས་རྗེས་བཟུང་ཕྲིན་ལས་ཀྱི། །བསྙེན་ཕུར་སྲ་མཁྲེགས་བྲག་ལ་མངོན་བཏབ་ཅིང་། །རླུང་སེམས་དབང་ཐོབ་རི་བྲག་ཐོགས་མེད་གཤེགས། །རྡོ་རྗེ་བདུད་འཇོམས་ཞབས་ལ༔ དམ་ཆོས་ཕྱི་མོའི་རོལ་སྒེག་བྱང་ཆུབ་ཅིང་། །རིམ་གཉིས་ཟུང་འཇུག་ཐེམ་སྐས་ལ་འཛེགས་པས། །འོག་མིན་མཁའ་སྤྱོད་ཞིང་དུ་བགྲོད་མཛད་པ། །ཨཱ་ཙར་ཡེ་ཤེས་དབྱངས་ལ༴ ཛྷཱ་ན་ཀུ་མཱས་གྲུབ་པའི་སྒྱུ་འཕྲུལ་གྱིས། །རྗེས་སུ་བཟུང་བས་ཐེག་མཆོག་མཛོད་དུ་གྱུར། །བརྟུལ་ཞུགས་གཅན་གཟན་གདུག་པའི་གཉའ་ནས་འཛིན། །སོག་པོ་དཔལ་གྱི་ཡེ་ཤེས་ཞབས་ལ་གསོལ་བ༴ སྒྲ་བསྒྱུར་ལོ་ཙཱའི་མཆོག་ཏུ་རབ་ཕྱིན་ཅིང་། །མཁའ་ལྡིང་རྒྱལ་པོའི་བརྟུལ་ཞུགས་འཛིན་པ་ཡིས། །ནམ་མཁའི་ལམ་ནས་གྱ་གྱུར་གཤེགས་མཛད་པ། །སྣ་ནམ་ཡེ་ཤེས་སྡེ་ལ༴ ཕྲིན་ལས་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་དུ། །ནུས་པའི་མཚན་མ་མངོན་དུ་བརྙེས་པ་ཡིས། བསྙེན་ཕུར་གདེངས་པས་དགྲ་བགེགས་སྒྲོལ་མཛད་པ། །དཔལ་གྱི་དབང་ཕྱུག་ཞབས་ལ༔ པདྨས་རྗེས་བཟུང་གསང་མཛོད་བདག་པོར་གྱུར། །མངོན་སུམ་རྟོགས་པའི་ཡེ་ཤེས་རབ་བརྙེས་པས། །དམ་ཆོས་མི་བརྗེད་གཟུངས་མཆོག་ཐོབ་པ་ཡི། །ལྡན་མ་རྩེ་མང་ཞབས་ལ༔ མངོན་པར་ཤེས་པ་ཕྱོགས་མེད་ཤར་བ་ཡིས། །གཞན་རྒྱུད་བསམ་པའི་དངོས་པོ་ཇི་བཞིན་མཁྱེན། །སྤྲུལ་


JKT001_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལོ་ཙཱར་ལུང་གིས་སྐབས་དབྱེ་བའི། །སྐ་བ་དཔལ་བརྩེགས་ཞབས་ལ༴ ཕྲིན་ལས་ཟབ་མོ་འགྲུབ་པའི་མངོན་རྟོགས་ནི། །བསྙེན་ཕུར་གདེངས་པས་ཆུ་བོ་གྱེན་བཟློག་ཅིང་། །སྲ་མཁྲེགས་བྲག་རིའི་བ་གམ་གཞིལ་མཛད་པ། །ཤུད་བུ་དཔལ་སེང་ཞབས་ལ༴ ཧཱུཾ་ཆེན་ཀཱ་རས་རྗེས་བཟུང་ཧེ་རུ་ཀའི། །དཀྱིལ་འཁོར་མཆོག་ཏུ་བཅུག་པའི་སྒྱུ་འཕྲུལ་ནི། །ཚད་མེད་རོལ་པ་ཛམྦུ་ནཱ་དར་བསྒྱུར། །རྒྱལ་བའི་བློ་གྲོས་ཞབས་ལ༴ གཞོན་པའི་དུས་ནས་བརྡ་སྤྲོད་རིག་པ་མཁྱེན། །མཁའ་ལ་རྒྱུ་བའི་འདབ་ཆགས་གཤོག་རྩལ་ཡང་། །ལྟ་སྟངས་ཕྱག་རྒྱས་འགུགས་པའི་ངོ་མཚར་ཅན། །ཁྱེའུ་ཆུང་ལོ་ཙཱའི་ཞབས་ལ༔ གསང་བ་སྔགས་ཀྱི་ཆོས་ཚུལ་མ་ལུས་ཀུན། །མངའ་དབང་བསྒྱུར་བས་གྲུབ་པའི་ས་ལ་གཤེགས། །དག་བྱེད་གཏེར་ལ་ཉ་བཞིན་འཕྱོ་མཛད་པ། །འོ་བྲན་དབང་ཕྱུག་ཞབས་ལ༴ པདྨས་རྗེས་བཟུང་དམ་ཆོས་མཛོད་དུ་གྱུར། བརྟུལ་ཞུགས་གྲུབ་པ་བརྙེས་པའི་སྡིགས་མཛུབ་ཀྱིས། །བྱང་ཐང་ཙ་མ་ར་རྣམས་དགུག་པར་མཛད། །དྲན་པ་ནམ་མཁའི་ཞབས་ལ༔ དཔལ་ལྡན་ནཱ་གཱ་རྫུ་ནའི་དགོངས་པ་ལྟར། །མཐའ་བྲལ་དབུ་མའི་ལྟ་བ་མངོན་གྱུར་ཅིང་། རྫུ་འཕྲུལ་ཕ་ཝཾ་ཟན་ལྟར་བཅད་ནས་གསོལ། །རྨ་བན་རིན་ཆེན་ཞབས་ལ༴ བསླབ་པ་གསུམ་གྱིས་ལེགས་པར་རྒྱུད་བསྡམས་ཤིང་། །གྲུབ་པའི་མཚན་མ་རི་བྲག་ཐོགས་མེད་


JKT001_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས། །སྡིག་སྤྱོད་རྒྱལ་པོའི་ལས་ངན་རྒྱུན་གཅོད་པའི། །དཔལ་གྱི་རྡོ་རྗེའི་ཞབས་ལ༴ སྐད་གཉིས་སྨྲ་བའི་ཐེམ་སྐས་ལ་འཛེགས་ཤིང་། །ཕྲིན་ལས་གྲུབ་པའི་སྒྱུ་འཕྲུལ་སྣ་ཚོགས་བསྟན། །ནུས་མཐུས་གནམ་ལྕགས་ཕྱག་སོར་རྩེ་ནས་འཕེན། །དཀོན་མཆོག་འབྱུང་གནས་ཞབས་ལ༔ ཐོས་པའི་བཅུད་ལེན་བར་མེད་བཏུང་བའི་མཐུས། །གྲུབ་གཉིས་རྣལ་དུ་འབྱོར་པའི་སྒྱུ་རྩལ་གྱིས། །རྟེན་མེད་མཁའ་ལ་རྡོ་རྗེའི་སྐྱིལ་ཀྲུང་བཅའ། །རྒྱལ་བ་བྱང་ཆུབ་ཞབས་ལ་གསོལ་བ་འདེབས། །གཞན་ཡང་མཚོ་སྐྱེས་པདྨ་ཀ་ར་དང་། །དྲི་མེད་བཤེས་གཉེན་ཞི་བ་འཚོ་ལ་སོགས། །སྟོན་པ་གཉིས་པས་རྗེས་བཟུང་སྨིན་གྲོལ་གྱིས། །གྲུབ་བརྙེས་རྣལ་འབྱོར་ཀུན་ལ་གསོལ་བ་འདེབས། །ལྟ་བ་སྤྲོས་བྲལ་དབུ་མ་ཆེན་པོར་རྟོགས། །སྒོམ་པ་འོད་གསལ་ཕྱག་རྒྱ་ཆེན་པོར་གྲོལ། །སྤྱོད་པ་སྣ་ཚོགས་གྲུབ་པའི་རྫུ་འཕྲུལ་སྟོན། །འབྲས་བུ་རྫོགས་པ་ཆེན་པོར་སྨིན་ལ་འདུད། །དེ་ལྟར་རྟག་ཏུ་དད་པའི་དྲི་བཞོན་གྱིས། །མཁྱེན་བརྩེའི་ཆུ་འཛིན་སྟུག་པོ་བསྐུལ་བ་ལས། །ཐུགས་རྗེའི་སྤྲིན་གྱི་མྱུ་གུ་འཇོ་བ་ཡིས། །བསྟན་འགྲོའི་ཕན་བདེའི་དགའ་ཚལ་རྒྱས་གྱུར་ཅིག །ཁྱད་པར་སྔ་འགྱུར་རྡོ་རྗེ་ཐེག་པའི་ལམ། །འཆད་ཉན་སྒྲུབ་ལ་བརྩོན་པའི་རིག་འཛིན་སྡེ། །སྲིད་མཐའ་ཁྱབ་པའི་བར་དུ་འཕེལ་གྱུར་དེས། །འགྲོ་ཀུན་རིམ་གཉིས་ཀློང་དུ་སྨིན་པར་ཤོག །


JKT001_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ནས་བཟུང་སྟེ་ཚེ་རབས་ཐམས་ཅད་དུ། །བསླབ་པ་གསུམ་གྱིས་རྒྱུད་བསྡམས་ཐོས་བསམ་དང་། །དོན་སྒོམ་ཨུཏྤལ་འཛུམ་ཕྲེང་གྲོལ་བ་ཡིས། །བདག་གཞན་སྲིད་ལས་ངལ་བསོ་སྦྱིན་གྱུར་ཅིག །ཟླ་བ་ཞུན་མའི་རྡུལ་བརྩེགས་གངས་རིའི་ཁྲོད། །སྙིགས་མའི་རྒུད་པས་ཉེན་པའི་འགྲོ་རྣམས་ལ། །ལྷག་པར་ཐུགས་རྗེའི་འཇུག་པས་བརྩེ་བ་ཡིས། །སྣོད་བཅུད་ཕན་བདེའི་དཔལ་གྱིས་འཁྱུད་པར་ཤོག །ནམ་ཞིག་འདིར་སྣང་ནུབ་པར་གྱུར་པའི་ཚེ། །རིག་འཛིན་ཌཱ་ཀིའི་ཕོ་ཉས་མདུན་བདར་ཏེ། མཁའ་སྤྱོད་ཟངས་མདོག་དཔལ་རིའི་ཕོ་བྲང་དུ། །དབུགས་འབྱིན་ཆེན་པོའི་དགའ་སྟོན་བརྙེས་གྱུར་ཅིག །མཐར་ཐུག་གཟོད་ནས་དག་པའི་ཡེ་ཤེས་ཀྱི། །རང་མདངས་ཁ་སྦྱོར་ཡན་ལག་བདུན་གྱི་དངོས། །རྣམ་པ་ཀུན་གྱི་མཆོག་ལྡན་ཧེ་རུ་ཀ །སྐུ་གསུམ་དབྱེར་མེད་གོ་འཕང་ཐོབ་པར་ཤོག །དེ་ལྟར་རྩེ་གཅིག་གསོལ་བཏབ་རྟེན་འབྱུང་དང་། །འཆི་མེད་པདྨ་ཀ་རའི་བྱིན་རླབས་ཀྱིས། །ཇི་སྐད་སྨོན་པའི་དོན་རྣམས་མ་ལུས་ཀུན། །གེགས་མེད་མྱུར་དུ་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་འཛམ་བུའི་ལྗོན་པས་མཚན་པའི་ལྗོངས་འདིར་སྟོན་པ་གཉིས་པར་ཡོངས་སུ་གྲགས་ཤིང་། ས་གསུམ་ན་འགྲན་ཟླ་བྲལ་བ་དུས་གསུམ་མཁྱེན་པ་ཨོ་རྒྱན་ཆེན་པོས་རྗེས་སུ་བཟུང་ཞིང་སྨིན་གྲོལ་གྱི་སྒོ་འཕར་ཕྱེ་བས་གྲུབ་པའི་ས་ལ་གཤེགས་པར་མཛད་པའི་རྣལ་འབྱོར་གྱི་དབང་ཕྱུག་རྗེ་འབངས་ཉི་ཤུ་རྩ་ལྔ་ལ་རྣམ་ཐར་དང་མཐུན་པར་རྟོགས་པ་བརྗོད་པའི་གསོལ་བ་འདེབས་པ་ཕན་བདེའི་ནོར་བུའི་དོ་ཤལ་ཅེས་བྱ་བ་འདི་ནི། གཞོན་ནུ་ཨ་བྷཱ་ཡས་མི་ཕྱེད་པའི་དད་པས་མཚམས་སྦྱར་ཏེ་རང་ལ་བཅོ་ལྔ་པར་བཀོད་པ་ཛ་ཡནྟུ།།

ཨོ་རྒྱན་རྗེ་འབངས་ཉེར་ལྔ་འཁོར་བཅས་ལ་གསོལ་བ་འདེབས་པ་མདོར་བསྡུས་བྱིན་རླབས་སྙིང་པོ།


JKT001_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

ཨོ་རྒྱན་རྗེ་འབངས་ཉེར་ལྔ་འཁོར་བཅས་ལ་གསོལ་བ་འདེབས་པ་མདོར་བསྡུས་བྱིན་རླབས་སྙིང་པོ་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་བྷྱ འདིར་ཨོ་རྒྱན་རིན་པོ་ཆེ་སྤྲུལ་པའི་ཐོད་ཕྲེང་རིགས་ལྔ་གུ་རུ་མཚན་བརྒྱད་རྗེ་འབངས་ཉེར་ལྔ་འཁོར་བཅས་ལ་མདོར་བསྡུས་ཏེ་གསོལ་བ་གདབ་པར་འདོད་པས། བདག་སོགས་འགྲོ་ཀུན་དེང་ནས་བྱང་ཆུབ་བར། །དཀོན་མཆོག་རྩ་བ་གསུམ་ལ་སྐྱབས་སུ་མཆི། །གཞན་དོན་རྫོགས་པའི་སངས་རྒྱས་འཐོབ་བྱའི་ཕྱིར། །སྨོན་དང་འཇུག་པའི་བྱང་ཆུབ་སེམས་བསྐྱེད་དོ། །ལན་གསུམ་གྱིས་སྐྱབས་སེམས་བྱ། མདུན་གྱི་ནམ་ཞྭ མཁར་ཡིད་འཕྲོག་མཆོད་སྤྲིན་དབུས། །རིན་ཆེན་སེང་ཁྲི་པདྨ་ཉི་ཟླའི་སྟེང་། །རྩ་བའི་བླ་མ་ཨོ་རྒྱན་རིན་པོ་ཆེ། སྐུ་མདོག་དཀར་དམར་གཞོན་ཚུལ་གཟི་བརྗིད་འབར། །ཕྱག་གཡས་རྡོ་རྗེ་གཡོན་པས་ཐོད་བུམ་དང་། །གསང་བའི་ཡུམ་མཆོག་སྦས་ཚུལ་ཁ་ཊཾ་འཁྱུད། །སྐུ་ལ་གསང་ཕོད་ཆོས་གོས་ཟ་བེར་གསོལ། །དབུ་ལ་ཤེའུའི་སྙན་ཞུ་མཐོང་གྲོལ་མཛེས། །ཞབས་ཟུང་རྡོ་རྗེའི་སྐྱིལ་ཀྲུང་དྲང་པོར་བཞུགས། །གསང་གསུམ་ལས་སྐྱེས་འཇའ་ཟེར་འོད་ཕུང་ཀློང་། །ཐོད་ཕྲེང་སྡེ་ལྔ་སྤྲུལ་པའི་མཚན་བརྒྱད་དང་། །ཐུགས་སྲས་མི་རྗེ་འབངས་རིགས་ཉེར་ལྔ་སོགས། །རིག་འཛིན་བླ་མ་རྒྱ་མཚོའི་སྤྲིན་ཕུང་འཕྲོ། །གནས་


JKT001_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་འབྲུ་གསུམ་མཚན་པའི་འོད་ཟེར་གྱིས། །ཡེ་ཤེས་སྤྱན་དྲངས་གཉིས་སུ་མེད་པར་གྱུར། །ཅེས་གསལ་གདབ། ཧཱུྃ། བཞེངས་ཤིག་པདྨ་འབྱུང་གནས་མཁའ་འགྲོའི་ཚོགས། །དགོངས་ཤིག་ཕྱོགས་བཅུ་དུས་གསུམ་བདེ་གཤེགས་རྣམས། །རྗེ་བཙུན་ཆེན་པོ་པདྨ་ཐོད་ཕྲེང་རྩལ། །རིག་འཛིན་མཁའ་འགྲོའི་གནས་ནས་གཤེགས་སུ་གསོལ། །ཅེས་ཡེ་ཤེས་སྤྱན་དྲངས་ཤིང་བསྟིམ། །སེང་ཁྲི་པདྨ་ཉི་ཟླའི་གདན་ལ་བཞུགས། །སྒོ་གསུམ་གུས་པས་ཕྱག་འཚལ་སྐྱབས་སུ་མཆི། །ཕྱི་ནང་གསང་བ་བླ་མེད་མཆོད་སྤྲིན་འབུལ། །དུས་གསུམ་བསགས་པའི་སྡིག་སྒྲིབ་མཐོལ་ཞིང་བཤགས། །འཕགས་དང་སོ་སྐྱེའི་དགེ་བར་རྗེས་ཡི་རང་། །ཟབ་རྒྱས་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །མྱ་ངན་མི་འདའ་རྟག་ཏུ་བཞུགས་གསོལ་འདེབས། །བསོད་ནམས་དངོས་ཀུན་བྱང་ཆུབ་ཆེན་པོར་བསྔོ། །ཞེས་ཚོགས་བསགས། དུས་གསུམ་རྒྱལ་བ་ཀུན་དངོས་མི རིགས་བརྒྱའི་བདག །ཕྲིན་ལས་རྣམ་བཞིས་འཁོར་ལོས་སྒྱུར་བ་པོ། །སྣང་སྲིད་དབང་དུ་སྡུད་པའི་མཐུ་སྟོབས་ཅན། །པདྨ་འབྱུང་གནས་ཞབས་ལ་གསོལ་བ་འདེབས། །རྡོ་རྗེ་རིན་ཆེན་པདྨ་ཀརྨ་དང་། །བུདྡྷ་ཐོད་ཕྲེང་རིགས་མཆོག་རྣམ་པ་ལྔ། །འཆི་མེད་པད་འབྱུང་པདྨ་སཾ་བྷ་ཝ། །བློ་ལྡན་མཆོག་སྲེད་པདྨ་རྒྱལ་པོ་རྩལ། །ཤཱཀྱ་སེང་གེ་ཉི་མ་འོད་ཟེར་དང་།སེང་གེ་སྒྲ་སྒྲོག་རྡོ་རྗེ་གྲོ་ལོད་སོགས། །གང་འདུལ་སྒྱུ་འཕྲུལ་དྲྭ་བའི་


JKT001_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་འཆང་བ། །སྐྱབས་གནས་ཀུན་འདུས་མཆོག་ལ་གསོལ་བ༔ སངས་རྒྱས་ཡེ་ཤེས་རྒྱལ་བ་མཆོག་དབྱངས་སྡེ། །ནམ་མཁའི་སྙིང་པོ་ཛྷཱ་ན་ཀུ་མཱ་ར། །ཡེ་ཤེས་མཚོ་རྒྱལ་དཔལ་གྱི་ཡེ་ཤེས་ཞབས། །དཔལ་གྱི་སེང་གེ་རྣམས་ལ་གསོལ༴ བེ་རོ་ཙ་ན་ཆོས་རྒྱལ་ཁྲི་སྲོང་ཞབས། །གཡུ་སྒྲ་སྙིང་པོ་རྡོ་རྗེ་བདུད་འཇོམས་རྩལ། །ཡེ་ཤེས་དབྱངས་དང་སོག་པོ་ལྷ་དཔལ་སྡེ། །སྣ་ནམ་ཡེ་ཤེས་རྣམས་ལ་གསོལ༴ དཔལ་གྱི་དབང་ཕྱུག་ལྡན་མ་རྩེ་མང་དང་། །སྐ་བ་དཔལ་བརྩེགས་ཤུད་པུ་དཔལ་གྱི་སེང་། །རྒྱལ་བའི་བློ་གྲོས་འབྲོག་བན་ལོ་ཙཱ་བ། །དྲན་པ་ནམ་མཁའ་རྣམས་ལ༔ འོ་བྲན་དབང་ཕྱུག་རྨ་བན་རིན་ཆེན་མཆོག །དཔལ་གྱི་རྡོ་རྗེ་ལང་གྲོ་དཀོན་མཆོག་འབྱུང་། །རྒྱལ་བ་བྱང་ཆུབ་དགོངས་པ་མངོན་གྱུར་པའི། །ཐུགས་སྲས་རིག་འཛིན་རྣམས་ལ་གསོལ་བ་འདེབས། །གསོལ་བ་འདེབས་སོ་ཨོ་རྒྱན་རིན་པོ་ཆེ། །བྱིན་གྱིས་རློབས་ཤིག་སྤྲུལ་པའི་རིག་འཛིན་ཚོགས། །ཕྱི་ནང་གསང་བའི་བར་ཆད་ཞི་བ་དང་། །བསམ་པ་ལྷུན་གྱིས་འགྲུབ་པར་མཛད་དུ་གསོལ། །ལུས་ངག་ཡིད་ལ་རྡོ་རྗེའི་དབང་བཞི་སྐུར། །ནད་གདོན་སྡིག་སྒྲིབ་བར་ཆད་དབྱིངས་སུ་སོལ། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་དངོས་གྲུབ་སྩོལ། །རྣམ་གྲོལ་སྐུ་བཞི་ཐོབ་པར་བྱིན་གྱིས་རློབས། །ཞེས་ཕུར་ཚུགས་སུ་གསོལ་བ་གདབ། སྤྲོ་ན་ལེའུ་བདུན་མ་དང་། བསམ་པ་ལྷུན་གྲུབ། བར་ཆད་


JKT001_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་སེལ་སོགས་གསོལ་འདེབས་རིགས་གང་ཤེས་སྐབས་འདིར་བྱ། གསོལ་འདེབས་ཀྱི་བསྙེན་པ། ཨོཾ་ཨཱཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུཾ། ཞེས་ཅི་ནུས་སུ་བཟླས་མཐར། རིག་འཛིན་བླ་མའི་སྐུ་ཡི་གནས་བཞི་ནས། །འོད་ཟེར་བྱུང་བ་བདག་གི་གནས་བཞིར་ཐིམ། །སྐུ་གསུང་ཐུགས་དང་ཡེ་ཤེས་རྡོ་རྗེ་ཡིས། །བྱིན་གྱིས་བརླབས་ནས་དབང་བཞི་ཐོབ་པར་གྱུར། །མཐར་ནི་ཚོགས་ཞིང་འོད་ཞུ་རང་ལ་ཐིམ། །ཐུགས་ཡིད་གཅིག་འདྲེས་དགོངས་པའི་རྩལ་ཆེན་རྫོགས། །འཁོར་འདས་རོ་གཅིག་འོད་གསལ་ཐིག་ལེའི་ཀློང་། །དོན་གཉིས་འབྲས་བུ་སྨིན་པའི་བཀྲ་ཤིས་སྩོལ། །ཅེས་དབང་བླངས་ཤིང་བསྔོ་སྨོན་ཤིས་པ་བརྗོད་པས་མཐའ་བརྒྱན་པར་བྱའོ། །ཞེས་པའང་དད་ལྡན་ནཱ་ཐའི་མིང་ཅན་གྱིས་གསོལ་བ་བཏབ་པ་ལྟར། མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བྲིས་པ་སིདྡྷི་རསྟུ། །

སྒྲུབ་བརྒྱུད་ཀྱི་བསྟན་པའི་བཙས་སུ་བསྔགས་པའི་གསོལ་འདེབས་དོན་ཐམས་ཅད་ཡོངས་སུ་གྲུབ་པའི་དབྱངས་སྙན།


JKT001_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་བརྒྱུད་ཀྱི་བསྟན་པའི་བཙས་སུ་བསྔགས་པའི་གསོལ་འདེབས་དོན་ཐམས་ཅད་ཡོངས་སུ་གྲུབ་པའི་དབྱངས་སྙན་ཅེས་བྱ་བ། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །སྙིང་སྟོབས་ཆེན་པོས་འཕགས་ཡུལ་ལན་མང་བགྲོད། །བློ་གྲོས་ཆེན་པོས་ཆོས་ཀུན་དེ་ཉིད་གཟིགས། །གྲུབ་པ་ཆེན་པོས་ཆོ་འཕྲུལ་ཅིར་ཡང་སྟོན། །ལོ་ཙཱ་ཆེན་པོའི་ཞབས་ལ་གསོལ་བ་འདེབས། །ནུས་མཐུ་ཆེན་པོས་སྐུ་དགྲ་རྩད་ནས་བཅད། །དཀའ་སྤྱད་ཆེན་པོས་བླ་མ་མཉེས་པར་མཛད། །བརྩོན་འགྲུས་ཆེན་པོས་སྒྲུབ་པའི་རྒྱལ་མཚན་བསྟེན། །རས་པ་ཆེན་པོའི་


JKT001_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་ལ་གསོལ་བ་འདེབས། །ཐེག་པ་ཆེན་པོའི་རིགས་མཆོག་ཡོངས་སུ་སད། །ཕྱག་རྒྱ་ཆེན་པོའི་རྟོགས་པ་མངོན་དུ་གྱུར། །ཕྲིན་ལས་ཆེན་པོ་མཁའ་དང་མཉམ་པར་བརྡལ། །སྙི་སྒམ་ཆེན་པོའི་ཞབས་ལ་གསོལ་བ་འདེབས། །དམ་པ་རྣམས་ལ་གུས་པས་གསོལ་བཏབ་མཐུས། །སྒྲུབ་བརྒྱུད་བསྟན་འཛིན་མཆོག་རྣམས་ཞབས་བརྟན་ཅིང་། །བསྟན་པ་རིན་ཆེན་ཕྱོགས་བཅུར་རྒྱས་པ་དང་། །འཇིག་རྟེན་དགེ་ལེགས་ཆེན་པོས་ཁྱབ་པར་ཤོག །ཅེས་པའང་རང་བྱུང་བཅུ་བཞི་པའི་ཤིང་གླང་ཆོ་འཕྲུལ་ཟླ་བའི་དཀར་ཕྱོགས་ཀྱི་རྒྱལ་བ་དང་པོར་ཉིང་འཁྲུལ་གྱི་ངེས་པ་བརྟན་པོར་ཇི་ལྟར་སྣང་བ་བཞིན་སྒྲུབ་བརྒྱུད་ཀྱི་ཤིང་རྟ་ཆེན་པོའི་ལམ་སྲོལ་ལ་མཆོག་ཏུ་གུས་པ་ཀརྨ་བསྟན་པའི་ཉི་མ་བཤད་སྒྲུབ་ཆོས་ཀྱི་སེང་གེས་དག་པར་བྲིས་པ་དོན་དང་ལྡན་པར་གྱུར་ཅིག །སརྦ་མངྒ་ལཾ།། །།

རྗེ་བཙུན་བླ་མ་ཀུན་དགའ་ཆོས་ཀྱི་དབང་པོའི་ཐུགས་བཞེད་ལྟར་གསུངས་པ།


JKT001_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། རྩ་གསུམ་ཀུན་འདུས་པདྨ་འབྱུང་གནས་ལ། །མི་ཕྱེད་སྙིང་ནས་གུག་པས་གསོལ་བ་འདེབས། །འགལ་བ ༧ རྐྱེན་ཀུན་ཞི་བསམ་དོན་ལྷུན་གྱིས་གྲུབ། །སྐུ་བཞིའི་གོ་འཕང་ཐོབ་པར་བྱིན་གྱིས་རློབས། །ཞེས་པའང་སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ་བའི་རྗེ་བཙུན་བླ་མ་ཀུན་དགའ་ཆོས་ཀྱི་དབང་པོའི་ཐུགས་བཞེད་ལྟར་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་གསོལ་བ་བཏབ་པ་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག། །།

རྡོ་རྗེ་འཛིན་པ་ཆེན་པོ་ཀུན་དགའ་ཆོས་དབང་གི་གསུང་ངོར།


JKT001_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

༈ ན་མོ་གུ་རུ་བིདྨ་པཱ་དཱ་ཡ། གཞུང་ལུགས་ཀུན་མཁྱེན་མཁའ་འགྲོས་རྗེས་སུ་བཟུང་། །མངོན་གྱུར་ས་བརྙེས་དཔལ་ལྡན་བིརཱུ་པ། །གྲུབ་རིགས་རྒྱ་མཚོའི་གཙོ་བོར་གསོལ་བ་འདེབས། བར་ཆད་ཀུན་སེལ་མཆོག་ཐུན་དངོས་གྲུབ་སྩོལ། །ཅེས་པའང་རྡོ་རྗེ་འཛིན་པ་ཆེན་པོ་ཀུན་དགའ་ཆོས་དབང་གི་གསུང་ངོར་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་གསོལ་བ་བཏབ་པ་རང་གཞན་ཀུན་གྱི་རྒྱུད་ལ་རྣལ་འབྱོར་དབང་ཕྱུག་གི་བྱིན་རླབས་འཇུག་པའི་རྒྱུར་གྱུར་ཅིག། ༈ །།ཨོཾ་ཨཱབྷཊྛར་ཀ་ཏ་ས་བཛྲ་སརྦ་སིདྡྷི་ཧཱུྃ། རྣལ་འབྱོར་དབང་ཕྱུག་བཞད་པ་རྡོ་རྗེ་ལ། །བཟོད་མེད་གདུང་ཤུགས་དྲག་པོས་གསོལ་འདེབས་ན། །ཡེ་ཤེས་གཟིགས་པས་རྟག་ཏུ་རྗེས་བཟུང་ནས། །མགོན་པོ་ཁྱོད་དང་མཚུངས་པར་བྱིན་གྱིས་རློབས། །ཞེས་པའང་ངེས་དོན་སྒྲུབ་པའི་རྒྱལ་མཚན་འཛིན་པ་ཀུན་སྤངས་ཆོས་ཀྱི་རྗེ་ཨཱ་ནནྡ་དྷརྨེནྡས་བཀའ་སྩལ་པ་ལྟར་བྱ་བྲལ་བ་མཉྫ་གྷོ་ཥས་གསོལ་བ་བཏབ་པ་དེ་དེ་བཞིན་དུ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། །སརྦ་སུ་ཐེ་ཡོ་བྷ་བ་ཏུ། །

ཡུལ་དམ་པ་རྣམས་ལ་གསོལ་བ་འདེབས་པ་དགེ་ལེགས་ཤིས་པའི་དབྱངས་སྙན།


JKT001_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་དམ་པ་རྣམས་ལ་གསོལ་བ་འདེབས་པ་དགེ་ལེགས་ཤིས་པའི་དབྱངས་སྙན་ཅེས་བྱ་བ་བཞུགས་སོ། །ཨོཾ་སྭསྟི་སིདྡྷཾ། བསྐལ་བཟང་སྒྲོན་མེ་བཞི་པ་ཤཱཀྱའི་ཏོག །ས་བཅུའི་དབང་ཕྱུག་རྒྱལ་ཚབ་མ་ཕམ་པ། །རྒྱལ་སྲས་འཇམ་དབྱངས་སློབ་མ་མཆོག་ཟུང་སོགས། །འཕགས་ཚོགས་འདུས་པར་བཅས་ལ་གསོལ་བ་འདེབས། །གནས་བརྟན་བཅུ་དྲུག་གཏད་རབས་ཆེན་པོ་བདུན། །འཛམ་གླིང་རྒྱན་དྲུག་མཆོག་དང་རྨད་བྱུང་གསུམ། །རྣལ་འབྱོར་དབང་ཕྱུག་བརྒྱད་ཅུ་རྩ་བཞི་སོགས། །རྒྱ་གར་པཎ་གྲུབ་རྣམས་ལ་གསོལ་བ་འདེབས། །སྤྱན་རས་གཟིགས་དབང་ཆོས་རྒྱལ་སྲོང་བཙན་རྗེ། །


JKT001_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན་པའི་འཁོར་ལོ་ཐོན་མི་སཾ་བྷོ་ཊ། །ལག་ན་རྡོ་རྗེ་སྟོང་བཙན་ཡུལ་བཟུང་སོགས། །སྤྲུལ་པའི་རྒྱལ་བློན་རྣམས་ལ་གསོལ་བ་འདེབས། །གསང་འཛིན་དབང་པོ་མཁན་ཆེན་ཞི་བ་འཚོ། །ཐུགས་རྗེ་ཆེ་དངོས་སློབ་དཔོན་པདྨ་འབྱུང་། །འཇམ་དཔལ་གཞོན་ནུ་ཆོས་རྒྱལ་ཁྲི་སྲོང་སོགས། །བཀའ་དྲིན་མཉམ་མེད་རྣམས་ལ་གསོལ་བ་འདེབས། །མདོ་སྔགས་བསྟན་པའི་ཤིང་རྟ་ས་སྐྱ་པ། །ཟབ་རྒྱས་རྒྱུད་སྡེའི་གསང་མཛོད་ངོར་ཆེན་རྗེ། །སྨྲ་བའི་སེང་གེ་གཡག་རོང་རྣམ་གཉིས་སོགས། །བོད་ཡུལ་བསྟན་འཛིན་རྣམས་ལ་གསོལ་བ་འདེབས། །གཞན་ཡང་སྔ་འགྱུར་བཀའ་གཏེར་བརྒྱུད་འཛིན་དང་། །བཀའ་གདམས་གསར་རྙིང་བཀའ་བརྒྱུད་ཡབ་སྲས་སོགས། །འགྲོ་ལ་ཕན་བདེའི་ལམ་བཟང་སྣང་མཛད་པའི། །རིས་མེད་དམ་པ་རྣམས་ལ་གསོལ་བ་འདེབས། །དེ་ལྟར་མི་ཕྱེད་གུས་པས་གསོལ་བཏབ་མཐུས། །བསྟན་འཛིན་སྐྱེས་བུ་བསྟན་པའི་སྦྱིན་བདག་རྣམས། །བསྐལ་བརྒྱར་ཞབས་བརྟན་བཤད་སྒྲུབ་ཕྲིན་ལས་རྒྱས། །ས་གསུམ་དགེ་ལེགས་སྣང་བས་ཁྱབ་པར་ཤོག །ཅེས་པའང་འཇིགས་བྲལ་གྱི་སློབ་དཔོན་འཇམ་དབྱངས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་རབ་ཚེས་ས་འབྲུག་ལོའི་རྒྱལ་ཟླའི་དཀར་ཕྱོགས་ཀྱི་རྒྱལ་བ་གསུམ་པར་གང་ཤར་གསོལ་བ་བཏབ་པ་དོན་དང་ལྡན་པར་གྱུར་ཅིག། །།གོང་གི་གསོལ་འདེབས་ཇ་མཆོད་དུ་བྱེད་ན། གསོལ་བ་འདེབས་ཞེས་པར། མཆོད་པ་འབུལ་ཅེས་པ་དང་། གསོལ་བཏབ་མཐུས་ཞེས་པར། མཆོད་པའི་མཐུས། ཞེས་ཁ་བསྒྱུར་རོ།།

ཡུལ་དམ་པ་རྣམས་ལ་གསོལ་བ་འདེབས་པ་དད་པའི་ས་བོན།


JKT001_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་དམ་པ་རྣམས་ལ་གསོལ་བ་འདེབས་པ་དད་པའི་ས་བོན་ཅེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་བྷྱ༔ སྤངས་རྟོགས་མཐར་ཕྱིན་ཞི་བ་ཆོས་ཀྱི་དབྱིངས། །མཚན་དཔེའི་དཔལ་འབར་བདེ་ཆེན་ལོངས་སྤྱོད་རྫོགས། །གདུལ་བྱའི་ཁམས་དང་མཐུན་པར་སྤྲུལ་པའི་གར། །སྐུ་གསུམ་རྣམ་འདྲེན་རྒྱ་མཚོར་གསོལ་བ་འདེབས། །བསྐལ་བཟང་སྒྲོན་མེ་བཞི་པ་ཤཱཀྱའི་ཏོག །མ་ཕམ་འཇམ་པའི་དབྱངས་དང་གསང་བའི་བདག །སྤྱན་རས་གཟིགས་དབང་མཚོ་སྐྱེས་རྡོ་རྗེ་སོགས། །རྒྱལ་དང་དེ་སྲས་རྣམས་ལ་གསོལ་བ་འདེབས། །གནས་བརྟན་བཅུ་དྲུག་གཏད་རབས་རྣམ་པ་བདུན། །རྒྱན་དྲུག་སློབ་དཔོན་གསུམ་དང་རིག་འཛིན་བརྒྱད། །རྣལ་འབྱོར་དབང་ཕྱུག་བརྒྱད་ཅུ་རྩ་བཞི་སོགས། །འཕགས་ཡུལ་པཎ་གྲུབ་རྣམས་ལ་གསོལ་བ་འདེབས། །གངས་ཅན་བསྟན་པའི་སྲོལ་འབྱེད་རྙིང་མ་པ། །ཡོངས་རྫོགས་བསྟན་པ་རྒྱས་མཛད་ས་སྐྱ་པ། །བསྟན་འཛིན་བྱེ་བའི་འབྱུང་གནས་བཀའ་གདམས་པའི། །བཤེས་གཉེན་བརྒྱུད་པར་བཅས་ལ་གསོལ་བ་འདེབས། །ཟླ་མེད་གྲུབ་པའི་གསེང་ལམ་བཀའ་བརྒྱུད་པ། །ཟབ་རྒྱས་རྒྱུད་སྡེའི་མངའ་བདག་བུ་དོལ་གཉིས། །འཇམ་དབྱངས་ཆོས་ཀྱི་ཉི་མ་ཙོང་ཁ་པ། །བརྒྱུད་འཛིན་སློབ་མར་བཅས་ལ་གསོལ་བ་འདེབས། །གཞན་ཡང་ཚད་མ་འདུལ་མངོན་ཕར་ཕྱིན་དང་། །དབུ་


JKT001_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཞི་བྱེད་གཅོད་ཡུལ་བརྒྱུད་པ་སོགས། །བཤད་དང་སྒྲུབ་པ་ལ་བརྟེན་ལུང་རྟོགས་ཀྱི། །བསྟན་འཛིན་ཆེན་པོ་རྣམས་ལ་གསོལ་བ་འདེབས། །ཁྱད་པར་སྟོན་པ་མཆོག་ནས་ད་ལྟའི་བར། །རིམ་བྱོན་བརྒྱུད་པའི་བླ་མ་ཐམས་ཅད་ཀྱིས། །ཡེ་ཤེས་གཅིག་ཏུ་བསྡུས་པའི་སྤྱི་གཟུགས་མཆོག །རྩ་བའི་བླ་མའི་ཞབས་ལ་གསོལ་བ་འདེབས། །དེ་ལྟར་མི་ཕྱེད་གུས་པས་གསོལ་བཏབ་མཐུས། །སྲིད་ལས་ངེས་འབྱུང་ཞི་བདེར་མ་ཆགས་པར། །བྱམས་དང་སྙིང་རྗེ་བྱང་ཆུབ་སེམས་གཉིས་ཀྱིས། །རྒྱལ་སྲས་སྤྱོད་ལ་འཇུག་པར་བྱིན་གྱིས་རློབས། །ཚུལ་གནས་ཐོས་བསམ་སྒོམ་པ་མཐར་ཕྱིན་ཅིང་། །དབང་གིས་རྒྱུད་སྨིན་དམ་ཚིག་རྣམ་པར་དག །རིམ་གཉིས་ལས་བྱུང་སློབ་དང་མི་སློབ་པའི། །ཟུང་འཇུག་ཡེ་ཤེས་འགྲུབ་པར་བྱིན་གྱིས་རློབས། །ཞེས་པའང་རིས་མེད་པའི་བསྟན་པ་ལ་དག་པའི་སྣང་བ་མཆོག་ཏུ་རྒྱས་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་གསོལ་བ་བཏབ་པ་དགེ་ལེགས་སུ་གྱུར་ཅིག།

གངས་ཅན་བསྟན་པའི་སྲོལ་འབྱེད་ཆེན་པོ་ཉེར་ལྔ་ལ་གསོལ་འདེབས་དད་པའི་མེ་ཏོག་རབ་ཏུ་རྒྱས་པ།


JKT001_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

གངས་ཅན་བསྟན་པའི་སྲོལ་འབྱེད་ཆེན་པོ་ཉེར་ལྔ་ལ་གསོལ་འདེབས་དད་པའི་མེ་ཏོག་རབ་ཏུ་རྒྱས་པ་ཞེས་བྱ་བ་བཞུགས་སོ། །རྩ་གསུམ་ཀུན་འདུས་སློབ་དཔོན་པདྨ་འབྱུང་། །མཁན་ཆེན་ཞི་འཚོ་ཆོས་རྒྱལ་ཁྲི་སྲོང་ཞབས། གནུབས་ཆེན་སངས་རྒྱས་ཉང་སྟོན་ཉི་མ་འོད། །བཀའ་གཏེར་ཤིང་རྟ་ལྔ་ལ་གསོལ་བ་འདེབས། ༡ །རྡོ་རྗེ་འཆང་དངོས་བླ་ཆེན་སྙིང་པོའི་ཞབས། །བསོད་ནམས་རྩེ་མོ་གྲགས་པ་རྒྱལ་མཚན་


JKT001_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །ས་སྐྱ་པཎ་ཆེན་འཕགས་པ་རིན་པོ་ཆེ། །རྗེ་བཙུན་གོང་མ་ལྔ་ལ་གསོལ་བ་འདེབས། ༢ །དགྱེས་མཛད་རྡོ་རྗེ་མར་སྟོན་བློ་གྲོས་ཞབས། །མི་ལ་རས་ཆེན་མཉམ་མེད་སྒམ་པོ་པ། །དུས་གསུམ་མཁྱེན་པ་འགྲོ་མགོན་བསོད་ནམས་གྲགས། །བཀའ་བརྒྱུད་གོང་མ་ལྔ་ལ་གསོལ་བ་འདེབས། ༣ །འོད་དཔག་མེད་མགོན་དཔལ་ལྡན་མར་མེ་མཛད། །རྒྱལ་བའི་འབྱུང་གནས་སྤྱན་སྔ་ཚུལ་ཁྲིམས་འབར། །རིན་ཆེན་གསལ་དང་གཞོན་ནུ་རྒྱལ་མཚན་ཞབས། །བཀའ་གདམས་བཤེས་གཉེན་ལྔ་ལ་གསོལ་བ་འདེབས། ༤ །བརྟན་པའི་འཁོར་ལོ་རྗེ་བཙུན་ཙོང་ཁ་པ། །རྒྱལ་ཚབ་ཆོས་རྗེ་མཁས་གྲུབ་དགེ་ལེགས་དཔལ། །དགེ་འདུན་གྲུབ་པ་པཎ་ཆེན་ཆོས་ཀྱི་རྒྱལ། །འཇམ་མགོན་ཡབ་སྲས་ལྔ་ལ་གསོལ་བ་འདེབས། ༥ །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །བདག་སོགས་ཚེ་རིང་ནད་མེད་ཆོས་བཞིན་སྤྱོད། །ཡོངས་འཛིན་བཤེས་གཉེན་མཆོག་གིས་རྗེས་བཟུང་ནས། །མྱུར་དུ་བྱང་ཆུབ་གོ་འཕང་ཐོབ་པར་ཤོག ༦ །རིས་མེད་ཐུབ་བསྟན་འཛིན་པའི་དམ་པ་རྣམས། །བསྐལ་བརྒྱར་ཞབས་བརྟན་ཕྲིན་ལས་ཕྱོགས་བཅུར་འཕེལ། །དགེ་འདུན་སྡེ་དང་བཤད་སྒྲུབ་བསྟན་པ་རྒྱས། །ས་གསུམ་བཀྲ་ཤིས་སྣང་བས་ཁྱབ་གྱུར་ཅིག ༧ །ཅེས་བོད་ཡུལ་བསྟན་པའི་སྲོལ་འབྱེད་ཆེན་པོ་རྣམས་ལ་གསོལ་བ་འདེབས་པ་འདིའང་། རྨི་ལམ་གྱི་སྣང་ཚུལ་ཅུང་ཟད་ཅིག་ལ་


JKT001_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

བརྟེན་ནས་ཐུབ་བསྟན་རིས་སུ་མ་ཆད་པ་ལ་གུས་པའི་བྱ་བྲལ་བ་མཉྫགྷོཥས་བྲིས་པ་དགེ། ༈ །གོང་གི་གསོལ་འདེབས་མཆོད་འབུལ་བྱེད་ན། གསོལ་བ་འདེབས་ཞེས་པར། མཆོད་པ་འབུལ། །ཞེས་པ་དང་། དེ་ལྟར་མཆོད་ཅིང་གསོལ་བ་བཏབ་པའི་མཐུས། །ཞེས་ཚིག་ཁ་བསྒྱུར་བས་གྲུབ་བོ། །མངྒ་ལཾ། །

སྔ་འགྱུར་རྡོ་རྗེ་ཐེག་པའི་བརྒྱུད་པ་གསུམ་གྱི་བླ་མ་ལ་གསོལ་བ་འདེབས་པ་བྱིན་རླབས་ཆར་འབེབས།


JKT001_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

སྔ་འགྱུར་རྡོ་རྗེ་ཐེག་པའི་བརྒྱུད་པ་གསུམ་གྱི་བླ་མ་ལ་གསོལ་བ་འདེབས་པ་བྱིན་རླབས་ཆར་འབེབས་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་ར་ཝེ། ཀུན་བཟང་རྡོར་སེམས་དགའ་རབ་ཤྲཱི་སེང་། །རིགས་ཅན་དྲྭ་མ་ལྔ་དང་རིག་འཛིན་བརྒྱད། །རྗེ་འབངས་ཉེར་ལྔ་སོ་ཟུར་གནུབས་ཉང་སོགས། །སྔ་འགྱུར་བཀའ་བརྒྱུད་བླ་མར་གསོལ་བ་འདེབས། །དྲུག་ལྡན་བརྒྱུད་པའི་ཞལ་ལུང་རྨད་བྱུང་བས། །གངས་ཅན་ཕན་བདེའི་སྣང་བ་རྒྱས་མཛད་པ། །གཏེར་ཆེན་བརྒྱ་དང་གཏེར་ཕྲན་སྟོང་རྩ་སོགས། །ཟབ་གཏེར་བརྒྱུད་པ་རྣམས་ལ་གསོལ༴ ཡེ་ཤེས་ནོར་བུའི་མེ་ལོང་དྭངས་པའི་ངོགས། །རབ་འབྱམས་རྩ་གསུམ་རྒྱ་མཚོའི་སྣང་བརྙན་གྱིས། །དབང་བསྐུར་བྱིན་གྱིས་བརླབས་པའི་དགེ་མཚན་ཅན། །དག་སྣང་བརྒྱུད་པ་རྣམས་ལ༔ ཁྱད་པར་སྐྱབས་གནས་ཀུན་འདུས་ཐོད་ཕྲེང་རྩལ། །དབྱེར་མེད་ཆོས་ཀྱི་རྒྱལ་པོ་ཀློང་ཆེན་པ། །སྙིགས་དུས་བསྟན་པའི་ཉི་མ་གཏེར་བདག་གླིང་། །ཡབ་སྲས་བརྒྱུད་པར་བཅས་ལ་གསོལ་བ་འདེབས། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །དེང་ནས་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །


JKT001_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

དལ་འབྱོར་མཆོག་ཐོབ་ཟབ་གསང་བསྟན་ལ་ཞུགས། །མཚན་ལྡན་བླ་མས་རྟག་ཏུ་རྗེས་འཛིན་ཤོག །ཚུལ་གནས་ཐོས་དང་བསམ་པའི་ཕ་མཐར་སོན། །ངེས་འབྱུང་བྱང་ཆུབ་སེམས་གཉིས་སྙིང་ལ་ཤར། ། དབེན་ཞིང་ཉམས་དགའ་ཞི་བའི་སྨན་ལྗོངས་སུ། །རྣལ་འབྱོར་གསུམ་གྱི་ལམ་བཟང་བསྒོམ་པར་ཤོག །དེ་ཚེ་སྣོད་བཅུད་ལྷ་སྔགས་ཆོས་སྐུར་དག །རྩ་རླུང་ཐིག་ལེ་བདེ་སྟོང་དབུ་མར་སྨིན། །ཀ་དག་ལྷུན་གྲུབ་སྣང་བ་མཐར་ཕྱིན་ནས། །འཇའ་ལུས་རྡོ་རྗེའི་གོ་འཕང་མངོན་གྱུར་ཤོག །ཅེས་པའང་གྲུབ་པའི་དཔྱིད་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་ཀྱི་མོས་གུས་ཀྱི་ཆུ་གཏེར་ལས་བྱུང་བའོ། །

རྩ་གསུམ་ཆོས་སྲུང་རྒྱ་མཚོའི་ཚོགས་ལ་གསོལ་བ་འདེབས་པ་བྱིན་རླབས་སྤྲིན་ཕུང་།


JKT001_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་གསུམ་ཆོས་སྲུང་རྒྱ་མཚོའི་ཚོགས་ལ་གསོལ་བ་འདེབས་པ་བྱིན་རླབས་སྤྲིན་ཕུང་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་དེ་ཝ་ཌཱ་ཀི་ནི་ག་ཎེ་བྷྱ༔ ཀུན་བཟང་རྡོར་འཆང་རིགས་ལྔ་གང་ཆེན་མཚོ། །གྲགས་ཆེན་གསལ་བའི་སྟོན་པ་བཅུ་གཉིས་སོགས། །མཁའ་ཁྱབ་རྒྱལ་བ་དགོངས་པའི་བརྒྱུད་པ་ལ། །གསོལ་བ་འདེབས་སོ་བྱིན་རླབས་དངོས་གྲུབ་སྩོལ། །གསང་བདག་དགའ་རབ་འཇམ་དཔལ་ཤྲཱི་སེང་། །ཛྙཱ་ན་སཱུ་ཏྲ་མཁས་པ་ཉེར་གཅིག་སོགས། །སེམས་ཀློང་མན་ངག་བརྡ་བརྒྱུད་བླ་མ་ལ། །གསོལ་བ་འདེབས་སོ༴ རིགས་གསུམ་སེམས་དཔའ་རིགས་ཅན་དྲྭ་མ་ལྔ། །རྒྱལ་པོ་ཛདང་བདེ་བ་གསལ་མཛད་སོགས། །རྗེས་སུ་རྣལ་འབྱོར་ཚོམ་བུ་འབུམ་ཕྲག་ལ། །གསོལ་བ་འདེབས་སོ་


JKT001_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

སྒེག་པ་རྡོ་རྗེ་སངས་རྒྱས་གསང་བ་དང་། །ལས་ཀྱི་དབང་མོ་རིག་འཛིན་རྣམ་བརྒྱད་སོགས། །རྒྱུད་དང་སྒྲུབ་སྡེའི་ཤིང་རྟ་ཆེ་རྣམས་ལ། །གསོལ་བ་འདེབས་སོ༴ བྱ་སྤྱོད་རྣལ་འབྱོར་རིག་སྔགས་གྲུབ་པ་དང་། །འཛམ་གླིང་རྒྱན་མཆོག་རྨད་བྱུང་སློབ་མར་བཅས། །ཐུབ་བསྟན་གསལ་བའི་སྒྲོན་མེ་མཆོག་རྣམས་ལ། །གསོལ་བ་འདེབས་སོ༔ རྩ་གསུམ་རྒྱ་མཚོའི་ཁྱབ་བདག་ཐོད་ཕྲེང་རྩལ། །མཚན་མཆོག་བརྒྱད་དང་རྣམ་འཕྲུལ་བཅུ་གཉིས་སོགས། །བསམ་ཡས་སྒྱུ་འཕྲུལ་དྲྭ་བའི་འཁོར་ལོ་ལ། །གསོལ་བ་འདེབས་སོ༴ དྲི་མེད་བཤེས་གཉེན་མཁན་ཆེན་བྱང་ཆུབ་སེམས། །ཆོས་རྒྱལ་ཡབ་སྲས་བཻ་རོ་མཚོ་རྒྱལ་སོགས། །སྤྲུལ་པའི་རྗེ་འབངས་ལོ་པཎ་ཚོགས་རྣམས་ལ། །གསོལ་བ་འདེབས་སོ༴ སོ་ཟུར་གནུབས་ཉང་གཏེར་སྟོན་རྒྱ་མཚོར་བཅས། །བཀའ་གཏེར་དག་སྣང་ཆོས་ཀྱི་འཁོར་ལོས་སྒྱུར། །དུས་གསུམ་མཁས་གྲུབ་རིམ་པར་བྱོན་རྣམས་ལ། །གསོལ་བ་འདེབས་སོ་བྱིན་རླབས་དངོས་གྲུབ་སྩོལ། །ཁྱད་པར་སྐྱབས་ཀུན་འདུས་ཞལ་ཡེ་ཤེས་སྐུ། །གདུལ་བྱའི་སྣང་ངོར་བཤེས་གཉེན་མཆོག་གི་ཚུལ། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ༴ རྡོ་རྗེ་སེམས་དཔའ་འདུས་པ་སྒྱུ་འཕྲུལ་ལྷ། །ཁྲག་འཐུང་དཔལ་དགུ་རིགས་ལྔ་རིགས་གསུམ་སོགས། །རྒྱུད་སྡེ་དྲུག་གི་ཡི་དམ་ལྷ་ཚོགས་ལ། །


JKT001_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བ་འདེབས་སོ༴ བསྐལ་བཟང་འགྲོ་བའི་འདྲེན་མཆོག་ཤཱཀྱའི་ཏོག །ཕྱོགས་བཅུ་དུས་བཞིའི་རྣམ་འདྲེན་རྫོགས་སངས་རྒྱས། །གང་འདུལ་སྤྲུལ་པའི་སྐུར་སྣང་མཐའ་ཡས་ལ། །གསོལ་བ་འདེབས་སོ འགོག་དང་ལམ་གྱི་བདེན་པས་བསྡུས་པ་ཡི། །ཞི་བ་ཆགས་བྲལ་བདུད་རྩི་འདུས་མ་བྱས། །རིམ་དགུའི་ཐེག་པའི་སྡེ་སྣོད་རྒྱ་མཚོ་ལ། །གསོལ་བ་འདེབས་སོ༴ མ་ཕམ་འཇམ་དབྱངས་ཕྱག་རྡོར་སྤྱན་རས་གཟིགས། །ཀུན་ཏུ་བཟང་སོགས་ཐེག་ཆེན་སེམས་དཔའ་དང་། །ཉན་རང་འཕགས་པའི་དགེ་འདུན་ཐམས་ཅད་ལ། །གསོལ་བ་འདེབས་སོ༔ གནས་གསུམ་དཔའ་བོ་དང་ནི་རྣལ་འབྱོར་མ། །རྡོ་རྗེའི་ཆོས་སྲུང་ནོར་ལྷ་གཏེར་གྱི་བདག །རབ་འབྱམས་སྐྱབས་གནས་རྒྱ་མཚོའི་ཚོགས་རྣམས་ལ། །གསོལ་བ་འདེབས་སོ་བྱིན་རླབས་དངོས་གྲུབ་སྩོལ། ༈ །གསོལ་བ་འདེབས་སོ་དཀོན་མཆོག་རིན་པོ་ཆེ། །བྱིན་གྱིས་རློབས་ཤིག་རིག་འཛིན་བླ་མའི་ཚོགས། །དངོས་གྲུབ་སྩོལ་ཅིག་ཡི་དམ་ཞི་ཁྲོའི་ལྷ། །བར་ཆད་ཀུན་སེལ་མཁའ་འགྲོ་ཆོས་སྐྱོང་རྣམས། །སྙིང་ནས་གདུང་ཤུགས་དྲག་པོས་རྗེས་དྲན་ཅིང་། །རྩེ་གཅིག་གུས་པས་ཕྱག་འཚལ་མཆོད་པ་འབུལ། །དད་པས་སྐྱབས་མཆི་འབངས་སུ་དམ་བཅའ་ན། །དེང་ནས་བཟུང་སྟེ་ཐུགས་རྗེས་བསྐྱང་དུ་གསོལ། །བདག་རྒྱུད་སྒྲིབ་གཉིས་བག་ཆགས་ཡོངས་བྱང་ནས། །ཚེ་བསོད་དཔལ་


JKT001_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་ཉམས་རྟོགས་ཡེ་ཤེས་རྒྱས། །གཞན་རྒྱུད་མཁའ་ཁྱབ་གདུལ་བྱ་སྨིན་ཅིང་གྲོལ། །རྒྱལ་ཀུན་ཕྲིན་ལས་རྫོགས་པར་བྱིན་གྱིས་རློབས། །རིས་མེད་ཐུབ་བསྟན་སྒྲོན་མེ་དམ་པ་རྣམས། །བསྐལ་བརྒྱར་ཞབས་བརྟན་ཆོས་འཁོར་བསྐོར་བ་དང་། །དགེ་འདུན་སྡེ་དང་བཤད་སྒྲུབ་བསྟན་པའི་དཔལ། །ཕྱོགས་མཐར་དར་ཞིང་རྒྱས་པར་བྱིན་གྱིས་རློབས། །སྣོད་བཅུད་ཐམས་ཅད་སྙིགས་མའི་རྒུད་པ་ཞི། །བདེ་སྐྱིད་ཆོས་ལྡན་འབྱོར་པ་ངང་གིས་འཕེལ། །ཀུན་ཀྱང་ཐེག་མཆོག་སྙིང་པོའི་སྒོར་ཞུགས་ནས། །སྐུ་བཞིའི་གོ་འཕང་འགྲུབ་པར་བྱིན་གྱིས་རློབས། །དེ་མ་ཐོབ་པའི་ཚེ་རབས་ཐམས་ཅད་དུ། །བྱང་ཆུབ་སེམས་དང་ནམ་ཡང་མི་འབྲལ་ཞིང་། །རྒྱལ་སྲས་སྤྱོད་པ་རྒྱ་མཚོར་དབང་བསྒྱུར་ནས། །རང་གཞན་ཕན་བདེར་འགོད་པར་བྱིན་གྱིས་རློབས། །མདོར་ན་འདི་ནས་བྱང་ཆུབ་སྙིང་པོའི་བར། །མཁྱེན་བརྩེའི་བདག་ཉིད་སྐྱབས་གནས་ཁྱེད་རྣམས་ཀྱིས། །རྟག་ཏུ་རྗེས་བཟུང་བྱིན་གྱིས་བརླབས་པ་དང་། །སྲིད་ཞིའི་དགེ་ལེགས་འཕེལ་བའི་བཀྲ་ཤིས་ཤོག །ཅེས་པའང་སྔ་འགྱུར་རྡོ་རྗེ་ཐེག་པའི་རིང་ལུགས་གཙོ་བོར་བཏོན་ནས་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་གསོལ་བ་བཏབ་པ་སརྦ་སུ་ཤྲཱི་ཡསྨིདྷིབྷ་བ་ཏུ། །

འཆི་མེད་པདྨ་སཾ་བྷཱའི་བླ་སྒྲུབ་ཀྱི་གསོལ་འདེབས་བྱིན་རླབས་མཁའ་ཁྱབ།


JKT001_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

འཆི་མེད་པདྨ་སཾ་བྷཱའི་བླ་སྒྲུབ་ཀྱི་གསོལ་འདེབས་བྱིན་རླབས་མཁའ་ཁྱབ་ཅེས་བྱ་བ་བཞུགས་སོ། །མ་འཁྲུལ་དབྱིངས་ཀྱི་བདག་ཉིད་ཀུན་ཏུ་བཟང་། །ཡེ་ཤེས་རིག་པ་རང་སྣང་རྡོ་རྗེ་སེམས། །ཟུང་འཇུག་སྒྱུ་མའི་གར་མཁན་དགའ་རབ་རྗེར། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩལ། །ལྷུན་གྲུབ་སྣང་བཞིའི་མཐར་སོན་ཤྲཱི་སེང་། །ཀ་དག་འཆི་མེད་པདྨ་སཾ་བྷ་ཝ། །དབྱེར་མེད་སྤྲུལ་པའི་རིག་འཛིན་མཆོག་རྣམས་ལ། །གསོལ་བ༴ བླ་མ་ལྷ་དང་མཁའ་འགྲོའི་བྱིན་རླབས་ཀྱིས། །གཞི་དབྱིངས་གདོད་མའི་གནས་ལུགས་མངོན་དུ་གྱུར། །གཞི་སྣང་རིག་པ་ཡེ་ཤེས་སྐུར་སྨིན་ནས། །ཟུང་འཇུག་སྐུ་བཞིའི་གོ་འཕང་མྱུར་ཐོབ་ཤོག །ཅེས་པའང་འཆི་མེད་པདྨ་སཾ་བྷ་ཝ་ཀུན་ཏུ་དགྱེས་པའི་འབངས་རྡོ་རྗེ་གཟི་བརྗིད་རྩལ་གྱིས་སྒྲུབ་གནས་ཀྱི་མཚན་ཉིད་ཡོངས་སུ་རྫོགས་པ་དཔལ་སེང་གེ་རྫོང་བདེ་ཆེན་དཀར་མོ་བྲག་ཕུག་ཏུ་ས་རྟ་ཆུ་སྟོད་ཟླ་བའི་ཚེས་བཞིར་གསོལ་བ་བཏབ་པ་འགྲོ་བ་འདུལ་བའི་ཕྲིན་ལས་མཁའ་ཁྱབ་ཏུ་གྱུར་ཅིག།

བསྟོད་ཡུལ་དམ་པ་རྣམས་ལ་གསོལ་འདེབས་ཡན་ལག་བདུན་པ་སྨོན་ལམ་དང་བཅས་པ་ཀུན་བཟང་སྤྱོད་པའི་ཐེམ་སྐས།


JKT001_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

བསྟོད་ཡུལ་དམ་པ་རྣམས་ལ་གསོལ་འདེབས་ཡན་ལག་བདུན་པ་སྨོན་ལམ་དང་བཅས་པ་ཀུན་བཟང་སྤྱོད་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་བྷ༔ རྒྱལ་ཀུན་ཕྲིན་ལས་གཅིག་བསྡུས་ཀརྨ་པ། །དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་ཐུགས་རྗེའི་དབང་། །ཐེག་པ་མཆོག་གི་རྡོ་རྗེ་སློབ་དཔོན་ཚུལ། །འཇིགས་མེད་སྨྲ་བའི་སེང་གེར་གསོལ་བ་འདེབས། །ངག་གི་དབང་ཕྱུག་ཡོན་ཏན་རྒྱ་མཚོའི་གཏེར། །རྒྱལ་བས་ལུང་བསྟན་བློ་གྲོས་མཐའ་ཡས་ཞབས། །རིགས་ཀུན་བདག་པོ་པདྨ་གར་གྱི་དབང་། །འཛམ་གླིང་ཤིང་རྟ་ཆེན་པོར་གསོལ་བ་འདེབས། །སྤྲུལ་པའི་གཏེར་


JKT001_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

འབྱིན་ཡོངས་ཀྱི་མཆོག་ཏུ་གྱུར། །བདེ་ཆེན་ས་བརྙེས་གཟུང་འཛིན་འཁྲུལ་པ་ཞིག །མཁས་གྲུབ་དབང་པོ་ཐར་གླིང་སྣང་མཛད་པ། །མཚོ་སྐྱེས་རྒྱལ་བ་གཉིས་པར་གསོལ་བ་འདེབས། །ཚུལ་གནས་གསན་བསམ་སྒོམ་པའི་པདྨ་རྒྱས། །སྔ་འགྱུར་མདོ་སྔགས་བསྟན་པའི་ཉི་མ་ཆེ། །རིག་འཛིན་བྱེ་བའི་གཙུག་གི་རྒྱན་གཅིག་པུ། །རྣམ་འདྲེན་སྨྲ་བའི་ཟླ་བར་གསོལ་བ་འདེབས། །འཇམ་པའི་དབྱངས་དངོས་མཁྱེན་བརྩེའི་དབང་པོ་ཆེ། །མཁས་ཀུན་དགའ་མཛད་བསྟན་པའི་རྒྱལ་མཚན་འཛིན། པདྨས་རྗེས་བཟུང་འོད་གསལ་མདོ་སྔགས་གླིང་། །མཚུངས་མེད་བཤེས་གཉེན་མཆོག་ལ་གསོལ་བ་འདེབས། །དངོས་དང་བརྒྱུད་པའི་དཔལ་ལྡན་བླ་མ་དང་། །ཡི་དམ་ཞི་ཁྲོ་རྒྱལ་བ་སྲས་དང་བཅས། །མཁའ་འགྲོ་ཆོས་སྐྱོང་ནོར་ལྷའི་ཚོགས་རྣམས་ལ། །སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོ། །ལུས་དང་ལོངས་སྤྱོད་དངོས་འབྱོར་ཡིད་སྤྲུལ་གྱི། །ཀུན་ཏུ་བཟང་པོའི་མཆོད་སྤྲིན་རྒྱ་མཚོས་མཆོད། །ཐོག་མེད་དུས་ནས་བསགས་པའི་སྡིག་ལྟུང་ཀུན། །སྟོབས་བཞི་ཚང་བའི་སྒོ་ནས་བཤགས་པར་བགྱི། །འཁོར་འདས་ཀུན་གྱིས་བསྒྲུབས་པའི་དགེ་ཚོགས་ལ། །མཆོག་ཏུ་དགའ་བས་རྗེས་སུ་ཡི་རང་ངོ་། །ཕྱོགས་བཅུའི་བླ་མ་རྒྱལ་བ་སྲས་དང་བཅས། །མྱ་ངན་མི་འདའ་རྟག་པར་བཞུགས་གསོལ་འདེབས། །འགྲོ་བ་མ་རིག་གདུང་བས་ནོན་པ་


JKT001_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །ཟབ་རྒྱས་ཆོས་ཀྱི་ཆར་ཆེན་འབེབས་པར་བསྐུལ། །དུས་གསུམ་བསགས་པའི་ལེགས་བྱས་ཇི་སྙེད་རྣམས། །བྱང་ཆུབ་སྙིང་པོར་ཡོངས་སུ་བསྔོ་བར་བགྱི། །བསོད་ནམས་འདི་ཡིས་བདག་གཞན་ཡིད་ཅན་ཀུན། །ཚོགས་གཉིས་རྫོགས་ཤིང་སྒྲིབ་གཉིས་ཡོངས་སུ་བྱང་། །ལམ་ལྔ་ས་བཅུའི་ཐེམ་སྐས་ལ་བརྟེན་ནས། །ཐམས་ཅད་གཟིགས་པའི་གོ་འཕང་མྱུར་ཐོབ་ཤོག །དེ་མ་ཐོབ་པའི་ཚེ་རབས་ཐམས་ཅད་དུ། །དལ་འབྱོར་རྟེན་ཐོབ་ནམ་འཆི་ངེས་མེད་དྲན། །ཐེག་མཆོག་དགེ་བའི་བཤེས་ཀྱིས་རྗེས་བཟུང་ནས། །བསམ་དང་སྦྱོར་བས་ཚུལ་བཞིན་བསྟེན་པར་ཤོག །ཁམས་གསུམ་རིགས་དྲུག་མཐོ་དམན་གར་སྐྱེས་ཀྱང་། །སྡུག་བསྔལ་གསུམ་གྱི་རང་བཞིན་ཉིད་མཐོང་ནས། །ངེས་འབྱུང་དྲག་པོ་གཏིང་ནས་སྐྱེ་བ་དང་། །ལས་འབྲས་བླང་དོར་ཇི་བཞིན་བརྩོན་པར་ཤོག །སེམས་ཅན་ཐམས་ཅད་ཕ་མ་དྲིན་ཅན་ཕྱིར། །རང་གི་བདེ་དགེ་གཞན་ལ་བཏང་བ་དང་། །མཁའ་ཁྱབ་འགྲོ་བའི་སྡུག་བསྔལ་རྒྱུ་དང་བཅས། །བདག་ཉིད་ཁོ་ནས་དྭང་དུ་ལེན་ནུས་ཤོག །བྱམས་དང་སྙིང་རྗེའི་ཤུགས་ཀྱིས་དྲངས་པ་ཡིས། །སྨོན་འཇུག་བྱང་ཆུབ་སེམས་གཉིས་ལེགས་བཟུང་སྟེ། །ཕར་ཕྱིན་དྲུག་དང་བསྡུ་དངོས་བཞི་ལ་སོགས། །རྒྱལ་སྲས་སྤྱོད་པ་རྒྱ་མཚོར་འཇུག་པར་ཤོག །ཁྱད་པར་ཞི་གནས་ཏིང་འཛིན་རྩེ་གཅིག་པས། །ལུས་སེམས་ཤིན་སྦྱངས་


JKT001_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བ་གྲུབ་པ་དང་། །ལྷག་མཐོང་སོ་སོར་རྟོག་པའི་ཡེ་ཤེས་ཀྱིས། །དོན་དམ་བྱང་ཆུབ་སེམས་མཆོག་མངོན་གྱུར་ཤོག །དེ་ལྟར་ཐུན་མོང་ཐེག་པས་བློ་སྦྱངས་ནས། །གཞན་དོན་མྱུར་དུ་སངས་རྒྱས་ཐོབ་བྱའི་ཕྱིར། །གསང་ཆེན་རྡོ་རྗེ་ཐེག་པའི་སྒོར་ཞུགས་ཏེ། །ཟབ་མོ་དབང་བཞིའི་བདུད་རྩིས་སྨིན་པར་ཤོག །དབང་དུས་ཐོབ་པའི་དམ་ཚིག་སྡོམ་པའི་ཚོགས། །རྟག་ཏུ་སྲོག་ལས་གཅེས་པར་བསྲུང་བ་དང་། །དྭང་འདོད་ཡིད་ཆེས་དད་པས་གསོལ་བཏབ་མཐུས། །བླ་མའི་བྱིན་རླབས་སྙིང་ལ་འཇུག་པར་ཤོག །གཞི་རྒྱུད་བདེན་གཉིས་དབྱེར་མེད་ལྟ་བ་རྟོགས། །ལམ་རྒྱུད་ཐབས་གྲོལ་བསྒོམ་པའི་ཏིང་འཛིན་གྲུབ། །རིག་འཛིན་རྣམ་བཞིའི་སྤྱོད་པས་འབྲས་རྒྱུད་མཆོག །སྐུ་དང་ཡེ་ཤེས་ཕྲིན་ལས་དབང་འབྱོར་ཤོག །གཞན་ཡང་དམ་ཆོས་སྒྲུབ་པའི་མི་མཐུན་གེགས། །ཕྱི་ནང་གསང་བའི་བར་ཆད་ཞི་བ་དང་། །ཆོས་མཐུན་བསམ་སྦྱོར་མ་ལུས་ལྷུན་གྱིས་གྲུབ། །རྒྱལ་བ་དགྱེས་པའི་དགེ་མཚན་ཡོངས་རྫོགས་ཤོག །བསྟན་འཛིན་མཆོག་རྣམས་ཞབས་པད་བསྐལ་བརྒྱར་བརྟན། །བཤད་སྒྲུབ་ལས་ཀྱི་བསྟན་པས་ས་གསུམ་ཁྱབ། །བསྟན་པའི་སྦྱིན་བདག་ཆོས་ལྡན་མངའ་ཐང་རྒྱས། །འགྲོ་ཀུན་ཕན་བདེ་འཕེལ་བའི་བཀྲ་ཤིས་ཤོག །ཅེས་པའང་འཕྲུལ་ཆེན་སྤར་གྱི་རིག་བྱེད་འཛིན་པ་དགེ་སྦྱོང་ཀརྨ་ལེགས་ལྡན་དབང་པོ་ནས་བཀྲ་ཤིས་པའི་ལྷ་རྫས། རིན་ཆེན་གཉིས་པའི་མེ་


JKT001_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

ཏོག །དཔལ་ཀྱེ་རྡོ་རྗེའི་སྒྲུབ་པའི་ཐབས་ཀྱི་གླེགས་བུ་གསུམ་བཅས་མཎྜལ་དུ་ཕུལ་ནས་འདི་ལྟ་བུ་ཞིག་དགོས་ཞེས་ཆེད་དུ་བསྐུལ་ངོར། འཇམ་དབྱངས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བྲིས་ཏེ་སྨོན་ལམ་དུ་བཏབ་པ་དེ་དེ་བཞིན་དུ་འགྲུབ་པར་བླ་མ་རྒྱལ་བ་སྲས་དང་བཅས་པས་བྱིན་གྱིས་བརླབ་ཏུ་གསོལ། །སརྦ་དྭ་ཧྥེ་ཡོ་བྷ་བ་ཏུ། །

གསོལ་འདེབས་སྨོན་ལམ་མདོར་བསྡུས་བདུད་རྩིའི་སྙིང་པོ།


JKT001_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་འདེབས་སྨོན་ལམ་མདོར་བསྡུས་བདུད་རྩིའི་སྙིང་པོ་བཞུགས་སོ། །དཔལ་ལྡན་སངས་རྒྱས་ཀུན་དངོས་ཀརྨ་པ། །རྒྱལ་སྲས་ཐུ་བོ་བློ་གྲོས་མཐའ་ཡས་སྡེ། །ཨོ་རྒྱན་དངོས་བྱོན་མཆོག་གྱུར་བདེ་ཆེན་གླིང་། །པདྨའི་མདོ་སྔགས་བསྟན་འཛིན་སྤྲུལ་པའི་སྐུ། །འཇམ་དབྱངས་བླ་མ་མཁྱེན་བརྩེའི་དབང་པོ་སོགས། །ཕྱོགས་དུས་སྐྱབས་གནས་རྒྱ་མཚོའི་ཚོགས་རྣམས་ལ། །གུས་པས་གསོལ་འདེབས་ཕྱག་འཚལ་མཆོད་པ་འབུལ། །སྡིག་ལྟུང་ཀུན་བཤགས་དགེ་ལ་རྗེས་ཡི་རང་། །ཆོས་འཁོར་བསྐོར་བཞིན་བསྐལ་བརྒྱར་བཞུགས་གསོལ་འདེབས། །བསོད་ནམས་དངོས་ཀུན་བྱང་ཆུབ་སྙིང་པོར་བསྔོ། །དགེ་བ་འདི་ཡིས་བདག་གཞན་ཡིད་ཅན་ཀུན། །ཚེ་འདིར་ཚེ་རིང་ནད་མེད་ཆོས་སྤྱོད་འཕེལ། །ཕྱི་མར་བདེ་བ་ཅན་གྱི་ཞིང་སྐྱེས་ནས། །བླ་མ་འོད་དཔག་མེད་པས་རྗེས་སུ་བཟུང་། །ཚོགས་རྫོགས་སེམས་ཅན་ཡོངས་སྨིན་ཞིང་ཀུན་སྦྱངས། །ཐམས་ཅད་གཟིགས་པའི་གོ་འཕང་མྱུར་ཐོབ་ཤོག །བཀྲ་ཤིས་གང་ཞིག་དཔལ་ལྡན་བླ་མ་ཡི། །བྱིན་རླབས་བདུད་རྩིའི་སྣང་བས་དགེ་བྱས་པས། །ཐུབ་བསྟན་པདྨོ་མཆོག་ཏུ་རྒྱས་པ་དང་། །འཇིག་རྟེན་བདེ་ལེགས་ཆེན་པོས་ཁྱབ་པར་ཤོག །ཅེས་པའང་དད་ལྡན་གང་དེའི་ཁ་ཏོན་དུ་མདོར་བསྡུས་པའི་ཚུལ་གྱིས་བྲིས་པ་སིདྡྷི་རསྟུ། །

རྒྱལ་སྲས་རིན་པོ་ཆེ་གཞན་ཕན་མཐའ་ཡས་ཀྱི་རྣམ་ཐར་གསོལ་འདེབས་སྨོན་ལམ་དང་བཅས་པ་བྱིན་རླབས་བདུད་རྩིའི་སྣང་སྟེར།


JKT001_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་སྲས་རིན་པོ་ཆེ་གཞན་ཕན་མཐའ་ཡས་ཀྱི་རྣམ་ཐར་གསོལ་འདེབས་སྨོན་ལམ་དང་བཅས་པ་བྱིན་རླབས་བདུད་རྩིའི་སྣང་སྟེར་ཅེས་བྱ་བ་བཞུགས་སོ། །རྒྱལ་སྲས་འཇམ་དཔལ་གཞོན་ནུའི་ཡེ་ཤེས་སྐུ། །ཐེག་མཆོག་དགེ་བའི་བཤེས་ཀྱི་ཚུལ་བཟུང་བ། །གཞན་ཕན་ཕ་མཐའ་ཡས་པའི་ཕྲིན་ལས་ཅན། །བ ཀུན་མཁྱེན་བླ་མའི་ཞབས་ལ་གསོལ་བ་འདེབས། ༡ །མགོན་ཁྱོད་ཀུན་བཟང་ཆོས་སྐུའི་རྣམ་རོལ་ལས། །རྣམ་པར་སྣང་མཛད་ཆེན་པོར་བྱང་ཆུབ་ཀྱང་། །གདུལ་བྱའི་སྐལ་བར་འཚམས་པའི་སྒྱུ་འཕྲུལ་གར། །གྲངས་མེད་ཅིར་ཡང་འཆར་ལ་གསོལ་བ་འདེབས། ༢ །ཁྱད་པར་སྔ་འགྱུར་རྡོ་རྗེ་ཐེག་པ་ཡི། །བཤད་སྒྲུབ་སླར་ཡང་ཉིན་མོར་མཛད་པའི་སླད། །བསམས་བཞིན་བསྔགས་འོས་རིགས་ཀྱི་དགའ་ཚལ་དུ། །གཟུགས་སྐུའི་དཔག་བསམ་འཁྲུངས་ལ ༣ བགྲང་བྱ་གསུམ་ནས་བཤེས་གཉེན་མཆོག་དང་མཇལ། །རྡོ་རྗེའི་ཆོས་སྲུང་ལུས་དང་གྲིབ་བཞིན་འགྲོགས། །ལྐོག་གྱུར་ཇི་སྙེད་མཁྱེན་པའི་མེ་ལོང་ངོགས། །སྒྲིབ་མེད་གསལ་བར་འཆར་ལ༴ ༤ གཞོན་ནུ་ཉིད་ནས་དད་དང་བརྩོན་འགྲུས་དང་། །རླབས་ཆེན་སྤོབས་པ་ཚད་མེད་སྙིང་རྗེ་སོགས། །དཀར་པོའི་བག་ཆགས་ཆེས་ཆེར་སད་པའི་མཐུས། །མཁས་རྣམས་


JKT001_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

དགྱེས་པ་བསྐྱེད་དེར་གསོལ༴ ༥ དེ་ཚེ་དམ་པའི་སྐྱེས་བུའི་རྣམ་འཕྲུལ་དུ། །ཕྱོགས་ཀུན་གྲགས་སྙན་སྣང་བ་རབ་འབར་བས། །མཐའ་ཀླས་གདུལ་བྱའི་མོས་པའི་སྨན་ལྗོངས་སུ། །དད་གསུམ་ཨུཏྤལ་རྒྱས་ལ༴ ༦ བསྟན་པའི་སྣང་བྱེད་ཁྱབ་བདག་བཀའ་འགྱུར་བའི། །འཇིགས་མེད་ཆོས་ཀྱི་ཁྲི་ལ་མངའ་གསོལ་ནས། །གསང་བདག་དཔའ་བོ་ཀུན་བཟང་གཞན་ཕན་ཆེའི། །ཐུགས་ཀྱི་སྲས་སུ་གྱུར་ལ་གསོལ་བ་འདེབས། ༧ ། གཞན་ཡང་རིས་མེད་མཁས་ཤིང་གྲུབ་བརྙེས་པའི། །ཡོངས་འཛིན་དུ་མ་ཚུལ་བཞིན་གུས་བསྟེན་ནས། །ཕྱི་ནང་རིག་པའི་གཞུང་ལུགས་རྒྱ་མཚོ་ལ། །མང་ཐོས་པད་དཀར་བཞད་དེར་གསོལ་བ་འདེབས། ༨ །གང་ལས་བྱུང་བའི་མངོན་སུམ་ལྐོག་གྱུར་དང་། །ཤིན་ཏུ་ལྐོག་གྱུར་ཤེས་བྱ་མ་ལུས་ཀུན། །ཚད་མ་གསུམ་གྱིས་གཏན་ལ་ལེགས་དབབས་ནས། །བསམ་བྱུང་འཁྲུལ་མེད་བརྙེས་ལ༴ ༩ སླར་ལ་ཕྱོགས་བྲལ་དབེན་པའི་གནས་རྣམས་སུ། །ལུང་དང་རིགས་པས་ངེས་པ་རྙེད་པའི་དོན། །རྩེ་གཅིག་ཉམས་སུ་བཞེས་ལས་སྒོམ་བྱུང་གི །སྤོབས་པའི་གཏེར་མཛོད་གྲོལ་ལ༴ ༡༠ གྲུབ་མཐའ་རྣམ་བཞིའི་སྤོ་ལ་གནས་བཅས་ནས། །སྣང་སྟོང་ཟུང་འཇུག་འོད་གསལ་ཟབ་མོའི་དོན། །ཇི་བཞིན་འཆད་དང་སྒྲུབ་ལ་མཁས་པའི་ཕྱིར། །ལྟ་བ་རྣམ་པར་དག་ལ༴ ༡༡ སོ་ཐར་བྱང་སེམས་སྔགས་ཀྱི་སྡོམ་པ་རྣམས། །རྫོགས་པར་བཟུང་


JKT001_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བཅས་པའི་སྤང་བླང་ལས། །ནམ་ཡང་མི་འདའ་བཙུན་པའི་ཕུལ་ཕྱིན་པས། །སྤྱོད་པ་རྣམ་པར་དག་ལ༴ ༡༢ ཆོས་བརྒྱད་སྣང་བ་རྨི་ལམ་ལྟར་གཟིགས་བཞིན། །རྟག་ཏུ་བསྟན་འགྲོར་ཕན་པ་ལྷུར་མཛད་པའི། །བཟང་པོའི་ཕྲིན་ལས་ནམ་མཁའི་མཐར་ཁྱབ་ཕྱིར། །གཞན་དོན་རྣམ་པར་དག་ལ༴ ༡༣ ཟབ་ཅིང་རྒྱ་ཆེའི་གཞུང་ལུགས་གང་འཆད་ཀྱང་། །དེ་དང་དེ་ཡི་ལམ་སྲོལ་འབྱེད་པ་དང་། །མི་ཕྱེད་འགྲན་ཟླ་སྤངས་པའི་རྣམ་དཔྱོད་ཀྱིས། །བློ་ལྡན་ཡིད་དབང་འཕྲོག་ལ༴ ༡༤ ཡིད་ཆེས་ལུང་དང་དངོས་སྟོབས་རིགས་ལམ་ལས། །ནམ་ཡང་མི་འདའ་རྩོད་ངག་སེང་གེའི་སྒྲས། །ཕས་རྒོལ་རི་དྭགས་་ཚོགས་ཀུན་མཐར་མཛད་པས། །ཕྱོགས་ལས་རྣམ་པར་རྒྱལ་ལ༴ ༡༥ སྙན་འགྱུར་ཚིག་གི་ཟླ་བ་རེ་རེར་ཡང་། །དོན་བཟང་བདུད་རྩི་འབུམ་དུ་འཛག་པའི་ཕུལ། །སྔོན་མེད་ལེགས་བཤད་རྩོམ་པའི་སྣང་བ་ཡིས། །ཐུབ་བསྟན་སྲིད་མཐར་གསལ་ལ༴ ༡༦ བོད་དང་བོད་ཆེན་ལྗོངས་ཀྱི་གྲུབ་པའི་གནས། །ཕལ་ཆེར་ཞབས་བཀོད་བསྙེན་ཅིང་སྒྲུབ་པ་དང་། །ཉམས་དང་རྟོགས་པའི་བོགས་ཆེན་འབྱིན་པ་སོགས། །ངོ་མཚར་མཛད་བཟང་བསྟན་ལ༴ ༡༧ དོན་དམ་དཀྱིལ་འཁོར་གཙོ་དང་དབྱེར་མེད་ཀྱང་། །ཀུན་རྫོབ་དངོས་ཉམས་འོད་གསལ་སྣང་ཆ་རུ། །བླ་མ་ལྷག་པའི་ལྷ་ཡིས་རྗེས་བཟུང་ཞིང་། །ལུང་བསྟན་དབུགས་


JKT001_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

དབྱུང་ཐོབ་ལ༴ ༡༨ སོ་སོར་ཐར་པ་གཞི་གསུམ་ཕྱག་བཞེས་དང་། །རྒྱུད་རྒྱལ་གསང་བ་སྙིང་པོའི་བཤད་སྲོལ་སོགས། །མདོ་སྔགས་ཤིང་རྟའི་ལམ་ཆེན་རབ་དབྱེ་བས། །རྒྱལ་བསྟན་ཉིན་མོར་མཛད་ལ༴ ༡༩ ཟླདགེ་འདུན་འདུས་སྡེའི་ཉམས་གསོ་གསར་སྤེལ་དང་། །གསང་གསུམ་རྟེན་བཞེངས་མཆོད་སྤྲིན་སྤྲོ་བས་མཚོན། །རླབས་ཆེན་བྱ་བ་ལས་ཀྱི་འཁོར་ལོ་ཡིས། །ཕན་བདེའི་དགའ་སྟོན་སྤྲིན་ལཟ ༢༠ ཐུབ་བསྟན་སྤྱི་དང་ཁྱད་པར་རྡོ་རྗེ་ཐེག །སྔགས་གཞུང་སྤྱི་དང་ཁྱད་པར་སྔ་འགྱུར་ཏེ། །དེ་ཉིད་སྤྱི་དང་ཁྱད་པར་བཀའ་མའི་སྲོལ། །དྲི་མེད་ཕྱོགས་བརྒྱར་སྤེལ་ལ༴ ༢༡ འོག་མིན་རྡོ་རྗེ་བྲག་དང་སྨིན་གྲོལ་གླིང་། །མདོ་ཁམས་རྫོགས་ཆེན་པ་སོགས་རང་ལུགས་དང་། །རིས་བྲལ་བསྟན་འཛིན་སྐྱེས་བུ་དུ་མ་ཡིས། །ཞབས་པད་རྟག་ཏུ་མཆོད་ལ༴ ༢༢ དེ་ཚེ་གསུང་གི་བདུད་རྩི་ལས་སྐྱེས་པའི། །མཁས་དང་གྲུབ་པའི་མི བཤེས་གཉེན་མཐའ་ཡས་པས། །རྨད་བྱུང་འཁོར་ལོ་གསུམ་གྱི་ཕྲིན་ལས་རྒྱུན། །མཁའ་ཁྱབ་སྣང་བར་མཛད་ལ༴ ༢༣ ཐུན་མོང་རྒྱུད་སྡེ་འོག་མའི་སྨིན་གྲོལ་དང་། །ཁྱད་པར་རྣལ་འབྱོར་བླ་ན་མེད་པ་ཡི། །དབང་བཞིའི་ཐབས་ཀྱིས་བདེ་སྟོང་ཟུང་འཇུག་གི །ཡེ་ཤེས་བརྙེས་པར་མཛད་ལ༴ ༢༤ རགས་པའི་ཁམས་གསུམ་ལྷ་སྔགས་ཆོས་སྐུར་ཤར། །ཕྲ་བ་རྩ་རླུང་ཐིག་ལེ་དབུ་མར་ཐིམ། །ཤིན་ཏུ་ཕྲ་བ་འོད་གསལ་ཀ་བ


JKT001_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པ་ཆེའི། །དབྱིངས་རིག་མངོན་སུམ་གཟིགས་ལ ༢༥ མདོར་ན་ཕར་ཕྱིན་དྲུག་དང་བསྡུ་དངོས་བཞི། །རིམ་གཉིས་ཡན་ལག་བཅས་པའི་རྣལ་འབྱོར་དང་། །ནམ་ཡང་མི་འབྲལ་སྲས་བཅས་རྒྱལ་ཀུན་གྱི། །ཕྲིན་ལས་རྫོགས་པར་མཛད་ལ༴ ༢༦ དེ་ལྟར་སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །བཀའ་དྲིན་མཉམ་མེད་དཔལ་ལྡན་བླ་མ་ལ། །རྣམ་ཐར་དྲན་བཞིན་སྙིང་ནས་གསོལ་འདེབས་ན། །བདག་རྒྱུད་བྱིན་རླབས་ཆར་ཆེན་དབབ་ཏུ་གསོལ། ༢༧ །འདི་ནས་བཟུང་སྟེ་བྱང་ཆུབ་སྙིང་པོའི་བར། །དལ་འབྱོར་རྟེན་ཐོབ་ཐེག་མཆོག་དགེ་བའི་བཤེས། །བསམ་དང་སྦྱོར་བས་ཚུལ་བཞིན་གུས་བསྟེན་ནས། །ཐུབ་པའི་བསྟན་ལ་འཇུག་པར་བྱིན་གྱིས་རློབས། ༢༨ །དེ་ལས་ཇི་ལྟར་ཁས་བླངས་ཚུལ་གནས་ཁྲིམས། །མཐའ་དག་ཉམས་མེད་བསྲུང་བ་གཞིར་བཟུང་ནས། །རང་གཞན་གཞུང་ལུགས་མང་དུ་ཐོས་པ་ཡིས། །བླང་དོར་འཇུག་ལྡོག་ཤེས་པར་བྱིན་གྱིས་རློབས། ༢༩ །རྙེད་དཀའི་རྟེན་ལ་སྙིང་པོ་བླང་བའི་སླད། །ནམ་འཆི་ཆ་མེད་དྲན་པས་རྒྱུད་བསྐུལ་ཏེ། །ལས་འབྲས་ཡིད་ཆེས་ཁམས་གསུམ་འཁོར་བ་ལ། །ངེས་འབྱུང་གཏིང་ནས་འཆར་བར་བྱིན༴ ༣༠ །རང་ཉིད་ཇི་ལྟར་འཁོར་བ་སྡུག་བསྔལ་བཞིན། །མ་གྱུར་འགྲོ་ཀུན་དེ་དང་མཚུངས་པའི་ཕྱིར། །བཟོད་མེད་བྱམས་དང་སྙིང་རྗེས་དྲངས་པ་ཡིས། །བྱང་


JKT001_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་སེམས་གཉིས་འབྱོངས་པར་བྱིན༴ ༣༡ ཕུང་པོ་སྐྱེ་མཆེད་ཁམས་དང་རྟེན་ཅིང་འབྲེལ། །གནས་དང་གནས་མིན་ཚུལ་ལ་མཁས་པ་དང་། །ཐེག་པ་ཆེན་པོའི་ཆོས་ཀྱི་སྡོམ་བཞི་ལ། །བསམ་བྱུང་འཁྲུལ་མེད་སྐྱེ་བར་བྱིན༴ ༣༢ ལྷན་སྐྱེས་ཀུན་ཏུ་བརྟག་པའི་བདག་ཉིད་དང་། །བདག་གིར་འཛིན་པའི་ཕྱི་ནང་ཆོས་རྣམས་ཀུན། །གཅིག་དང་དུ་མའི་རང་བཞིན་དང་བྲལ་བའི། །བདག་མེད་གནས་ལུགས་རྟོགས་པར་བྱིན ༣༣ རང་རང་ངོ་བོ་གཟོད་ནས་མ་སྐྱེས་ཀྱང་། །རྐྱེན་རྣམས་ཚོགས་ལས་སྒྱུ་མ་ལྟར་སྣང་བའི། །རྟེན་ཅིང་འབྲེལ་འབྱུང་ཟབ་མོའི་རིག་པ་ཡིས། །སྤྲོས་པ་མཐའ་དག་ཞི་བར་བྱིན༴ ༣༤ དེ་ལྟར་དཔྱད་མཐར་རྩེ་གཅིག་མཉམ་བཞག་པས། །སེམས་གནས་རྣམ་དགུ་རིམ་གྱིས་གྲུབ་པའི་མཐར། །ཞི་ལྷག་ཟུང་འབྲེལ་ཏིང་འཛིན་ལ་བརྟེན་ནས། །སྒོམ་བྱུང་ཤེས་རབ་སྐྱེ་བར་བྱིན ༣༥ སྟོང་ཉིད་ཆོས་དང་སྟོང་གཞི་གཟུགས་ཀྱི་སྐུར། །ངེས་པ་རྙེད་ཀྱང་ཐ་དད་འཛིན་པ་ཡི། །རྒྱུད་སྡེ་འོག་མ་གསུམ་གྱི་རྣལ་འབྱོར་གྱིས། །མཆོག་ཐུན་དངོས་གྲུབ་ཐོབ་པར་བྱིན་གྱིས་རློབས། ༣༦ །ཁྱད་པར་ཚེ་འདིར་བྱང་ཆུབ་མཆོག་བརྙེས་སླད། །རྣལ་འབྱོར་བླ་མེད་དབང་བཞིས་རྒྱུད་སྨིན་ཅིང་། །དབང་དུས་ཐོབ་པའི་དམ་ཚིག་སྡོམ་པ་རྣམས། །སྲོག་ལས་གཅེས་པར་བསྲུང་བར་བྱིན ༣༧ ཅིར་སྣང་ཆོས་ཀུན་གཟོད་ནས་བདེན་པ་གཉིས། །དབྱེར་


JKT001_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ལྷག་པའི་ཆོས་སྐུ་ཆེན་པོ་རུ། །ལུང་རིགས་མན་ངག་གསུམ་གྱིས་གཏན་ཕབ་ནས། །ངེས་པ་གཏིང་ནས་རྙེད་པར་བྱིན༴ ༣༨ བསྐྱེད་རིམ་ཐབས་ཀྱིས་ཟབ་མོའི་ཚོགས་རྫོགས་ཤིང་། །རླུང་དང་གཏུམ་མོས་བདེ་དྲོད་མཆོག་ཏུ་འབར། །ཕྱག་རྒྱ་ལ་བརྟེན་དགའ་བཞིའི་རིམ་པ་ཡིས། །དཔེ་ཡི་ཡེ་ཤེས་རྟོགས་པར་བྱིན་གྱིས་རློབས། ༣༩ །དེ་ལས་དོན་གྱི་ཡེ་ཤེས་རྫོགས་པ་ཆེ། །ཆོས་དབྱིངས་ཀ་དག་གནས་ལུགས་མངོན་གྱུར་བཞིན། །རིག་གདངས་ལྷུན་གྲུབ་སྣང་བཞིའི་རྣལ་འབྱོར་ལ། །གོམས་པ་ཕ་མཐར་སོན་པར་བྱིན ༤༠ མཐར་ཐུག་འོད་གསལ་ཆོས་སྐུའི་ངང་ཉིད་ལས། །ཟུང་འཇུག་ལོངས་སྤྱོད་རྫོགས་པའི་རྣལ་རོལ་དང་། །གང་འདུལ་སྤྲུལ་པའི་སྒྱུ་འཕྲུལ་རྟག་འཆར་བས། །དོན་གཉིས་ལྷུན་གྱིས་གྲུབ་པར་བྱིན༴ ༤༡ གཞན་ཡང་གནས་སྐབས་ཆོས་བཞིན་སྤྱོད་པ་ལ། །འགལ་རྐྱེན་ཀུན་ཞི་མཐུན་རྐྱེན་ཕུན་སུམ་ཚོགས། །བསྟན་འཛིན་ཞབས་བརྟན་བཤད་སྒྲུབ་བསྟན་པ་དར། །འགྲོ་ཀུན་བདེ་སྐྱིད་ལྡན་པར་བྱིན་གྱིས་རློབས། ༤༢ །མདོར་ན་འདི་ནས་བྱང་ཆུབ་སྙིང་པོའི་བར། །དཔལ་ལྡན་བླ་མས་འབྲལ་མེད་རྗེས་བཟུང་ནས། །འཇ ག་རྟེན་འཇིག་རྟེན་འདས་པའི་དགེ་ལེགས་ཀྱིས། །ཕན་བདེའི་སྣང་བ་རྒྱས་པའི་བཀྲ་ཤིས་ཤོག ༤༣ །ཅེས་འཇིག་རྟེན་མིག་གཅིག་བེ་རོ་ཙ་ན་བསམས་བཞིན་བསྟན་འགྲོའི་མགོན་དུ་བྱོན་པ། མཁས་པའི་གཙུག་རྒྱན། བཙུན་པའི་ཁྱུ་མཆོག །གྲུབ་


JKT001_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དབང་ཕྱུག་འགྲན་ཟླར་འོས་པ་འགའ་ཡང་མ་མཆིས་པ་ཀུན་མཁྱེན་བླ་མ་རྒྱལ་བའི་སྲས་པོ་གཞན་ཕན་མཐའ་ཡས་འོད་ཟེར་གྱི་ཐུན་མོང་གི་རྣམ་པར་ཐར་པ་ལས་གཙོ་བོར་བརྩམས་པའི་གསོལ་འདེབས་སྨོན་ལམ་དང་བཅས་པ་འདིའང་། རྗེ་ཉིད་ཀྱིས་རྗེས་སུ་བཟུང་བའི་དད་བརྩོན་ཤེས་རབ་ཅན་རྣལ་འབྱོར་པ་པདྨ་ཚེ་དབང་ནས་གུས་པས་བསྐུལ་བ་དང་། རང་ཉིད་ཀྱིས་ལྷག་པར་མོས་པས་མཚམས་སྦྱར་ཏེ། ཐར་ལམ་བླ་མའི་བཀའ་དྲིན་ཁོ་ན་ལ་རེ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་ཀུན་མཁྱེན་བོ་དོང་པ་ཆེན་པོའི་རིང་ལུགས་འཛིན་པའི་ཆོས་གྲྭ་བསམ་འགྲུབ་ཆོས་སྡིང་དུ་བྲིས་ཏེ་གསོལ་བ་བཏབ་པ་དགེ་ལེགས་སུ་གྱུར་ཅིག། །།

སི་ཏུ་རྡོ་རྗེ་འཆང་པདྨ་ཉིན་བྱེད་དབང་པོའི་རྣམ་ཐར་ལ་གསོལ་བ་འདེབས་པ་མོས་གུས་གྲུབ་པའི་རྒྱུད་མང་།


JKT001_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

༈ སི་ཏུ་རྡོ་རྗེ་འཆང་པདྨ་ཉིན་བྱེད་དབང་པོའི་རྣམ་ཐར་ལ་གསོལ་བ་འདེབས་པ་མོས་གུས་གྲུབ་པའི་རྒྱུད་མང་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་བཛྲ་དྷཱ་ར་པདྨ་པཱ་དཱ་ཡ། བདེ་སྟོང་མཆོག་གི་དགྱེས་པའི་རྡོ་རྗེ་སེམས། །ཀུན་ཏུ་འཆང་བ་པདྨ་སཾ་བྷཱའི་ཚུལ། །གཉུག་མའི་ཉིན་བྱེད་ཞུ་བདེའི་འོད་འབར་བ། །ལྷན་སྐྱེས་གྲུབ་པའི་དབང་པོར་གསོལ་བ་འདེབས། །མགོན་ཁྱོད་འཕགས་བཞིའི་རྣམ་ཐར་རྒྱ་མཚོའི་སྤྲིན། །སྤྲོ་དང་བསྡུ་བའི་བྱེད་པོར་ཡོངས་གྲུབ་བཞིན། །ས་བཅུའི་དབང་ཕྱུག་རྒྱལ་ཚབ་མཆོག་གི་ཚུལ། །མ་ཕམ་ཆོས་རྗེར་སྟོན་ལ་གསོལ་བ་འདེབས། །ཁྱད་པར་འཕགས་བོད་མཁས་གྲུབ་ཀུན་གྱི་ཕུལ། །དཔལ་གྱི་སེང་གེ་ཌོམྦི་ཧེ་རུ་ཀ །ལོ་ཙཱ་ཆེན་པོ་འགྲོ་མགོན་རས་ཆེན་སོགས། །རྣམ་འཕྲུལ་ཅིར་ཡང་འཆར་ལ༴ ཕྱི་དུས་ཐུབ་བསྟན་སྤྱི་དང་ཀརྨ་ཀཱའི། །བཤད་སྒྲུབ་བསྟན་པའི་ཉིན་བྱེད་གཅིག་པུ་པ། །གཙུག་ལག་ཆོས་ཀྱི་སྣང་བར་


JKT001_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས་འབར་བའི། །འཇམ་མགོན་དངོས་སུ་སྣང་ལ༴ གང་གི་འཁོར་ལོ་གསུམ་གྱི་ཕྲིན་ལས་ཀྱིས། །སྲས་བཅས་རྒྱལ་བའི་མཛད་པ་རྫོགས་མཛད་ནས། །སླར་ཡང་ཕྱོགས་བཅུའི་ཞིང་ཁམས་བྱེ་སྙེད་དུ། །།སྤྲུལ་པའི་ཆོ་འཕྲུལ་སྟོན་ལ༔ དེ་ལས་སྡེ་བཞི་དགེ་བཅུའི་འདུན་ས་ཆེའི། །ཤར་ཕྱོགས་ཡིད་ཅན་རྟོག་པ་ལྷུང་བའི་ཡུལ། །རང་བྱུང་འཕགས་པའི་གནས་ཀྱི་དགའ་ཚལ་དུ། །བསམས་བཞིན་སྲིད་པར་བཟུང་ལ གང་ཚེ་རྒྱལ་དབང་པདྨའི་ལུང་གི་དོན། །གྲུབ་པའི་དཔའ་བོས་གསལ་བར་མཚོན་པ་བཞིན། །རིས་མེད་རྣམ་འདྲེན་ཀུན་གྱིས་མགྲིན་གཅིག་ཏུ། །དམ་པའི་སྐྱེས་བུར་བསྔགས་ལ༴ གཞོན་ནུ་ཉིད་ནས་སྔོན་གནས་རྗེས་དྲན་ཏུ། །མཁྱེན་པའི་སྟོབས་དང་དགེ་མཚན་སྣང་བ་ཡིས། །ཚུ་རོལ་མཐོང་བའི་སོམ་ཉིའི་མུན་བསལ་ཏེ། །མཆོག་གི་སྤྲུལ་སྐུར་ངེས་ལ༔ སྲིད་ཞིའི་འབྱོར་པ་ཆེན་པོས་མདུན་བདར་ཏེ། །རིགས་ཀུན་ཁྱབ་བདག་གར་དབང་ཆོས་ཀྱི་རྗེས། །འཇིགས་མེད་སེང་གེའི་ཁྲི་ལ་མངའ་གསོལ་བས། །ཕན་བདེའི་ཉིན་བྱེད་འབར་ལ༴ མཁྱེན་པའི་ཡེ་ཤེས་ཆགས་ཐོགས་བྲལ་བར་སད། །བརྩེ་བའི་ཐུགས་རྗེ་མཁའ་དང་མཉམ་པར་འཇུག །ནུས་པའི་ཕྲིན་ལས་ཡིད་སྲུབས་དཔུང་བཅས་ཀྱི། །ཕྱོགས་ལས་རྣམ་པར་རྒྱལ་ལ༴ ཞབས་པད་བཀྲ་ཤིས་འཁོར་ལོའི་དགེ་མཚན་ཅན། །གངས་ཅན་ཡུལ་དབུས་གྲུབ་པའི་སྨན་ལྗོངས་སུ། །བཀོད་ནས་


JKT001_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་སྲས་སྤྱོད་པ་རྒྱ་མཚོ་ཡིས། །དོན་གཉིས་ཕ་མཐར་སོན་ལ་གསོལ༴ རྒྱལ་དབང་ཕྱག་ན་པདྨོ་ཡབ་སྲས་དང་། །ནཱ་རོ་ཏཱ་པ་ཆོས་ཀྱི་སྣང་བ་སོགས། །འཕགས་པའི་ཡོངས་འཛིན་ཁོ་ནའི་ཚོགས་རྣམས་ཀུན། །མཉེས་པ་གསུམ་གྱིས་བསྙེན་དེར༴ གང་ལས་སྡོམ་པ་གསུམ་དང་རྗེས་འབྲེལ་བའི། །ཟབ་ཆོས་སྤྱི་དང་དོན་བརྒྱུད་བདུད་རྩིའི་བཅུད། །ཐུགས་ཀྱི་བུམ་པ་བཟང་པོར་ལེགས་བཟུང་བས། །སྨིན་གྲོལ་ཡོངས་སུ་རྫོགས་ལ༴ ངེས་འབྱུང་ཚུལ་ཁྲིམས་བླང་དང་བསྲུང་བ་དང་། །ཕྱིར་ཞིང་འཆོས་པའི་བསླབ་བྱའི་གཞི་རྣམས་ལ། །བརྟན་མཁས་ཕན་འདོགས་ཡོན་ཏན་ཡོངས་རྫོགས་པའི། །གནས་བརྟན་འདུལ་བ་འཛིན་པར་གསོལ༔ བྱམས་པའི་ཐུགས་ནི་སྙིང་རྗེའི་གཞན་དབང་ཅན། །བྱང་ཆུབ་སེམས་གཉིས་སྤྱོད་དང་མི་འབྲལ་བས། །ཕྱོགས་བཅུའི་རྣམ་འདྲེན་ཡོངས་ཀྱི་གདུང་འཚོབ་པ། །རྒྱལ་སྲས་སེམས་དཔའ་ཆེན་པོར༴ ཟང་ཟིང་ནམ་མཁའི་མཛོད་ཀྱི་གཏོང་བ་དང་། །དམ་ཆོས་ནོར་བུའི་གྲུ་ཆར་འབེབས་མཁས་ཤིང་། །འགྲོ་ཀུན་སྲིད་ཞིའི་གདུང་བ་ཀུན་སྐྱོབས་པ། །སྦྱིན་པའི་ཕར་ཕྱིན་རྫོགས་ལ༔ གཞན་ཡང་ཉེས་སྤྱོད་རྡུལ་གྱིས་རིང་དབེན་པའི། །དགེ་ཆོས་ཡོངས་སུ་སྡུད་པའི་པདྨ་དཀར། །གཞན་ཕན་བདུད་རྩིའི་ཟིལ་དངར་རྟག་འབབས་པས། །ཚུལ་ཁྲིམས་ཕར་ཕྱིན་རྫོགས་ལ༔ གནོད་པའི་ཡུལ་གྱིས་མི་འཁྲུགས་ཐུགས་རྗེའི་གོ། །


JKT001_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཕྱིར་དཀའ་བ་སྤྱད་པས་རབ་བརྗིད་ཅིང་། །ཟབ་མོའི་དོན་ལ་འཇིགས་མེད་བློ་གྲོས་ཀྱིས། །བཟོད་པའི་ཕར་ཕྱིན་རྫོགས་ལ༴ མཁའ་ཁྱབ་ཡིད་ཅན་སྒྲོལ་བའི་ཐུགས་བསྐྱེད་དང་། །རྟག་ཏུ་བྱང་ཆུབ་སྤྱོད་པའི་བརྟུལ་ཞུགས་དང་། །གཞན་དོན་བསྒྲུབ་ལ་ནམ་ཡང་མི་ངལ་བས། །བརྩོན་འགྲུས་ཕར་ཕྱིན་རྫོགས་ལ༔ ལུས་སེམས་ཤིན་སྦྱངས་བདེ་བའི་མཐར་སོན་ཅིང་། །འཕགས་བཞིའི་ཡོན་ཏན་སྒྲུབ་པའི་ཏིང་འཛིན་དང་། །རྣམ་འཕྲུལ་དུ་མས་འགྲོ་བའི་དོན་མཛད་པས། །བསམ་གཏན་ཕར་ཕྱིན་རྫོགས་ལ༴ འཇིག་རྟེན་ཤེས་བྱའི་གནས་ཀུན་རབ་མཁྱེན་ཅིང་། །གང་ཟག་བདག་ཏུ་བལྟ་བའི་མདུད་པ་བཅད། །ཆོས་ཀུན་གཟོད་ནས་སྐྱེ་བ་མེད་གཟིགས་པས། །ཤེས་རབ་ཕར་ཕྱིན་རྫོགས་ལ༴ སྦྱིན་པའི་དཔག་བསམ་སྙན་སྨྲ་གྲིབ་བསིལ་ཅན། །དོན་མཐུན་འདོད་རྒུའི་ཆར་གྱིས་གདུལ་བྱ་རྣམས། །ཕན་བདེའི་དོན་རབ་སྤྱོད་པས་དབུགས་འབྱིན་པའི། །དགེ་མཚན་ཕ་མཐའ་ཡས་ལ༴ སྣང་གྲགས་ལྷ་དང་ནཱ་དའི་སྔགས་སུ་ཤར། །རྩ་རླུང་ཐིག་ལེ་རྡོ་རྗེ་གསུམ་དུ་དག །གཉུག་མའི་ཡེ་ཤེས་མཁའ་ལྟར་ཁྱབ་གདལ་བའི། །རྡོ་རྗེ་འཛིན་པའི་བདག་པོར་གསོལ༴ གྲུབ་པའི་ཆོ་འཕྲུལ་བསམ་ལས་འདས་པར་སྟོན། །འདུལ་བཞིའི་ཕྲིན་ལས་བརྟན་གཡོ་ཀུན་ཏུ་འཇུག །འབྲེལ་ཚད་བྱང་ཆེན་དཀྲི་བའི་གཡར་དམ་ཅན། །


JKT001_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

ས་གསུམ་འགྲན་ཟླ་བྲལ་ལ་གསོལ་བ་འདེབས། །མཆོག་གསུམ་རྟེན་ལ་ཉམས་གསོ་གསར་བསྐྲུན་དང་། །སྨིན་གྲོལ་གདམས་ཟབ་རྒྱ་མཚོ་སྤེལ་བ་དང་། །མཐར་གྱིས་ཏིང་འཛིན་སྒོ་བརྒྱར་སྙོམས་འཇུག་པའི། །རྣམ་ཐར་བསམ་མི་ཁྱབ་ལ༴ བསྟན་འཛིན་སྐྱེས་བུས་གངས་ཅན་ཁམས་ཀུན་བཀང་། །ཆོས་ཀྱི་རྒྱལ་ཐབས་ཕྱག་ན་པདྨོར་གཏད། །ཡིད་ཅན་ཀུན་ལ་ཐར་པའི་ལམ་བཟང་བསྟན། །མཛད་པ་ཡོངས་སུ་རྫོགས་ལ་བརྒྱད་ཅུའི་བར་དུ་དོན་གཉིས་རབ་སྤེལ་ནས། །སྣོན་ཟླའི་དཀར་ཕྱོགས་བཟང་པོ་གཉིས་པའི་དུས། །མྱང་འདས་ཚུལ་གྱིས་འགྲོ་མང་སྒྲོལ་བའི་སླད། །ཆོས་དབྱིངས་ཞི་བར་གཤེགས་ལ དེ་ཚོ་ངོ་མཚར་ལྟས་ཀྱི་ཁྱད་པར་དང་། །སྐུ་གདུང་རིང་བསྲེལ་ཡིད་བཞིན་ནོར་བུ་ཡི། །ལྷར་བཅས་ལུས་ཅན་རྒྱ་མཚོའི་རྡུལ་སྙེད་ཀྱི། །དོན་གཉིས་ལྷག་པར་མཛད་ལ༔ སླར་ཡང་འོད་གསལ་ཆོས་སྐུའི་དབྱིངས་ཉིད་ལས། །* ཟུང་འཇུག་ལོངས་སྤྱོད་རྫོགས་སྐུའི་རྣམ་འཕྲུལ་ནི། །གང་འདུལ་མཆོག་གི་སྤྲུལ་སྐུའི་ཉིན་མོར་བྱེད། །འཁོར་བ་ཇི་སྲིད་འཆར་ལ་གསོལ་བ་འདེབས། །དེ་ལྟར་སྐྱབས་གནས་ཀུན་འདུས་བླ་མ་རྗེའི། །ཚད་མེད་རྣམ་ཐར་ཡོན་ཏན་རྗེས་དྲན་བློས། །བདག་དང་མཁའ་མཉམ་འགྲོ་བ་མ་ལུས་ཀུན། །སྒོ་གསུམ་གུས་པས་རྟག་ཏུ་ཕྱག་འཚལ་ལོ། །དངོས་འབྱོར་ཡིད་ཀྱིས་སྤྲུལ་པའི་མཆོད་སྤྲིན་དང་། །ལུས་དང་ལོངས་


JKT001_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་དགེ་ཚོགས་རྒྱ་མཚོས་མཆོད། །སྡོམ་དང་དམ་ཚིག་སྲོག་གི་ཕྱིར་ཡང་བཟུང་། །ཁྱོད་མཉེས་ཕྲིན་ལས་འབའ་ཞིག་བསྒྲུབ་པར་བགྱི། །ཐོག་མེད་དུས་ནས་བསགས་པའི་སྡིག་ལྟུང་དང་། །ཁྱད་པར་མགོན་ཁྱོད་ཐུགས་དང་འགལ་བ་ཀུན། །སྟོབས་བཞིའི་ཆོ་གས་སོ་སོར་བཤགས་བགྱིད་ན། །སྒྲིབ་མེད་ཚངས་པའི་གནས་ལ་འགོད་མཛད་གསོལ། །ཉན་རང་སོ་སྐྱེའི་བསོད་ནམས་ཇི་སྙེད་དང་། །སྲས་བཅས་རྒྱལ་བའི་མཛད་པ་རྨད་བྱུང་ཀུན། །གང་གི་ཡེ་ཤེས་རྣམ་རོལ་ལས་བྱུང་ཕྱིར། །མི་ཕྱེད་གུས་པས་རྗེས་སུ་ཡི་རང་ངོ་། །མཐའ་ཀླས་གདུལ་བྱའི་ཁམས་དབང་བསམ་པ་དང་། །ཇི་ལྟར་འཚམས་པར་ཐར་དང་རྣམ་མཁྱེན་གྱི། །གོ་འཕང་མཆོག་ལ་རབ་ཏུ་དགོད་པའི་སླད། །ཐེག་གསུམ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །གཟོད་ནས་སྐྱེ་བ་མེད་པར་ཐུགས་ཆུད་པས། །མཐར་གྱིས་འགག་པའི་ཕ་མཐའ་མ་དམིགས་ཕྱིར། །ཕྱོགས་བཅུའི་རྣམ་འདྲེན་སྲས་དང་སློབ་མར་བཅས། །རྒྱུན་གྱིས་རྟག་པའི་ངོ་བོར་བརྟན་བཞུགས་གསོལ། །དེ་ལྟར་བསགས་དང་དུས་གསུམ་དགེ་བའི་ཚོགས། །འཇམ་དཔལ་གཞོན་ནུའི་དྲི་མེད་མཁྱེན་པ་དང་། །ཀུན་ཏུ་བཟང་པོའི་སྨོན་ལམ་རྗེས་སློབ་སྟེ། །བྱང་ཆུབ་སྙིང་པོ་ཡོངས་སུ་བསྔོ་བར་བགྱི། །དེ་མཐུས་བདག་གཞན་སྐྱེ་བ་ཐམས་ཅད་དུ། །ཐེག་ཆེན་རིགས་སད་དལ་འབྱོར་རྟེན་ཐོབ་ཅིང་། །


JKT001_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་སྐུ་ཅན་པདྨ་ཉིན་མོར་བྱེད། །དགེ་བའི་བཤེས་སུ་འབྲལ་བར་མ་གྱུར་ཅིག །སྣོད་བཅུད་མི་རྟག་འགྱུར་བའི་ཆོས་ཅན་དུ། །མཐོང་ནས་ཚེ་འདིའི་སྤྱོད་ལ་མ་ཆགས་པར། །འཁོར་བའི་ཉེས་དམིགས་ལས་འབྲས་བླང་དོར་གྱིས། །སྲིད་ལས་ངེས་འབྱུང་ཐར་ལམ་བསྙེན་པར་ཤོག །རང་ཉིད་ཞི་བདེའི་ཚུལ་ལ་མ་ཞེན་པར། །མཁའ་ཁྱབ་འགྲོ་ལ་བྱམས་དང་སྙིང་རྗེའི་བློས། །བྱང་ཆུབ་སེམས་གཉིས་ཐེམ་སྐས་ལ་བརྟེན་ནས། །རྣམ་མཁྱེན་གྲོང་ཁྱེར་དག་ཏུ་འཇུག་པར་ཤོག །སེམས་ཅན་བློས་མི་སྤང་དང་ཕན་ཡོན་དྲན། །ཚོགས་གཉིས་བསགས་དང་ཡང་ཡང་བྱང་སེམས་སྦྱོང་། །དཀར་ནག་ཆོས་བརྒྱད་བླང་དོར་རབ་བརྩོན་པའི། །སྨོན་པའི་བསླབ་བྱ་མི་ཉམས་བསྲུང་བར་ཤོག །སྦྱིན་དང་ཚུལ་ཁྲིམས་བཟོད་དང་བརྩོན་འགྲུས་དང་། །བསམ་གཏན་ཤེས་རབ་བསླབ་པ་གསུམ་གྱི་ལམ། །ཚུལ་བཞིན་རྒྱུད་ལ་བསྟན་པའི་འཇུ་ག་པ་ཡིས། །བྱང་ཆུབ་མཆོག་གི་གོ་འཕང་བསྒྲུབ་པར་ཤོག །ཁྱད་པར་གསང་ཆེན་རྡོ་རྗེ་ཐེག་པ་ཡི། །དབང་གིས་རྒྱུད་སྨིན་དམ་ཚིག་རྣམ་པར་དག །གཞི་ལམ་འབྲས་བུའི་རྒྱུད་དོན་ཁོང་ཆུད་ནས། །སྙིང་པོའི་ལམ་བཟང་རྩེ་གཅིག་བསྒོམ་པར་ཤོག །བསྐྱེད་པའི་རིམ་པས་ཚོགས་གཉིས་རབ་བསྒྲུབ་ཅིང་། །རྫོགས་རིམ་ཟབ་མོས་སྦྱོར་བའི་ཡེ་ཤེས་བསྐྱེད། །མོས་གུས་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་གྱིས། །


JKT001_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

གཉུག་མའི་གནས་ལུགས་མངོན་སུམ་མཐོང་བར་ཤོག །དེ་ལྟར་མཐོང་ཟིན་རྟག་ཏུ་བསྒོམ་པ་ལས། །སྒྲིབ་གཉིས་བག་ཆགས་བཅས་པ་ཀུན་སྤངས་ཏེ། །ཡེ་ཤེས་ཕྲིན་ལས་ཕུན་སུམ་ཚོགས་པ་ཡི། །མི་སློབ་ཟུང་འཇུག་མྱུར་དུ་ཐོབ་པར་ཤོག །དེ་མ་ཐོབ་པའི་གནས་སྐབས་ཐམས་ཅད་དུ། །དམ་ཆོས་བསྒྲུབ་པའི་འགལ་རྐྱེན་ཀུན་ཞི་ཞིང་། །ཚེ་དཔལ་འབྱོར་པ་རིགས་དང་བརྩེ་བ་སོགས། །མཐུན་རྐྱེན་མ་ལུས་ལྷུན་གྱིས་གྲུབ་པར་ཤོག །བསྟན་འཛིན་མཆོག་རྣམས་ཞབས་པད་བསྐལ་བརྒྱར་བརྟན། །བཤད་སྒྲུབ་སྙིང་པོའི་བསྟན་པ་ཕྱོགས་བཅུར་འཕེལ། །འགྲོ་ཀུན་དུས་ཀྱི་རྒུད་པ་ཀུན་ཞི་ཞིང་། །ཕན་བདེའི་དགེ་ལེགས་རྒྱས་པའི་བཀྲ་ཤིས་ཤོག །ཅེས་སྒྲུབ་བརྒྱུད་སྙིང་པོའི་སྟོན་པའི་རྒྱལ་ཚབ་བསྟན་པའི་ཉི་མ། བསྟན་འཛིན་མཐའ་དག་གི་གཙུག་རྒྱན་གཅིག་པུ་སི་ཏུ་རྡོ་རྗེ་འཆང་ཆེན་པོ་པདྨ་ཉིན་བྱེད་དབང་པོའི་ཐུན་མོང་གི་རྣམ་པར་ཐར་པ་དང་མཐུན་པར་གསོལ་འདེབས་ཡན་ལག་བདུན་པ་ལམ་རིམ་གྱི་སྨོན་ལམ་དང་བཅས་པ་འདིའང་། འཁོར་ལོའི་དབང་ཕྱུག་ཟླ་བཟང་མཆོག་སྤྲུལ་རིན་པོ་ཆེའི་སྐུའི་རིམ་གྲོ་པ་དད་དམ་བསླབ་གསུམ་གྱི་ནོར་ལྡན་དགེ་སློང་ཀརྨ་དམ་ཆོས་ནས་ནན་ཏན་དུ་བསྐུལ་བ་དང་། རང་ཉིད་ཀྱིས་ཀྱང་མི་ཕྱེད་གུས་པས་ཀུན་ནས་བསླངས་ཏེ། བསྟོད་ཡུལ་དམ་པ་གང་དེའི་ལེགས་གསུང་གི་བདུད་རྩི་ཕྲ་མོ་ཙམ་ཐོབ་པའི་སློབ་འབངས་ཀྱི་ཆར་གཏོགས་པ་ཤཱཀྱའི་དགེ་སློང་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་གསོལ་བ་བཏབ་པའི་ཡི་གེ་པ་ནི་རིག་པར་སྨྲ་བའི་བཙུན་པ་འཇམ་དབྱངས་དགའ་བའི་བློ་གྲོས་ཀྱིས་བགྱིས་པ་སྟེ། དགེ་བས་བདག་གཞན་ཐམས་ཅད་ཀྱི་རྒྱུད་ལ་རྗེ་བཙུན་བླ་མའི་ཡེ་ཤེས་གཟིགས་པའི་བྱིན་རླབས་མྱུར་དུ་འཇུག་པའི་རྒྱུར་གྱུར་ཅིག །ས་རྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ། །

དཔལ་ཏཱའི་སི་ཏུ་རྡོ་རྗེ་འཆང་པདྨ་ཉིན་བྱེད་དབང་པོ་ཆོས་དབྱིངས་ཞི་བ་ཆེན་པོར་ཐུགས་གཞོལ་བའི་སྐབས་གདུང་དབྱངས་སུ་གསོལ་བ་བདེན་ཚིག་གི་མེ་ཏོག


JKT001_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཏཱའི་སི་ཏུ་རྡོ་རྗེ་འཆང་པདྨ་ཉིན་བྱེད་དབང་པོ་ཆོས་དབྱིངས་ཞི་བ་ཆེན་པོར་ཐུགས་གཞོལ་བའི་སྐབས་གདུང་དབྱངས་སུ་གསོལ་བ་བདེན་ཚིག་གི་མེ་ཏོག་ཅེས་བྱ་བ། ཨ་ཧོ། ཀ་དག་ལྷུན་གྲུབ་དབྱེར་མེད་འོད་གསལ་གྱི་སྣང་ཆ། །གསང་གསུམ་བདེ་ཆེན་རྡོ་རྗེའི་རྣམ་རོལ་དུ་ཤར་བའི། །མཁའ་ཁྱབ་སྐུ་དང་ཡེ་ཤེས་ཕྲིན་ལས་ཀྱི་བདག་ཉིད། །ཨོ་རྒྱན་སངས་རྒྱས་གཉིས་པས་བྱིན་གྱིས་རང་རློབས་ཤིག །ཀུན་བཏགས་འཁྲུལ་པའི་སྤྲིན་རིས་ཆོས་དབྱིངས་སུ་སིམ་པས། །གཞན་དབང་དག་པ་རབ་འབྱམས་ཟུང་འཇུག་གི་ཉམས་འགྱུར། །ཡོངས་གྲུབ་ཕྱག་རྒྱ་ཆེན་མོའི་ངལ་འཚོ་ལ་རོལ་པའི། །རྩ་གསུམ་དཀྱིལ་འཁོར་རྒྱ་མཚོ་མངོན་སུམ་དུ་དགོངས་མཛོད། །འཆི་མེད་པདྨ་ཀ་རའི་ཡེ་ཤེས་ཀྱི་སྣང་བརྙན། །ཡོངས་རྫོགས་བསྟན་འགྲོའི་ཉིན་བྱེད་རིགས་ཀུན་གྱི་ཁྱབ་བདག །སྲས་བཅས་རྒྱལ་བའི་དབང་པོའི་ཐུགས་རྗེ་ཡི་སྤྱན་ཟུར། །ཆོས་དབྱིངས་ཞི་བ་ཆེན་པོའི་གཟིགས་མོ་ལ་དགྱེས་པས། །བདག་ཅག་བཟོད་དུ་མེད་པའི་དུ་ཁ་ཡིས་མནར་ཞིང་། །བསིལ་ལྗོངས་བསྟན་འགྲོའི་བདེ་སྐྱིད་མར་འགྲིབ་ལ་ཕྱོགས་པའི། །ངང་ཚུལ་ཡང་ཡང་དྲན་པའི་ཤུགས་རིང་དང་འགྲོགས་ཏེ། །མི་ཕྱེད་གུས་པའི་གདུང་བས་གསོལ་བ་རང་


JKT001_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས་ན། །རྡུལ་སྙེད་ཞིང་ཁམས་རྒྱ་མཚོར་སྐད་ཅིག་གི་འཇུག་པས། །འཕགས་རྣམས་དགྱེས་པའི་ཆོས་ཀྱི་དགའ་སྟོན་ལ་རོལ་ནས། །མྱུར་དུ་སྤྲུལ་པའི་ཉི་མ་འཁྲུལ་མེད་དུ་འཆར་བས། །ཕན་བདེའི་པདྨོ་རྒྱས་པའི་སྨོན་ལམ་ཞིག་ཞུའོ། །ཞེས་པའང་རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་དེ་ཉིད་ལས་སྨིན་གྲོལ་གྱི་བདུད་རྩི་ཅུང་ཟད་ཐོབ་པའི་སྐལ་བཟང་ཅན་རྨོངས་རྟུལ་ཀུན་ཏུ་རྒྱུ་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་སྒྲོན་ཟླའི་དཀར་ཕྱོགས་ཀྱི་ཚེས་བཅུའི་ཉི་མ་འཆར་ཀའི་དུས་སུ་མཆོད་ཅིང་གསོལ་བ་བཏབ་པའི་རྗེས་འབྲེལ་དུ་དད་གདུང་རྩེ་གཅིག་པས་གསོལ་བ་བཏབ་པ་དེ་དེ་བཞིན་དུ་ངེས་པར་འགྲུབ་པའི་རྒྱུར་གྱུར་ཅིག །ཤུབྷཾ།། ༈ །།ན་མོ་གུ་ར་རྡོ་རྗེ་འཆང་དངོས་པདྨ་སཾ་བྷ་ཝའི། །ཡེ་ཤེས་ཉིན་མོར་བྱེད་པའི་གཟི་འབར་བ། །སྲས་བཅས་རྒྱལ་བའི་དབང་པོ་རིགས་ཀུན་གྱི། །ཁྱབ་བདག་གདོད་མའི་མགོན་པོར་གསོལ་བ་འདེབས། །རྣམ་འདྲེན་ཡོངས་ཀྱི་སྤྱི་གཟུགས་ཀརྨ་ཀའི། །ངེས་དོན་བསྟན་་པ་རབ་ཏུ་རྒྱས་མཛད་ཕྱིར། །ཕྱག་ན་པདྨོ་ངུར་སྨྲིག་གཟུགས་འཆང་བ། །དཔལ་ལྡན་རྩ་བའི་བླ་མར་གསོལ་བ་འདེབས། །མཁྱེན་བརྩེ་ནུས་པའི་གཏེར་མངའ་ཡབ་སྲས་ལ། །སྒོ་གསུམ་གུས་པས་སྙིང་ནས་གསོལ་བཏབ་མཐུས། །སྐྱེ་བའི་ཕྲེང་བར་ཡོངས་འཛིན་དམ་པ་ཡིས། །རྗེས་བཟུང་རང་གཞན་དོན་གཉིས་ལྷུན་གྲུབ་ཤོག །ཅེས་པའང་དགེ་བའི་བཤེས་གཉེན་དམ་པ་ཕྲ་བྷ་དྷརྨའི་ཞལ་འདོན་དུ་མཉྫགྷོ་ཥས་བྲིས་ཏེ་གསོལ་བ་བཏབ་པ་འགྲུབ་པར་གྱུར་ཅིག །མངྒ་ལ་།།

འཁོར་ལོའི་དབང་ཕྱུག་ངེས་དོན་བསྟན་པ་རབ་རྒྱས་དཔལ་བཟང་པོའི་ཞབས་བརྟན་གསོལ་འདེབས་འཆི་མེད་གྲུབ་པའི་རྒྱུད་མང་།


JKT001_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོའི་དབང་ཕྱུག་ངེས་དོན་བསྟན་པ་རབ་རྒྱས་དཔལ་བཟང་པོའི་ཞབས་བརྟན་གསོལ་འདེབས་འཆི་མེད་གྲུབ་པའི་རྒྱུད་མང་ཞེས་བྱ་བ་བཞུགས་སོ། །ཨོཾ་སྭསྟི་སིདྡྷཾ་བི་་ཡནྟ། གཟོད་ནས་འཆི་མེད་བདེ་བའི་ཡེ་ཤེས་དང་། །རྣམ་ཀུན་མཆོག་ལྡན་སྟོང་ཉིད་ཟུང་འཇུག་པའི། །ཁ་སྦྱོར་གཉུག་མའི་མཚན་དཔེའི་དཔལ་འབར་བ། །ཀུན་ཏུ་འཆང་བའི་ངོ་བོར་ཞབས་བརྟན་གསོལ། ༡ །མཁའ་ཁྱབ་རྣམ་པར་དག་པའི་འོད་གསལ་གྱི། །རང་གདངས་སྐུ་དང་ཡེ་ཤེས་དབྱེར་མེད་པ། །དཀྱིལ་འཁོར་རྒྱ་མཚོ་སྤྲོ་དང་བསྡུ་བའི་གཞི། །རིགས་མཆོག་རྣམ་ལྔའི་ངོ་བོར་ཞབས་བརྟན་གསོལ། ༢ །སྲིད་པ་ཀུན་ཏུ་སྦྱོར་བ་ལས་འདས་ཀྱང་། །རིགས་ཅན་གསུམ་གྱི་གདུལ་བྱ་དྲང་བའི་སླད། །མཚུངས་མེད་མཆོག་གི་སྤྲུལ་སྐུའི་ཉིན་མོར་བྱེད། །སྒྱུ་འཕྲུལ་སྲས་པོའི་ངོ་བོར་ཞབས་བརྟན་གསོལ། ༣ །རྡུལ་བྲལ་སོ་སོར་རྟོག་པའི་རང་བཞིན་ནི། །མི་འགྱུར་རྟག་པའི་ཚེ་དང་ཡེ་ཤེས་པ། །འོད་ཟེར་དཔག་མེད་ཤིན་ཏུ་རྣམ་ངེས་པ། །གཟི་བརྗིད་རྒྱལ་པོའི་ངོ་བོར་ཞབས༴ ༤ མཚན་གྱི་ཆ་ཤས་གང་དུ་སྣང་ཙམ་གྱིས། །དུས་མིན་འཆི་དང་སྒྲིབ་གཉིས་ཀུན་བསལ་ནས། །བྱང་ཆུབ་མཆོག་གི་ལང་ཚོ་རྒྱས་མཛད་པ། །རྣམ་པར་རྒྱལ་མའི་ངོ་བོར་ཞབས ༥ ཐུགས་རྗེ་རྫོགས་ལྡན་སྤྲིན་གྱི་བླ་བྲེ་ལས། །ཕུན་ཚོགས་ཕན་བདེ་ནོར་བུའི་ཆར་ཆེན་པོས། །སྲིད་དང་


JKT001_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་བའི་གདུང་བ་ཀུན་འཕྲོག་པ། །ཡིད་བཞིན་འཁོར་ལོའི་ངོ་བོར་ཞབས་བརྟན༔ ༦ མཐོང་དང་སྒོམ་པའི་དྲི་མ་ཀུན་སྤངས་པས། །ཤེས་དང་ཤེས་བྱའི་དེ་ཉིད་མངོན་སུམ་གཟིགས། །རབ་འབྱམས་སྲས་བཅས་རྒྱལ་བའི་ཡབ་གཅིག་པུ། །འཇམ་དཔལ་གཞོན་ནུའི་ངོ་བོར༔ ༧ སྲིད་པ་གསུམ་ན་སྙིང་རྗེའི་སྤྱན་རས་ཀྱིས། །ཕན་དགོངས་གཟིགས་པ་དུས་ལས་མི་ཡོལ་བས། །འགྲོ་ཀུན་བྱང་གྲོལ་དཀྲི་བའི་ཕྲིན་ལས་ཅན། །ཕྱག་ན་པདྨོའི་ངོ་བོར༔ ༨ ནང་གི་ལམ་ནས་སྔགས་ཀྱི་མཐུ་གྲུབ་པའི། །གཟི་བརྗིད་བཟོད་པར་དཀའ་བའི་ཡེ་ཤེས་མེས། །ཡིད་སྲུབས་དཔུང་བཅས་ཕྱོགས་ལས་རྣམ་རྒྱལ་བ། །གསང་བའི་བདག་པོའི་ངོ་བོར༔ ༩ སེམས་ཉིད་ལྷ་སྐུར་རྣམ་པར་སྨིན་པ་ནི། །ཚེ་དབང་ཕྱག་རྒྱའི་རིག་འཛིན་ལ་སྦྱར་བས། །ལྷུན་གྲུབ་སྲས་བཅས་རྒྱལ་བའི་གདུང་འཚོབ་པ། །མཚོ་སྐྱེས་བླ་མའི་ངོ་བོར ༡༠ མདོར་ན་འཇིག་རྟེན་མགོན་པོ་ཀརྨ་པའི། །ངེས་དོན་བསྟན་པ་རབ་ཏུ་རྒྱས་མཛད་ཕྱིར། །རྣམ་འདྲེན་ཡོངས་ཀྱི་ཡེ་ཤེས་གཅིག་བསྡུས་པ། །སྐྱབས་གནས་ཀུན་འདུས་ངོ་བོར་ཞབས་བརྟན་གསོལ། ༡༡ །དེ་ལྟར་མི་ཕྱེད་གུས་པས་གསོལ་བཏབ་མཐུས། །རྗེ་བཙུན་བླ་མ་བསྐལ་བརྒྱར་ཞབས་བརྟན་ཅིང་། །ལྷུན་གྲུབ་རྒྱུན་མི་འཆད་པའི་ཕྲིན་ལས་ཀྱིས། །བསྟན་འགྲོའི་ཕན་བདེ་འཕེལ་བར་བྱིན་


JKT001_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་རློབས། ༡༢ །བདག་ཅག་རྣམས་ཀྱང་དེང་ནས་བྱང་ཆུབ་བར། །འཁོར་ལོའི་མགོན་པོས་འབྲལ་མེད་རྗེས་བཟུང་སྟེ། །རང་གཞན་དོན་ཀུན་ཆོས་བཞིན་འགྲུབ་པ་དང་། །སྲིད་ཞིའི་དགེ་ལེགས་རྒྱས་པའི་བཀྲ་ཤིས་སྩོལ། ༡༣ །ཅེས་འཕགས་མཆོག་ཕྱག་ན་པདྨོ་དང་དབྱེར་མ་མཆིས་པའི་རྗེ་བཙུན་འཁོར་ལོའི་དབང་ཕྱུག་ངེས་དོན་བསྟན་པ་རབ་རྒྱས་དཔལ་བཟང་པོའི་ཞབས་པད་རིན་པོ་ཆེ་བསྐལ་བརྒྱར་འཚོ་ཞིང་གཞེས་པའི་སླད་དུ་གསོལ་བ་འདེབས་པའི་ཚིགས་སུ་བཅད་པ་འདིའང་། རྟོགས་ལྡན་བླ་མ་དམ་པ་དཀོན་མཆོག་རྒྱལ་མཚན་གྱིས་རྒྱང་རིང་པོ་ནས་བསྐུལ་བ་དང་། རང་ཉིད་ཀྱིས་ཀྱང་མི་ཕྱེད་གུས་པས་ཀུན་ནས་བསླངས་ཏེ། མགོན་པོ་གང་གི་ལེགས་གསུང་གི་བདུད་རྩིས་སྐལ་པ་བཟང་པོར་གྱུར་པའི་ཤཱཀྱའི་བཙུན་པ་བྱ་བྲལ་བ་སྤོང་བ་པའི་གཟུགས་བརྙན་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་རྩེ་གཅིག་ཏུ་གསོལ་བ་བཏབ་པ་དེ་དེ་བཞིན་དུ་འགྲུབ་པར་བླ་མ་རྒྱལ་བ་སྲསདང་བཅས་པས་བྱིན་གྱིས་བརླབ་ཏུ་གསོལ། །སརྦ་དཱཀ་ལྱཱ་ཎཾ་བྷ་བ་ཏུ།། །།

ཟླ་སྤྲུལ་རིན་པོ་ཆེའི་ཞབས་བརྟན་གསོལ་འདེབས།


JKT001_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཟླ་སྤྲུལ་རིན་པོ་ཆེའི་ཞབས་བརྟན་གསོལ་འདེབས་བཞུགས། །ཨོཾ་སྭ་སྟི་ཤྲཱི་བི་ཛ་ཡནྟུ། གཟོད་ནས་འཕོ་བའི་དྲི་མ་ལས་འདས་པའི། །ཁ་སྦྱོར་བདེ་ཆེན་ཉམས་བརྒྱའི་གཟི་འབར་བ། །བསོད་ནམས་བྱེ་བའི་རང་གཟུགས་མཚན་དཔེའི་སྐུ། །འཆི་མེད་མགོན་པོའི་ངོ་བོར་འཚོ་གཞེས་གསོལ། ༡ །སྲོག་དང་རྩོལ་བའི་རྒྱུ་བ་ཇི་སྙེད་ཀུན། །རྡོ་རྗེ་ནཱ་དའི་དབྱངས་སུ་འཆར་བ་ན། །ལེགས་གསུངས་ཆོས་ཕུང་རྒྱ་མཚོར་འབབས་པའི་དཔྱིད། །འཇམ་དཔལ་གཞོན་ནུའི་ངོ་བོར༴ ༢


JKT001_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

གཟུང་འཛིན་སྤྲོས་པའི་མཚན་མ་ལས་འདས་པ། །མཁའ་ཁྱབ་རྟག་པ་དམ་པའི་ཡེ་ཤེས་ཐུགས། །མཁྱེན་བརྩེའི་སྣང་བ་བསམ་གྱིས་མི་ཁྱབ་པ། །རྡོ་རྗེ་འཛིན་པའི་ངོ་བོར༔ ༣ བྲལ་སྨིན་ཡོན་ཏན་ནོར་བུའི་རྔ་ཡབ་ནི། །བཟུང་བ་མེད་པར་ཕྱོགས་ཀྱི་མཐར་འགྲོ་བས། །ཕྲིན་ལས་ས་གསུམ་ཕན་བདེའི་མཆོག་སྟེར་བ། །པད་དཀར་འཆང་བའི་དབང་པོར ༤ བསམ་ཡས་རིགས་དང་དཀྱིལ་འཁོར་རྒྱ་མཚོའི་བདག །སྲིད་ཞིར་མི་གནས་སྙིང་རྗེའི་ཟླ་བ་ནི། །སྙིགས་དུས་ཡོངས་རྫོགས་བསྟན་འགྲོའམགོན་གཅིག་པུར། །མཚོ་སྐྱེས་བླ་མའི་ངོ་བོར་འཚོ་གཞེས་གསོལ། ༥ །མདོར་ན་ཀུན་ཏུ་འཆང་བའི་ཡེ་ཤེས་སྐུ། །བསྐལ་བརྒྱར་ཞབས་བརྟན་ཆོས་འཁོར་བསྐོར་བ་དང་། །བདག་ཅག་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །དོན་གཉིས་གོ་འཕང་མཆོག་ལ་འགོད་མཛད་གསོལ། ༦ །བཀྲ་ཤིས་གང་ཞིག་འགྱུར་མེད་ཡོངས་གྲུབ་དབྱིངས། །ཆོས་དང་ཚོགས་ཀྱི་སྙིང་པོ་གཅིག་གྱུར་པའི། །དགེ་མཚན་བདུད་རྩིའི་སྣང་བ་རབ་འབར་བས། །རྣམ་ཀུན་ཤིས་པའི་པདྨོ་རྒྱས་གྱུར་ཅིག༧། ༈ །།ཕྱོགས་དུས་སྲས་བཅས་རྒྱལ་བའི་མཁྱེན་བརྩེ་དང་། །ནུས་པའི་རང་གཟུགས་རིགས་གསུམ་སེམས་དཔའ་ཡི། །ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་རྣམ་རོལ་མཆོག །ས་སྐྱའི་འཇམ་མགོན་བརྒྱུད་པར་བཅས་རྣམས་དང་། །རྒྱལ་བས་ལུང་བསྟན་ངོར་ཆེན་


JKT001_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་འཆང་། །སྙན་བརྒྱུད་མངའ་བདག་ཚར་ཆེན་ཡབ་སྲས་སོགས། །བཤད་སྒྲུབ་བསྟན་འཛིན་རྒྱ་མཚོའི་ཚོགས་རྣམས་ལ། །སྙིང་ནས་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །བདག་གཞན་དུས་གསུམ་བསགས་པའི་ལེགས་བྱས་མཐུས། །དྲི་མེད་ཐུབ་བསྟན་སྤྱི་དང་བརྩེ་བ་ཆེའི། །རིང་ལུགས་ཕྱོགས་དུས་ཀུན་ཏུ་དར་བ་དང་། །ཕན་བདེས་ས་གསུམ་ཁྱབ་པའི་བཀྲ་ཤིས་སྩོལ། །ཅེས་པའང་མཉྫ་གྷོ་ཥས་གསོལ་བ་བཏབ་པ་སིདྡྷི་རསྟུ།། །།

ཁྱབ་བདག་དཔལ་ལྡན་བླ་མ་རྫོགས་པའི་སངས་རྒྱས་ངག་དབང་བསྟན་པའི་ཉི་མའི་གསོལ་འདེབས་སྨོན་ལམ་དང་བཅས་པ་བྱིན་རླབས་པད་དཀར་བཞད་པའི་ཉིན་བྱེད།


JKT001_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཁྱབ་བདག་དཔལ་ལྡན་བླ་མ་རྫོགས་པའི་སངས་རྒྱས་ངག་དབང་བསྟན་པའི་ཉི་མའི་གསོལ་འདེབས་སྨོན་ལམ་དང་བཅས་པ་བྱིན་རླབས་པད་དཀར་བཞད་པའི་ཉིན་བྱེད་ཅེས་བྱ་བ་བཞུགས་སོ། །ངག་དབང་འཇམ་དཔལ་གཞོན་ནུའི་རྣམ་རོལ་ཟླ ནི། །བསྟན་པའི་ཉི་མ་མཆོག་ཏུ་ཡོངས་ཤར་བ། །ཟབ་རྒྱས་ཆོས་ཀྱི་འབྱུང་གནས་གཅིག་པུ་ཆེ། །རིགས་བརྒྱའི་ཁྱབ་བདག་ཆེན་པོར་གསོལ་བ་འདེབས། ༡ །མགོན་ཁྱོད་གདོད་ནས་རྣམ་གྲོལ་མཆོག་བརྙེན་བཞིན། །ཞིང་འདིར་གདུལ་བྱའི་ཚོགས་རྣམས་རྗེས་བཟུང་སླད། །ངོ་མཚར་མཆོག་གི་སྤྲུལ་སྐུའི་ཟློས་གར་གྱིས། །སྲིད་ཞིའི་དགེ་མཚན་རྒྱས་ལ་གསོལ༴ ༢ །ངེས་འབྱུང་སོ་ཐར་ཁྲིམས་ཀྱི་སྨན་ལྗོངས་སུ། །བྱང་ཆུབ་སེམས་གཉིས་ནོར་བུའི་འཁྲི་ཤིང་རྒྱས། །གསང་ཆེན་སྨིན་གྲོལ་འབྲས་བུས་རབ་མཛེས་པ། །སུམ་ལྡན་རྡོ་རྗེ་འཛིན་པར༴ ༣ །ཕྱི་ནང་རིག་གཞུང་མཐའ་དག་གསན་པ་དང་། །བསམ་བྱུང་


JKT001_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་མ་གསུམ་གྱིས་དཔྱོད་པ་དང་། །ཚེ་གཅིག་ལམ་བཟང་བསྒོམ་པའི་སྣང་བ་ཡིས། །ངེས་དོན་མངོན་སུམ་གཟིགས་ལ ༤ འཆད་པས་བློ་ལྡན་བྱེ་བའི་ཡིད་དབང་འཕྲོག །རྩོད་པས་ཕས་རྒོལ་ཀུན་གྱི་ཁེངས་པ་བསྙིལ། །རྩོམ་ཕྲེང་ཐུབ་བསྟན་མཛེས་པའི་རྒྱན་གཅིག་ཏུ། །འགོད་མཁས་སྨྲ་བའི་དབང་པོར ༥ ཀློག་པ་ཐོས་བསམ་འཁོར་ལོས་རྒྱུད་སྦྱངས་ཤིང་། །སྤོང་བ་བསམ་གཏན་བདུད་རྩིས་ལྷག་པར་དགྱེས། །རླབས་ཆེན་བྱ་བ་ལས་ཀྱི་འཁོར་ལོ་ཡིས། །བསྟན་འགྲོའི་ཕན་བདེ་སྤེལ་ལ༴ ༦ མཁྱེན་རབ་མཐའ་ཡས་འཇམ་དཔལ་གཞོན་ནུ་དང་། །བརྩེ་ཆེན་ཐུགས་རྗེའི་རང་གཟུགས་པད་དཀར་འཆང་། །མཐུ་སྟོབས་ཕུལ་བྱུང་གསང་བའི་བདག་པོའི་དངོས། །རིགས་གསུམ་ཀུན་འདུས་ཁྱོད་ལ༴ ༧ མདོར་ན་བླ་མ་མཆོག་གསུམ་ཡི་དམ་ལྷ། །དཔའ་བོ་མཁའ་འགྲོ་ཆོས་སྲུང་ནོར་ལྷར་བཅས། །མགོན་པོ་ཁྱོད་ལས་གཞན་དུ་མ་དམིགས་ཕྱིར། །སྙིང་ནས་གདུང་ཤུགས་དྲག་པོས་གསོལ་བ་འདེབས། ༨ །དེ་ལྟར་གུས་པས་གསོལ་བ་བཏབ་པ་དང་། །སྲས་བཅས་རྒྱལ་བའི་ཐུགས་བསྐྱེད་སྨོན་ལམ་མཐུས། བསྟན་འཛིན་མཆོག་རྣམས་བསྐལ་བརྒྱར་ཞབས་བརྟན་ཅིང་། །བཤད་སྒྲུབ་བསྟན་པ་དར་བར་བྱིན་གྱིས་རློབས། ༩ །བདག་སོགས་མཐའ་ཀླས་ཡིད་ཅན་ཐམས་ཅད་ཀྱང་། །འདི་ནས་བཟུང་སྟེ་བྱང་ཆུབ་


JKT001_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་པོའི་བར། །དཔལ་ལྡན་བླ་མས་འབྲལ་མེད་རྗེས་བཟུང་ནས། །ཐུགས་ཡིད་གཅིག་ཏུ་འདྲེས་པར་བྱིན་གྱིས་རློབས། ༡༠ །དད་དང་ངེས་འབྱུང་བྱང་སེམས་གཏིང་ནས་འབྱོངས། །ཇི་ལྟར་ཁས་བླངས་ཚུལ་ཁྲིམས་རྣམ་པར་དག །རྒྱལ་བའི་བསྟན་ལ་ཐོས་བསམ་སྒོམ་གསུམ་གྱིས། །རང་གཞན་དོན་གཉིས་འགྲུབ་པར་བྱིན ༡༡ མཐར་ཐུག་ཁྱབ་བདག་བླ་མའི་གསང་གསུམ་དང་། དབྱེར་མེད་ཟུང་འཇུག་ཡེ་ཤེས་སྐུ་བརྙེས་ནས། །ཕྱོགས་བཅུ་དུས་གསུམ་རྒྱལ་བ་སྲས་བཅས་ཀྱི། །སྨོན་ལམ་མཐའ་དག་འགྲུབ་པར་བྱིན་གྱིས་རློབས། ༡༢ །བཀྲ་ཤིག་གང་ཞིག་བླ་མ་མཆོག་གསུམ་གྱི། །ཐུགས་རྗེ་ཟླ་བ་བདུད་རྩིའི་འོད་སྣང་གིས། །སྲིད་དང་ཞི་བའི་རྒུད་པ་ཀུན་ཞི་ནས། །ཕན་བདེའི་དགའ་སྟོན་མཆོག་ཏུ་རྒྱས་གྱུར་ཅིག ༡༣ །ཅེས་ཁྱབ་བདག་དཔལ་ལྡན་བླ་མ་རྫོགས་པའི་སངས་རྒྱས་དཔལ་སྟག་ལུང་པ་ཆེན་པོར་ངག་དབང་བསྟན་པའི་ཉི་མ་ཆོས་ཀྱི་འབྱུང་གནས་ཕྲིན་ལས་རྣམ་པར་རྒྱལ་བའི་སྡེ་ཞེས་མཚན་སྙན་སྲིད་ཞིའི་བླ་ན་མངོན་པར་མཐོ་བ་གང་གི་དོན་གྱི་རྣམ་པར་ཐར་པ་དང་རྗེས་སུ་འབྲེལ་བའི་གསོལ་འདེབས་སྨོན་ལམ་དང་བཅས་པའི་ཚིགས་སུ་བཅད་པ་ཉུང་ངུ་འདིའང་། མཚུངས་མེད་བསྟན་པའི་ཉིན་བྱེད་མཆོག་སྤྲུལ་རིན་པོ་ཆེ་ངག་དབང་གྲགས་པ་ཡོངས་ཁྱབ་དགེ་ལེགས་རབ་རྒྱས་བྱང་ཆུབ་མྱུ་གུ་དཔལ་བཟང་པོས་བཀའ་སྩལ་རིན་པོ་ཆེའི་མེ་ཏོག་དང་བཅས་ཏེ་བསྐུལ་བ་ལྟར། བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་གང་ཤར་གསོལ་བ་བཏབ་པའི་དགེ་བས་བདག་གཞན་ཀུན་གྱི་རྒྱུད་ལ་ཁྱབ་བདག་བླ་མའི་ཡེ་ཤེས་གཟིགས་པའི་བྱིན་རླབས་མྱུར་དུ་འཇུག་པའི་རྒྱུར་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། །།

མཚུངས་མེད་བཀའ་འགྱུར་བ་འཇམ་དབྱངས་ལེགས་བཤད་རྒྱ་མཚོ་ལ་གསོལ་འདེབས་པ་དད་པའི་རྣ་རྒྱན།


JKT001_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

མཚུངས་མེད་བཀའ་འགྱུར་བ་འཇམ་དབྱངས་ལེགས་བཤད་རྒྱ་མཚོ་ལ་གསོལ་འདེབས་པ་དད་པའི་རྣ་རྒྱན་ཅེས་བྱ་བ་བཞུགས་སོ། །སྲས་བཅས་རྒྱལ་བའི་ཡབ་གཅིག་འཇམ་པའི་དབྱངས། །ཐེག་མཆོག་དགེ་བའི་བཤེས་ཀྱི་ཚུལ་བཟུང་བ། །ལེགས་བཤད་རྒྱ་མཚོ་སྨྲ་ལ་ཟླ་མེད་པའི། །དཔལ་ལྡན་མཁས་པའི་དབང་པོར་གསོལ་བ་འདེབས། །སོ་ཐར་ཁྲིམས་ཀྱི་མཐོ་རིས་དགའ་ཚལ་དུ། །བྱང་ཆུབ་སེམས་གཉིས་དཔག་བསམ་རྒྱས་པ་ལ། །བདེ་སྟོང་མཆོག་གི་འབྲས་བུས་རབ་མཛེས་པས། །བཙུན་པའི་ཁྱུ་མཆོག་ཆེན་པོར་གསོལ་བ་འདེབས། །མང་དུ་གསན་བསམ་སྒོམ་པའི་མཐར་སོན་ནས། །ཡོངས་རྫོགས་བསྟན་ལ་འཆད་རྩོད་རྩོམ་གསུམ་གྱིས། །བཟང་པོའི་ཕྲིན་ལས་ནམ་མཁའི་མཐའ་ཁྱབ་བཞིན། །བསྐལ་བརྒྱར་ཞབས་བརྟན་ཆོས་འཁོར་བསྐོར་གྱུར་ཅིག །དེ་ལྟར་མི་ཕྱེད་གུས་པས་གསོལ་བཏབ་མཐུས། །སྐྱབས་གནས་ཀུན་འདུས་རྗེ་བཙུན་བླ་མ་ཡིས། །ཕུལ་བྱུང་མཁྱེན་བརྩེ་ནུས་པའི་ཡེ་ཤེས་ཀྱིས། །བདག་ཅག་བྱང་ཆུབ་བར་དུ་རྗེས་སུ་ཟུངས། །ཚུལ་གནས་ཐོས་བསམ་སྒོམ་པའི་བདུད་རྩི་ཡིས། །སྲིད་དང་ཞི་བའི་གདུང་བ་ཀུན་སེལ་ཞིང་། །ཐུབ་བསྟན་བཤད་སྒྲུབ་སྣང་བས་འཇིག་རྟེན་ན། །ཕན་བདེའི་པདྨོ་རྒྱས་པའི་བཀྲ་ཤིས་ཤོག །


JKT001_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་པའང་ཆོས་རྗེ་བླ་མ་དམ་པ་ཨཱ་ནན་མཉྫགྷོ་ཥས་ལྷ་རྫས་ཀྱི་མེ་ཏོག་དང་བཅས་ཏེ་བསྐུལ་བ་བཞིན། བསྟོད་ཡུལ་དམ་པ་གང་དེའི་ལེགས་གསུང་གི་བདུད་རྩི་ཅུང་ཟད་ཐོས་པ་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་མངོན་པར་དྭངས་པའི་ཡིད་ཀྱིས་གསོལ་བ་བཏབ་པ་དགེ་ལེགས་སུ་གྱུར་ཅིག །།

འཇམ་དབྱངས་སྙིང་རྗེའི་ཟླ་བ་སོགས།


JKT001_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི་སིདྡྷཾ། འཇམ་དབྱངས་སྙིང་རྗེའི་ཟླ་བ་སྲིད་པ་ན། །མངོན་སུམ་བཞིན་དུ་འཆར་བའི་དགེ་མཚན་གྱིས། །ལེགས་བཤད་རྒྱ་མཚོ་འཕེལ་བའི་གྲགས་དཀར་ཅན། །རྣམ་ཀུན་འཆི་མེད་རྟག་པ་ཉིད་གྱུར་ཅིག ༡ །བསོད་ནམས་བརྒྱ་ལས་གྲུབ་པའི་མཚན་དཔེའི་དཔལ། །ངེས་པར་ཞིང་ཁམས་འདི་ལས་ཡོལ་མེད་པས། །ཡིད་སྲུབས་སྡེར་བཅས་ཁེངས་པ་འཕྲོག་པ་དང་། །གདུལ་བྱའི་སྐལ་བཟང་མཆོག་ཏུ་རྒྱས་གྱུར་ཅིག ༢ །ཚིག་གི་ཟེགས་མ་རེར་ཡང་དོན་བཟང་གི །བདུད་རྩིའི་ཕུང་པོ་མཐའ་ཀླས་སྤྲོ་བའི་གསུང་། །རྟག་པར་འགྲོ་འདིའི་དཔྱིད་དུ་འབབས་པ་ཡིས། །ཐུབ་བསྟན་ཉིན་ལས་ཉིན་མོར་མཛད་གྱུར་ཅིག ༣ །གང་ཐུགས་སྤྲུལ་པའི་ཕ་རོལ་ལས་འདས་ཀྱང་། །མཁྱེན་བརྩེའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི། །གཟིགས་པས་བདག་སོགས་མོས་པའི་ཡིད་ཅན་རྣམས། །གཅིག་ཏུ་དགྱེས་བཞིན་རྗེས་སུ་བཟུང་གྱུར་ཅིག ༤ །རྨད་བྱུང་ཡོན་ཏན་ནོར་བུའི་བསིལ་ཡབ་ནི། །བཟུང་བ་མེད་པར་ཕྱོགས་ཀྱི་མཐར་འགྲོ་བའི། །ཕྲིན་ལས་འཇིག་རྟེན་དགེ་བའི་ངལ་འཚོའི་ཕུལ། །རྟག་ཅིང་ཁྱབ་དང་ལྷུན་


JKT001_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་གྲུབ་གྱུར་ཅིག ༥ །མདོར་ན་ཁྱོད་ཞབས་བསྐལ་བརྒྱར་བརྟན་པ་དང་། །བཤད་སྒྲུབ་སྣང་བས་ས་གསུམ་ཁྱབ་པ་དང་། །དེས་ཀྱང་བསྟན་འགྲོའི་ཕན་བདེ་ཡོངས་རྫོགས་པའི། །དགེ་ལེག་མཐའ་དག་ལྷན་ཅིག་རྒྱས་གྱུར་ཅིག ༦ །དེ་ལྟར་རྩེ་གཅིག་སྨོན་པའི་གནས་སྐབས་ཀུན། །བླ་མ་མཆོག་གསུམ་ཐུགས་རྗེའི་འཇུག་པ་ཡིས། །གེགས་ཀྱི་སྦྱོར་བས་ནམ་ཡང་མི་ཕྱེད་པར། །བཀྲ་ཤིས་སྣང་བས་རྟག་ཏུ་མཛེས་གྱུར་ཅིག ༧ །སརྦ་མངྒ་ལཾ།། །།སུཤེ ཡསྶདཱསཱརསཱནྟཾནཱམཤརཎནཱཐཛཡེནྡྲ་ཤཱི མཧཱཀརྨཀསྱཔཱདཏི ཥཱདྷེཥཎཱ་སྟི།

སྐྱབས་མགོན་རྒྱལ་བའི་དབང་པོས་དཔལ་ཀ་རྨ་པ་ཆེན་པོའི་ཞབས་བརྟན་གསོལ་འདེབས་དགེ་ལེགས་རྟག་པ་དམ་པའི་དབྱངས་སྙན།


JKT001_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་མགོན་རྒྱལ་བའི་དབང་པོས་དཔལ་ཀ་རྨ་པ་ཆེན་པོའི་ཞབས་བརྟན་གསོལ་འདེབས་དགེ་ལེགས་རྟག་པ་དམ་པའི་དབྱངས་སྙན་ཅེས་བྱ་བ་བཞུགས་སོ། །༈ སྡེབ་སྦྱོར་ཐེས་པས་ཆུབ་པར་རྟེན་འབྲེལ་དགེ་བར་བཤད་པ་མ་ས་ཛ་ག་སྟེ་དག་པའི་སྣང་བ་ཞེས་བྱ་བའི་པྲསྟྲ་རས་མཛེས་པར་བྱས་པ་ཛ་ཡནྟུ། ཤྲཱིམཱཾཔུཏྲསཛིཏྠུབྷཱབཏཱ ཀུལླཚཱབིབཧཱུྃཛམཧཱབིབྷུ༔ ན་བཛཙརླབརསྱཱཡཱནབཱ ཛཱིབནཱསུརནནྟབྷབཏཱ


JKT001_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་སྲས་བཅས་རྒྱལ་བའི་ངོ་བོར་ཉིད། །རྣམ་མང་རིགས་རྣམས་ཀུན་གྱི་ཁྱབ་བདག་ཆེ། །ཐེག་པ་མཆོག་གི་རྡོ་རྗེའི་སློབ་དཔོན་ཚུལ། །ཚེ་མཐའ་ཡས་པའི་ངོ་བོར་འཚོ་གཞེས་གསོལ། ༡ ། དགེ་ལེགས་མཚན་གྱི་ཉི་མ་གསར་པའི་གཟིས། །ཡིད་སྲུབས་སྡེར་བཅས་མུན་པ་ཀུན་བཅོམ་ནས། །ཕན་བདེའི་སྣང་བས་ས་གསུམ་ཁྱབ་མཛད་པ། །རྣམ་པར་རྒྱལ་མའི་ངོ་བོར་འཚོ་གཞེས་གསོལ། ༢ ། ཕྱོགས་དུས་རྣམ་འདྲེན་ཡོངས་ཀྱི་ཡེ་ཤེས་སྐུ། །མཆོག་གི་སྤྲུལ་པའི་སྒྱུ་འཕྲུལ་དྲྭ་བ་ཅན། །དྲན་པས་སྲིད་དང་ཞི་བའི་གདུང་སེལ་བ། །ཡིད་བཞིན་འཁོར་ལོའི་ངོ་བོར་འཚོ་གཞེས་གསོལ། ༣ །བགྲང་ཡས་ཆོས་ཀུན་འདོམས་པའི་རྡོ་རྗེའི་གསུང་། །རབ་འབྱམས་ཞིང་རྣམས་ཀུན་དང་ཁྱད་པར་དུ། །གངས་ཅན་བསྟན་འགྲོ་ཡོངས་ཀྱི་སྨན་གཅིག་པུར། །འཇིག་རྟེན་དབང་ཕྱུག་ངོ་བོར་འཚོ ༤ ཇི་ལྟའི་གནས་ལུགས་གཟིགས་པའི་འོད་གསལ་ཐུགས། །ཇི་སྙེད་ཤེས་བྱའི་ཡུལ་དང་སྙོམས་འཇུག་པས། །འཆི་མེད་རྟག་པའི་བདེན་དོན་མངོན་གྱུར་པ། །མཚོ་སྐྱེས་བླ་མའི་ངོ་བོར་འཚོ༴ ༥ མད་བྱུང་བསམ་མི་ཁྱབ་པའི་ཡོན་ཏན་གྱི། །རྣམ་ཐར་སྟོབས་བཅུ་མངའ་བ་མཐའ་དག་དང་། །དབྱེར་མེད་རིག་དང་བརྩེ་བ་རྒྱ་མཚོའི་སྤྲིན། །དྲུག་པ་སེང་གེའི་ངོ་བོར་འཚོ༴ ༦ མཐའ་ཡས་འགྲོ་བ་འདུལ་བའི་ཕྲིན་ལས་མཆོག །


JKT001_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བ་སྲིད་དུ་རྟག་ཅིང་ཁྱབ་པ་དང་། །ལྷུན་གྱིས་གྲུབ་པའི་དཔལ་ལ་དབང་འབྱོར་བ། །སྲས་བཅས་རྒྱལ་ཀུན་ངོ་བོར་འཚོ་གཞེས་གསོལ། ༧ །མདོར་ན་སྐྱབས་གནས་ཀུན་འདུས་ཐུགས་རྗེའི་གཏེར། །བསྐལ་བརྒྱར་འཚོ་གཞེས་ཆོས་འཁོར་བསྐོར་བ་ཡིས། །སྒྲུབ་བརྒྱུད་སྙིང་པོའི་བསྟན་པ་རྒྱས་པ་དང་། །དོན་གཉིས་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་སྩོལ། །ཅེས་པའང་མཚུངས་མེད་བསྟན་འགྲོའི་དཔལ་མགོན་རྗེ་དབོན་མཆོག་གི་སྤྲུལ་པའི་སྐུ་རིན་པོ་ཆེ་རྣམ་པ་གཉིས་དང་རྗེ་བཙུན་བི་ཛ་ཡས་གནས་དུས་ཀྱི་དགེ་མཚན་ཕུན་སུམ་ཚོགས་པའི་སྐབས་སུ་བཀྲ་ཤིས་པའི་ལྷ་རྫས། རིན་པོ་ཆེའི་མེ་ཏོག་དང་བཅས་ཏེ་བཀའ་སྩལ་ནོར་བུའི་ཕྲེང་བ་ཕེབས་པ་སྤྱི་བོས་མཆོད་དེ། །བྱ་བྲལ་སྤོང་བ་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་ཞབས་བརྟན་བཟླས་བརྗོད་ལ་བརྩོན་པའི་ཐུན་མཚམས་སུ་བསམ་པ་དག་ཅིག་སྦྱོར་བ་གུས་པས་གསོལ་བ་བཏབ་པ་དེ་དེ་བཞིན་དུ་འགྲུབ་པར་བླ་མ་རྒྱལ་བ་སྲས་དང་བཅས་པས་བྱིན་གྱིས་བརླབ་ཏུ་གསོལ།། །།

དཔལ་ཀརྨ་པ་ཆེན་པོའི་མཆོག་གི་སྤྲུལ་པའི་སྐུ་མྱུར་དུ་འབྱོན་པར་གསོལ་བ་འདེབ་པ་དགེ་ལེགས་ཕན་བདེའི་དབྱངས་སྙན།


JKT001_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཀརྨ་པ་ཆེན་པོའི་མཆོག་གི་སྤྲུལ་པའི་སྐུ་མྱུར་དུ་འབྱོན་པར་གསོལ་བ་འདེབ་པ་དགེ་ལེགས་ཕན་བདེའི་དབྱངས་སྙན་ཅེས་བྱ་བ་བཞུགས་སོ། །ཨོཾ་སྭ་སྟི་སིདྡྷཾ། མཁའ་ཁྱབ་སྲས་བཅས་རྒྱལ་བ་ཐམས་ཅད་ཀྱི། །རྡོ་རྗེ་གསུམ་གྱི་ཡེ་ཤེས་གཅིག་བསྡུས་པ། །འཇིག་རྟེན་དབང་ཕྱུག་རྗེ་བཙུན་ཀརྨ་པ། །སྐྱབས་གཅིག་བླ་མ་འབོད་དོ་བརྩེ་བས་དགོངས། །མགོན་ཁྱོད་སྤྲུལ་པའི་སྣང་བརྙན་བསྡུས་པ་ཡིས། །ཡོངས་རྫོགས་བསྟན་དང་འགྲོ་བའི་ཚོགས་རྣམས་ཀུན། །ཉམ་ཐག་


JKT001_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་མེད་གྱུར་པ་འདི་གཟིགས་ནས། །དམིགས་མེད་སྙིང་རྗེའི་ཡེ་ཤེས་དེང་འདིར་བསྐྱེད། །མཆོག་གི་སྤྲུལ་པའི་སྒྱུ་འཕྲུལ་མྱུར་དུ་འཆར། །བསྐལ་བརྒྱར་ཞབས་བརྟན་ཕྲིན་ལས་རྒྱུན་གྱིས་རྟག །ཐུབ་བསྟན་སྤྱི་དང་དཔལ་ལྡན་ཀརྨ་པའི། །རིང་ལུགས་ཕྱོགས་བརྒྱར་འཕེལ་བའི་བཀྲ་ཤིས་སྩོལ། །ཅེས་པ་དད་དམ་རྨད་བྱུང་ཟླ་ནང་ཀར་དགའ་མཆོག་གི་གསུང་ངོར། འཇམ་དབྱངས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་རྩེ་གཅིག་གུས་པས་གང་ཤར་ཤུགས་འབྱུང་དུ་གསོལ་བ་བཏབ་པ་དེ་དེ་བཞིན་དུ་འགྲུབ་པར་བླ་མ་རྒྱལ་བ་སྲས་དང་བཅས་པས་བྱིན་གྱིས་བརླབ་ཏུ་གསོལ།། །།

སྐྱབས་མགོན་རྒྱལ་བའི་དབང་པོ་དཔལ་ཀརྨ་པ་ཆེན་པོའི་མཆོག་གི་སྤྲུལ་པའི་སྐུའི་ཞབས་བརྟན་གསོལ་འདེབས་འཆི་མེད་རྟག་པ་དམ་པའི་དབྱངས་སྙན།


JKT001_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་མགོན་རྒྱལ་བའི་དབང་པོ་དཔལ་ཀརྨ་པ་ཆེན་པོའི་མཆོག་གི་སྤྲུལ་པའི་སྐུའི་ཞབས་བརྟན་གསོལ་འདེབས་འཆི་མེད་རྟག་པ་དམ་པའི་དབྱངས་སྙན་ཅེས་བྱ་བ་བཞུགས་སོ། ཨོཾ་སྭསྟི་སིདྡྷཾ། དཔལ་ལྡན་སངས་རྒྱས་ཀུན་དངོས་ཀརྨ་པ། །སངས་རྒྱས་ཀུན་ལས་ལྷག་པའི་ཐུགས་རྗེའི་གཏེར། །ཐུགས་རྗེའི་དབང་ཕྱུག་འཕགས་པ་སྤྱན་རས་གཟིགས། །བསྐལ་པ་རྒྱ་མཚོ་འཚོ་གཞེས་བརྟན་གྱུར་ཅིག ༡ །མཁྱེན་གསུམ་ལ་བརྟེན་སྦྱོར་བཞིའི་མཐར་སོན་པའི། །རྣམ་གྲོལ་ཆོས་སྐུའི་ཡེ་ཤེས་གཟུགས་ཀྱི་ཚུལ། །ངེས་པ་ལྔ་ལྡན་ལོངས་སྤྱོད་ཆེན་པོའི་སྐུ། །ཚེ་དཔག་མེད་མགོན་ངོ་བོར་འཚོ་གཞེས་གསོལ། ༢ །མངོན་སུམ་རྗེས་དཔག་རིག་པའི་སྣང་བ་ཡིས། །ཟག་བཅས་ཟག་མེད་ཤེས་བྱ་ཇི་བཞིན་གཟིགས། །ངེས་འབྱུང་ཆོས་འདུལ་བདུད་རྩིའི་ཆར་འབེབས་


JKT001_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་། །ཡིད་བཞིན་འཁོར་ལོའི་ངོ་བོར ༣ གཟོད་ནས་སྟོང་དང་རྟེན་འབྱུང་མི་ཕྱེད་པའི། །བདེན་གཉིས་ཟུང་འཇུག་དབུ་མའི་ཚུལ་རིག་པས། །མཐར་འཛིན་ཡིད་སྲུབས་ཚོགས་ཀུན་ཕམ་མཛད་ཐུགས། །རྣམ་པར་རྒྱལ་མའི་ངོ་བོར་འཚོ༴ ༤ གཉུག་མའི་ལུས་སེམས་དངོས་པོའི་གནས་ལུག་གཟིགས། །ཐབས་གྲོལ་ལམ་ལས་འབྲས་བུ་སྐྱེ་བའི་རིམ། །ཁ་སྦྱོར་འདུན་ལྡན་ཡོན་ཏན་མཆོག་བརྙེས་པ། །ཀུན་ཏུ་འཆང་བའི་ངོ་བོར་འཚོ༴ ༥ གཞི་རྒྱུད་ལྷག་པའི་ཆོས་སྐུ་མངོན་དུ་གྱུར། །ལམ་རྒྱུད་རིམ་ལྔ་མཐར་ཕྱིན་རིག་པ་འཛིན། །འབྲས་རྒྱུད་སྐུ་དང་ཡེ་ཤེས་ཕྲིན་ལས་གཏེར། །མཆོ་སྐྱེས་བླ་མའི་ངོ་བོར་འཚོ་གཞེས་གསོལ། ༦ །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །རྗེ་བཙུན་བླ་མའི་ཞབས་པད་བསྐལ་བརྒྱར་བརྟན། །ཟབ་རྒྱས་ཆོས་འཁོར་རྣམ་པ་ཀུན་ཏུ་བསྐོར། །བཤད་སྒྲུབ་དགའ་སྟོན་འཕེལ་བར་བྱིན་གྱིས་རློབས། ༧ །ཐུབ་བསྟན་སྤྱི་དང་དཔལ་ལྡན་ཀརྨ་པའི། །རིང་ལུགས་ཕྱོགས་དུས་ཀུན་ཏུ་རྒྱས་པ་དང་། །བདག་སོགས་འགྲོ་ཀུན་བླ་མས་རྗེས་བཟུང་ནས། །དོན་གཉིས་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་སྩོལ། ༨ །ཅེས་རྩེ་གཅིག་གུས་པའི་ཡིད་ཀྱིས་གསོལ་བ་འདེབས་མཚོན་བཀྲ་ཤིས་པའི་ལྷ་གོས་རབ་དཀར་འཆི་མེད་སྐུ་གསུམ་ཐུགས་རྡོ་རྗེའི་སྣང་བརྙན། སྐུ་ཚེ་དང་མཁྱེན་རབ་སྤེལ་བའི་རིལ་བུ། མི་འགྱུར་བའི་རིན་ཆེན་དང་པོ་ཞོ་འཁོར་ཡེ་ཤེས་ལྔའི་གྲངས་ལྡན་བཅས་བོད་ཆེན་སྡེ་དགེའི་མངའ་རིས་རྫོང་སར་བཀྲ་ཤིས་ལྷ་རྩེའི་


JKT001_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་གཏན་གྱི་སྐྱིལ་ཆུང་ནས། མགོན་པོ་གང་གི་བཀའ་འབངས་ཀྱི་ཐ་ཆུང་བྱ་བྲལ་སྤོང་བ་པའི་གཟུགས་བརྙན་འཇམ་དབྱངས་མཁྱེན་བརྩེའི་དབང་པོའམ། མཚོ་སྐྱེས་བླ་མ་དགྱེས་པའི་འབངས་པདྨ་འོད་གསལ་མདོ་སྔགས་གླིང་པས་བསམ་པ་དག་ཅིང་སྦྱོར་བ་གུས་པས་འབུལ་ལམ་ཞུ་ན་དེ་དེ་བཞིན་དུ་འགྲུབ་པར་བླ་མ་རྒྱལ་བ་སྲས་དང་བཅས་པས་བྱིན་གྱིས་བརླབ་ཏུ་གསོལ། སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། །།

ཀུན་གཟིགས་སི་ཏུ་རིན་པོ་ཆེའི་མཆོག་སྤྲུལ་རྒྱལ་བའི་མྱུ་གུ་དམ་པར་ཞབས་བརྟེན་ལེག་སྐྱེས་སུ་གསོལ་བའི་འཆི་མེད་རྟག་པ་དམ་པའི་དབྱངས་སྙན།


JKT001_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་གཟུགས་སི་ཏུ་རིན་པོ་ཆེའི་མཆོག་སྤྲུལ་རྒྱལ་བའི་མྱུ་གུ་དམ་པར་ཞབས་བརྟེན་ལེག་སྐྱེས་སུ་གསོལ་བའི་འཆི་མེད་རྟག་པ་དམ་པའི་དབྱངས་སྙན་ཅེས་བྱ་བ་བཞུགས་སོ། །༈ ཙྪནྡཤུདྡྷདཱིཔྟསྟཱིརེ། སུཤྲེཡོཊམྲྀཏགནྡྷརཱུཔྱཔཱ ཛྙནཱནཾབརབྷསམབྷཱུཏཾ། །སརྦནནྟཀུལམཧཱབིབྷཱུ རྫིབནྟསཱབྷཔཱདིནཱཐཀཾ། དགེ་ལེགས་བདུད་རྩིའི་སྙིང་པོ་གཟུགས་ཅན་ཞེས། །ཡེ་ཤེས་མཆོག་གི་སྣང་བ་རྨད་བྱུང་བ། །མཐའ་ཡས་རིགས་རྣམས་ཀུན་གྱི་ཁྱབ་བདག་ཆེ། །ཐོག་མའི་མགོན་པོའི་ངོ་བོར་འཚོ་གཞེས་གསོལ། ༡།


JKT001_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་སྐུ་བཀོད་པ་རྒྱ་མཚོའི་སྤྲིན་ཆེན་པོ། །འཕགས་རྣམས་སྤྱོད་ཡུལ་ལས་ཀྱང་ཆེས་བརྒལ་བ། །འཆི་མེད་དངོས་གྲུབ་སྟེར་བའི་དཔྱིད་གཅིག་པུ། །ཚེ་དཔག་མེད་མགོན་ངོ་བོར་འཚོ༴ ༢ བསྐལ་བཟང་རྣམ་འདྲེན་བཞི་པའི་རྒྱལ་ཚབ་ཏུ། །ས་བཅུའི་དབང་ཕྱུག་མཆོག་གི་རྣམ་རོལ་གྱིས། །དགའ་ལྡན་ཆོས་ཀྱི་འདུན་ས་སྣང་བའི་དཔལ། །མ་ཕམ་མགོན་པོའི་ངོ་བོར་འཚོ༴ ༣ ཀ་དག་གཉུག་མའི་རིགས་གདངས་སྣང་བཞིའི་ལམ། མཐར་ཕྱིན་ཟུང་འཇུག་གྲུབ་པའི་དབྱངས་སྙན་པོས། །སྲིན་ཞིའི་ཕ་མཐར་ཁྱབ་མཛད་རིག་པ་འཛིན། །དཔལ་གྱི་སེང་གེའི་ངོ་བོར་འཚོ༴ ༤ ཕྱོགས་དུས་རྒྱལ་བ་ཀུན་གྱི་ཡེ་ཤེས་- བྱིན། །འཇའ་ལུས་རྡོ་རྗེའི་ལང་ཚོར་རབ་ཆགས་པས། །འཛམ་གླིང་ཆེ་བའི་རིག་སྔགས་མཐུ་གྲུབ་པ། །མཚོ་སྐྱེས་བླ་མའི་ངོ་བོར་འཚོ༴ ༥ སྟོང་ཉིད་ཕྱག་རྒྱ་ཆེན་མོར་རྗེས་རོལ་པས། །བདེ་ཆེན་སྙིང་རྗེའི་གཟི་བརྒྱ་རབ་འབར་བ། །གནས་གསུམ་མཁའ་འགྲོ་རྒྱ་མཚོའི་དྲྭ་བ་སྡོམ། །གཡུང་པོ་ཁྲག་འཐུང་ངོ་བོར་འཚོ༴ ༦ རྟག་ཏུ་ལྷན་ཅིག་སྐྱེས་དགས་རབ་དགྱེས་པ། །རྡོ་རྗེ་འཛིན་པ་ཡོངས་ཀྱི་འཁོར་ལོས་སྒྱུར། །གངས་ཅན་རིག་འཛིན་ཐེག་པའི་ཤིང་རྟ་མཆོག །མར་སྟོན་ཆེན་པོའི་ངོ་བོར་འཚོ་ཞེས་གསོལ། ༧ །མདོར་ན་སྲས་བཅས་རྣམ་འདྲེན་མཐའ་དག་གི །ཡེ་ཤེས་གཅིག་བསྡུས་རྗེ་བཙུན་སྤྲུལ་པའི་སྐུ། །བསྐལ་།


JKT001_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱར་འཚོ་གཞེས་ཆོས་འཁོར་བསྐོར་བ་དང་། །ཕྲིན་ལས་སྣང་བས་ས་གསུམ་ཁྱབ་པར་གསོལ། ༨ །ཅེས་དོན་དང་ལྡན་པའི་གསོལ་འདེབས་ཀྱི་ཚིགས་སུ་བཅད་པ་བཀྲ་ཤིས་པའི་དབྱངས་ཀྱི་རོལ་མོ་སྙན་པར་འཁྲོལ་བས་མདུན་བསུས་ཏེ། གང་སྐུ་བྱམས་བསྟན་མ་ཤར་བར་དུ་འཚོ་ཞིང་གཞེས་པའི་རྟེན་འབྱུང་དུ་རྒྱལ་བ་མ་ཕམ་པའི་སྣང་བརྙན་གསེར་ཟངས། གང་གསུང་ཐུབ་བསྟན་མཐའ་དག་གི་སྣང་བྱེད་གཅིག་པུར་གདོད་ནས་ཡོངས་སུ་གྲུབ་པའི་བརྡར་བྱམས་ཆོས་སྡེ་ལྔའི་གླེགས་བམ། །གང་ཐུགས་སྟོང་ཉིད་སྙིང་རྗེ་མི་ཕྱེད་པའི་གཟིགས་པས་བདག་ཅག་གདུལ་བྱ་རྣམས་ལ་རྟག་ཏུ་དགོངས་པའི་རྟེན་འབྲེལ་དུ་རྡོ་རྗེ་དྲིལ་བུ། ལིང༔སོགས་འབུལ་ཐོ་ཤོག་དྲིལ་ལྟར་རོ།། །།

ཀུན་གཟིགས་ཏཱའི་སི་ཏུ་རིན་པོ་ཆེ་མཆེད་ཞལ་དང་བཅས་པའི་ཞབས་བརྟན་གསོལ་འདེབས་འཆི་མེད་གྲུབ་བའི་དབྱངས་སྙན།


JKT001_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་གཟིགས་ཏཱའི་སི་ཏུ་རིན་པོ་ཆེ་མཆེད་ཞལ་དང་བཅས་པའི་ཞབས་བརྟན་གསོལ་འདེབས་འཆི་མེད་གྲུབ་བའི་དབྱངས་སྙན་ཅེས་བྱ་བ་བཞུགས་སོ། །ཨོཾ་སྭསྟི་སིདྡྷི་རསྟུ། དཔལ་ལྡན་བཀྲ་ཤིས་བྱེ་བའི་འབྱུང་གནས་མཆོག །ངེས་དོན་བསྟན་པའི་རྒྱལ་མཚན་སྒྲེང་མཁས་པ། །གདོད་ནས་འགྱུར་མེད་རྒྱུན་གྱིས་རྟག་པའི་སྐུ། །ཚེ་མཐའ་ཡས་པའི་ངོ་བོར་འཚོ་གཞེས་གསོལ། ༡ །འཇིགས་མེད་ལུང་དང་རིག་པའི་དབྱངས་སྙན་པོས། །མཁའ་ཁྱབ་གདུལ་བྱའི་དོན་ཀུན་ལྷུན་གྲུབ་པ། །ཆོས་སྒོ་མཐའ་ཡས་ལེགས་གསུང་རྒྱ་མཚོའི་གཏེར། །ཡིད་བཞིན་འཁོར་ལོའི་ངོ་བོར་འཚོ༴ ༢ ཟབ་གསལ་དབྱེར་མེད་ཤིན་ཏུ་རྣམ་དག་པའི། །སྨྲ་བའི་ཉི་མ་ཆེན་པོའི་སྣང་བ་ཡིས། །མཐའ་གཉིས་རྒུད་པའི་མུན་པ་ཕམ་མཛད་ཐུགས། །རྣམ་པར་རྒྱལ་མའི་ངོ་


JKT001_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

བོར་འཚོ༴ ༣ པདྨ་འདབ་མ་རྒྱས་པའི་སྤྱན་ཡངས་ཅན། །ཀུན་བཟང་སྤྱོད་པའི་སྨོན་ལམ་ཡོངས་རྫོགས་པ། །ཁམས་གསུམ་ཆོས་ཀྱི་རྒྱལ་པོ་མཚུངས་མེད་མཆོག །ཤཱཀྱ་སེང་གེའི་ངོ་བོར་འཚོ༴ ༤། །གང་འདུལ་ཕྲིན་ལས་གསེར་གྱི་འཁོར་ལོ་ཡིས། །ཡིད་སྲུབས་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེ། །སྲས་བཅས་སྟོབས་བཅུ་མངའ་བའི་རྒྱལ་ཚབ་ཆེ། །མ་ཕམ་མགོན་པོའི་ངོ་བོར་འཚོ་གཞེས་གསོལ། ༥ ། མདོར་ན་སངས་རྒྱས་གཉིས་པ་མཚོ་སྐྱེས་རྗེའི། །འཁྲུལ་མེད་རྡོ་རྗེའི་ལུང་གིས་རབ་བསྔགས་པ། །ས་སྟེང་འགྲན་ཟླ་བྲལ་བའི་རྣམ་འདྲེན་དབང་། །བསྐལ་བརྒྱར་འཚོ་གཞེས་ཕྲིན་ལས་རྒྱས་གྱུར་ཅིག །གང་གི་བསྟན་པ་རྒྱ་མཚོའི་གོས་ཅན་ཀུན། །སྣང་མཛད་རྒྱལ་བའི་མྱུ་གུ་མཆོག་རྣམས་ཀྱང་། །ཚེ་དཔག་མེད་བཞིན་སྐུ་ཚེ་རབ་ཏུ་བརྟན། །ལེགས་མཛད་ས་གསུམ་ཁྱབ་ཅིང་རྟག་པར་ཤོག ༧ །བླ་མ་ལྷ་དང་མཁའ་འགྲོའི་བྱིན་རླབས་ཀྱིས། །བསྟན་འཛིན་ཞབས་བརྟན་བཤད་སྒྲུབ་བསྟན་པ་དར། །སྣོད་བཅུད་མི་མཐུན་ཕྱོགས་ཀུན་ཞི་བ་དང་། །ཕན་བདེའི་དགེ་ལེགས་འཕེལ་བའི་བཀྲ་ཤིས་ཤོག ༨ །ཅེས་པའང་བྱ་བྲལ་ཆོས་རྗེ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའམ། །ཀརྨ་བསྟན་པའི་ཉི་མ་བཤད་སྒྲུབ་ཆོས་ཀྱི་སེང་གེ་རང་ཉིད་ཀྱིས་མངོན་པར་དད་པའི་ཡིད་ཀྱི་ཀུན་ནས་བསླངས་ཏེ། རབ་བྱུང་བཅོ་ལྔ་པའི་ས་འབྲུག་ཆོ་འཕྲུལ་ཟླ་བའི་དཀར་ཕྱོགས་ཀྱི་དགའ་བ་དང་པོར་རྟེན་འབྱུང་གི་


JKT001_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

མཎྜལ་དང་བཅས་ཆེད་དུ་གསོལ་བ་བཏབ་པ། སླར་ཡང་ཀརྨ་སྨོན་ལམ་འོན་ཟེར་སོགས་དད་ཅིང་འདུན་པའི་བློ་ཅན་རྣམས་ཀྱིས་བསྐུལ་བ་ལྟར་ཡི་གེ་གཉིས་པར་སྤེལ་བ་དེ་དེ་བཞིན་དུ་འགྲུབ་པར་བླ་མ་རྒྱལ་བ་སྲས་དང་བཅས་པས་བྱིན་གྱིས་བརླབ་ཏུ་གསོལ།། །།

རྒྱལ་བ་གཉིས་པ་རྡོ་རྗེ་འཆང་ཀུན་དགའ་བཟང་པོ་ལ་གསོལ་བ་འདེབས་པ་བྱིན་རླབས་བདུད་རྩིའི་ཆར་འབེབས


JKT001_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བ་གཉིས་པ་རྡོ་རྗེ་འཆང་ཀུན་དགའ་བཟང་པོ་ལ་གསོལ་བ་འདེབས་པ་བྱིན་རླབས་བདུད་རྩིའི་ཆར་འབེབས་ཞེས་བྱ་བ་བཞུགས་སོ། །དཔལ་ལྡན་རྡོ་རྗེ་འཆང་དངོས་གདུལ་བྱའི་ངོར། །ཀུན་དགའི་མཚན་དཔེའི་སྣང་བར་ཤར་ཙམ་གྱིས། །མཁས་བཙུན་བཟང་པོའི་ཡོན་ཏན་མཐའ་ཀླས་པའི། རྣམ་འདྲེན་བསྟན་པའི་ཉི་མར་གསོལ་བ་འདེབས། །མཁས་རྣམས་ཀུན་ཏུ་དགའ་བའི་ལེགས་བཤད་གསུང་། །སྡེ་སྣོད་རྒྱུད་སྡེ་རྒྱ་མཚོའི་དབྱངས་སྙན་པོས། །སྐལ་བཟང་འགྲོ་རྣམས་ལྷག་པར་དབུགས་འབྱིན་པའི། །ཁྱབ་བདག་འཁོར་ལོའི་མགོན་པོར་གསོལ་བ་འདེབས། །ཤེས་བྱ་ཀུན་གཟིགས་མཁྱེན་རབ་ངག་གི་དབང་། །ལྷར་བཅས་དགའ་མཛད་བརྩེ་ཆེན་སྙིང་། རྗེའི་གཏེར། །མཐུ་སྟོབས་ནུས་པ་རྨད་བྱུང་གསང་བདག་དང་། །དབྱེར་མེད་རྣམ་འདྲེན་བཟང་པོར་གསོལ༴ གང་ཞིག་དད་པས་བསྙེན་པའི་དེ་མ་ཐག །འཇིག་རྟེན་འཇིག་རྟེན་འདས་པའི་དགེ་ལེགས་ཀྱིས། །ཕན་བདེའི་འདོད་རྒུ་ལྷུག་པར་སྦྱིན་མཛད་པའི། །ཡོན་ཏན་ཕ་མཐའ་ཡས་ལ་གསོལ༴ རྒྱལ་བའི་རྡོ་རྗེའི་ལུང་གིས་རབ་བསྔགས་བཞིན། །རྩོད་དུས་ཀུན་མཁྱེན་གཉིས་པའི་ངོ་མཚར་གྱིས། །ས་གསུམ་བཀྲ་


JKT001_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

ཤིས་སྣང་བས་དགེ་མཛད་པའི། །ཕྲིན་ལས་བསམ་མི་ཁྱབ་ལ་གསོལ་བ་འདེབས། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །འདི་ནས་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །ཀུན་དགའི་རྣམ་འདྲེན་བཟང་པོས་རྗེས་བཟུང་ནས། །རྒྱལ་བ་དགྱེས་པའི་ལམ་སྲོལ་འཛིན་པར་ཤོག །གནས་སྐབས་ནད་གདོན་བར་ཆད་ཞི་བ་དང་། །ཚེ་བསོད་དཔལ་འབྱོར་སྙན་གྲགས་རྒྱས། །ཚུལ་གནས་ཐོས་བསམ་སྒོམ་པའི་ཤེས་རབ་སོགས། །ཆོས་མཐུན་བསམ་སྦྱོར་ཡིད་བཞིན་འགྲུབ་གྱུར་ཅིག །མཐར་ཐུག་སྐུ་དང་ཡེ་ཤེས་ཕྲིན་ལས་རྣམས། །མགོན་པོ་ཁྱོད་དང་རྣམ་དབྱེར་མི་ཕྱེད་པས། །འགྲོ་ཀུན་སྲིད་དང་ཞི་བའི་ཆུ་གཏེར་ལས། །སྒྲོལ་བའི་དེད་དཔོན་ཆེན་པོར་བདག་འགྱུར་ཤོག །ཅེས་པའང་ཆོས་རྗེ་བླ་མ་ཀུན་དགའ་བརྩོན་འགྲུས་ཀྱི་ཞལ་འདོན་དུ་ཤཱཀྱའི་དགེ་སློང་བྱ་བྲལ་བ་འཇམ་དབྱངས་མཁྱེན་མརྩེས་གསོལ་བ་བཏབ་པ་སིདྡྷི་རསྟུ།། །།

མཁན་ཆེན་ཐམས་ཅད་མཁྱེན་པ་བྱམས་པ་ཀུན་དགའ་བསྟན་འཛིན་གྱི་རྣམ་ཐར་གསོལ་འདེབས་བྱིན་རླབས་བདུད་རྩིའི་སྤྲིན་མཛེས།


JKT001_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

མཁན་ཆེན་ཐམས་ཅད་མཁྱེན་པ་བྱམས་པ་ཀུན་དགའ་བསྟན་འཛིན་གྱི་རྣམ་ཐར་གསོལ་འདེབས་བྱིན་རླབས་བདུད་རྩིའི་སྤྲིན་མཛེས་ཞེས་བྱ་བ་བཞུགས་སོ། །རྡོ་རྗེ་འཆང་དབང་ཡེ་ཤེས་ལས་བྱུང་བའི། །བྱམས་པའི་ཐུགས་རྗེས་འགྲོ་རྣམས་སྒྲོལ་བའི་སླད། ། ཀུན་དགའི་མཚན་དཔེར་ཤར་བའི་སྒྱུ་འཕྲུལ་གྱིས། །བསྟན་པའི་རྒྱལ་མཚན་འཛིན་ལ་གསོལ་བ་འདེབས། །མགོན་ཁྱོད་གདོད་ནས་ཞི་བ་མཆོག་བརྙེས་ཀྱང་། །རྨད་བྱུང་སྙིང་རྗེ་བདུད་རྩིའི་དཔྱིད་དཔལ་


JKT001_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས། །དམ་པས་བསྔགས་པའི་རིགས་ཀྱི་དགའ་ཚལ་དུ། །གཟུགས་སྐུའི་ལྗོན་བཟང་རབ་བྱུང་བཅུ་གསུམ་པའི་མེ་སྤྲེལ་ལོར། འཁྲུངས་ལ་གསོལ་བ༴ ཐོག་མ་ཉིད་ནས་ངེས་པར་འབྱུང་བ་དང་། །རིགས་དང་བརྩེ་བའི་མེ་ཏོག་མཛེས་འབར་བས། །ཕྱོགས་བྲལ་དཔྱོད་ལྡན་འདུས་པའི་ཚོགས་རྣམས་ཀྱི། །བརྟན་པ་གཅིག་ཅར་འཕྲོག་ལ༴ རྡོ་རྗེ་འཆང་དངོས་ནམ་མཁའི་མཚན་ཅན་ལས། །སྡོམ་པ་གསུམ་གྱི་བཀའ་དྲིན་ལེགས་ནོས་ཤིང་། །ཟབ་རྒྱས་སྡེ་སྣོད་རྒྱུད་སྡེ་རྒྱ་མཚོ་ཡིས། །སྨིན་གྲོལ་ལམ་བཟང་གསན་ལ༴ གཞན་ཡང་རིས་མེད་དགེ་བའི་བཤེས་གཉེན་མཆོག །ཉི་ཤུ་རྩ་བཞི་གུས་པས་ཉེར་བསྟེན་ནས། །མང་དུ་ཐོས་དང་བསམ་པའི་ཤེས་རབ་ཀྱིས། །མཁས་རྣམས་དགྱེས་པ་བསྐྱེད་དེར་གསོལ་བ་འདེབས། །དམ་པས་བྱིན་རླབས་དབེན་པའི་སྒྲུབ་གནས་སུ། །ཐུན་མོང་ལམ་གྱི་རིམ་པས་རྒྱུད་སྦྱངས་ནས། །བསྐྱེད་རྫོགས་རྣམ་འབྱོར་ཟབ་མོས་ལྷན་སྐྱེས་ཀྱི། །ཡེ་ཤེས་རྒྱས་པར་མཛད་ལ༴ རྒྱལ་བས་ལུང་བསྟན་ཀུན་མཁྱེན་ཨེ་ཝཾ་པའི། །ཆོས་ཀྱི་ཁྲི་ལ་བགྲང་བྱ་བཅུ་ཕྲག་བར། །ངོ་མཚར་མཁས་པའི་བགྱི་བས་ཐུབ་པའི་བསྟན། །ཉིན་བཞིན་གསལ་བར་མཛད་ལ༴ སླར་ཡང་བོད་ཆེན་ལྗོངས་ཀྱི་འཁོར་ལོས་བསྒྱུར། །སྡེ་བཞི་དགེ་བཅུའི་ནོར་བུའི་ཅོད་པན་རྩེར། །ཞབས་སེན་བཀྲ་ཤིས་རེ་ཁཱ་བཀོད་མཛད་ནས། །བསྟན་


JKT001_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོའི་ཕན་བདེ་སྤེལ་ལ༴ ཁྱད་པར་རྣལ་འབྱོར་དབང་ཕྱུག་ས་སྐྱ་པའི། །སྙན་བརྒྱུད་ཚད་མ་བཞི་ལྡན་གདམས་པས་མཚོན། །ཟབ་རྒྱས་དམ་པའི་ཆོས་ཀྱིས་རིགས་ཅན་གསུམ། །རྣམ་གྲོལ་གོ་འཕང་བཀོད་ལ༴ ཡོངས་རྫོགས་བསྟན་པའི་མངའ་བདག་ཐམས་ཅད་མཁྱེན། །དཔལ་ལྡན་ས་སྐྱའི་འཇམ་མགོན་ཡབ་སྲས་སོགས། །གངས་ཅན་མཁས་གྲུབ་ཀུན་གྱིས་ཕྱག་བྱས་ཤིང་། །གསུང་གི་བདུད་རྩི་བཞེས་ལ༴ བརྟན་མཁས་ཚུལ་ཁྲིམས་དྲི་ཡིས་ཕྱོགས་ཀུན་ཁྱབ། །གཞན་ཕན་བྱང་ཆུབ་སེམས་གཉིས་གཏིང་ནས་འབྱོངས། །ཐ་མལ་འཁྲུལ་སྣང་ལྷ་དང་ཡེ་ཤེས་སུ། །ཡོངས་ཤར་གྲུབ་པའི་དབང་པོར བརྩེ་ཆེན་བརྙེས་པ་བཟང་པོའི་རིང་ལུགས་ལ། །གཞན་དྲིང་མི་འཇོག་ཤེས་ནས་དད་ཐོབ་བཞིན། རིས་མེད་བསྟན་ལ་དག་པའི་སྣང་བ་ཡིས། །བསྔགས་པའི་མེ་ཏོག་འཐོར་ལ༔ རབ་འབྱམས་ལྷག་པའི་ལྷ་ཡིས་རྗེས་བཟུང་ཞིང་། །ཇི་ལྟ་ཇི་སྙེད་ཤེས་བྱ་ཀུན་མཁྱེན་ཀྱང་། །ཡོན་ཏན་སྦས་པའི་ངང་ཚུལ་ལྷུར་མཛད་ཕྱིར། །རྣམ་ཐར་བསམ་མི་ཁྱབ་ལ༴ སླར་ཡང་ཇི་སྲིད་བསྐལ་པ་རྒྱ་མཚོའི་བར། །ཞབས་པད་རྡོ་རྗེའི་ཁམས་སུ་འཚོ་གཞེས་ཤིང་། །ཆོས་ཀྱི་འཁོར་ལོ་རྟག་ཏུ་བསྐོར་བ་ཡི། །སྐལ་བཟང་ནུབ་པ་མེད་པར་གསོལ་བ་འདེབས། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །བདག་གཞན་དེང་ནས་བྱང་


JKT001_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་སྙིང་པོའི་བར། །རྡོ་རྗེ་འཆང་དངོས་བླ་མས་རྗེ་བཟུང་ཞིང་། །ཡེ་ཤེས་གཟིགས་པས་རྟག་ཏུ་སྐྱོང་བར་ཤོག །གང་གི་དྲིན་གྱིས་མངོན་མཐོ་ངེས་ལེགས་ཀྱི། །དགེ་ལེགས་མཐའ་དག་གཅིག་ཅར་རྫོགས་པ་ལས། །རྒྱལ་བ་སྲས་བཅས་དགྱེས་པའི་ཕྲིན་ལས་ཀྱིས། །རང་གཞན་དོན་གཉིས་འགྲུབ་པར་བྱིན་གྱིས་རློབས། །ཅེས་ཀུན་མཁྱེན་ཨེ་ཝཾ་པའི་ཆོས་ཀྱི་ཁྲི་ལ་འཁོར་ལོས་སྒྱུར་བའི་མཁན་རབས་བཞི་བཅུ་རྩ་དྲུག་པ་བྲང་ཏི་མཁས་པའི་རིགས་འཁྲུངས་ཐར་རྩེ་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན་བཀྲ་ཤིས་གྲགས་པའི་རྒྱལ་མཚན་དཔལ་བཟང་པོའི་ཞབས་ཀྱི་ཐུན་མོང་གི་རྣམ་པར་ཐར་པ་ལ་སྒྲོ་འདོགས་སྐུར་འདེབས་ཀྱི་མཐའ་སྤངས་ཏེ། མ་བཅོས་པ་ཉིད་རྒྱན་གྱི་དམ་པར་བྱས་ནས་ཅུང་ཟད་བསྔགས་པའི་ཚིགས་སུ་བཅད་པ་འདིའང་། །རྗེ་དེ་ཉིད་ཀྱི་བཀའ་འབངས་ཐ་ཤལ་འཁོས་མེད་ཀྱི་བྱ་བྲལ་མ་ཎི་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་ཡོན་ཏན་རིན་པོ་ཆེ་དུ་མའི་འབྱུང་གནས་དཔལ་ཨེ་ཝཾ་ཆོས་ལྡན་གྱི་བླ་བྲང་ཐར་པ་རྩེར་ཞི་བ་ཞེས་པ་ས་མོ་བྱའི་ལོའི་ཆོ་འཕྲུལ་གྱི་ཟླ་བའི་དཀར་ཕྱོགས་ཀྱི་རྒྱལ་བ་གཉིས་པར་བྲིས་ཏེ་མངོན་པར་ཤེས་བཞིན་དུ་གསོལ་བ་བཏབ་པ་དགེ་ལེགས་སུ་གྱུར་ཅིག། །།

མཁན་ཆེན་ཐམས་ཅད་མཁྱེན་པ་བྱམས་པ་ཀུན་དགའ་བསྟན་འཛིན་ལ་གསོལ་བ་འདེབས་པ་བྱིན་རླབས་ཆར་རྒྱུན།


JKT001_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

མཁན་ཆེན་ཐམས་ཅད་མཁྱེན་པ་བྱམས་པ་ཀུན་དགའ་བསྟན་འཛིན་ལ་གསོལ་བ་འདེབས་པ་བྱིན་རླབས་ཆར་རྒྱུན་ཅེས་བྱ་བ་བཞུགས་སོ། །བྱམས་པའི་ཐུགས་རྗེས་སྲས་བཅས་རྒྱལ་བ་ཀུན། །ལྷར་བཅས་དགའ་བའི་བསྟན་འཛིན་མཆོག་གི་སྐུར། །ཡོངས་ཤར་རིགས་དང་དཀྱིལ་འཁོར་རྒྱ་མཚོ་ཡི། །ཁྱབ་བདག་རྡོ་རྗེ་སེམས་དངོས་ཞབས་བརྟན་གསོལ། །


JKT001_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་འབྱུང་ཚུལ་ཁྲིམས་ཕུང་པོ་རྣམ་པར་དག །བྱང་ཆུབ་སྤྱོད་མཆོག་རྒྱ་མཚོའི་ཕ་རོལ་སོན། །རིམ་གཉིས་ལས་བྱུང་འོད་གསལ་ཕྱག་རྒྱ་ཆེའི། །ཡེ་ཤེས་མངོན་དུ་གཟིགས་ལ་གསོལ་བ་འདེབས། །མང་ཐོས་མཁས་རྣམས་ཀུན་ཏུ་དགའ་བའི་ཚལ། །བསམ་བྱུང་རིག་པའི་མེ་ཏོག་མཛེས་འབར་ཞིང་། །རྩེ་གཅིག་སྒོམ་པའི་ཏིང་འཛིན་བདུད་རྩི་ཡིས། །ཕན་བདེའི་ངལ་འཚོ་སྦྱིན་ལ་གསོལ༴ འཆད་རྩོད་རྩོམ་པའི་འཆི་མེད་ལམ་ཡངས་པོར། །མཁྱེན་བརྩེ་ནུས་པའི་འོད་ཟེར་རབ་འཕྲོ་བས། །མཁས་བཙུན་བཟང་པོའི་པད་ཚལ་རྒྱས་མཛད་པ། །ཀུན་གཟིགས་ཆོས་ཀྱི་ཉི་མར་གསོལ༴ སྡེ་སྣོད་རྒྱུད་སྡེའི་ངེས་གསང་མཐའ་དག་དང་། །ཁྱད་པར་འཇམ་དཔལ་གཞོན་ནུ་ས་སྐྱ་པའི། །ཟབ་ཆོས་སྙན་བརྒྱུད་རྒྱ་མཚོའི་དེད་དཔོན་མཆོག །ཡོངས་རྫོགས་བསྟན་པའི་བདག་པོར །རྟག་ཏུ་གཞན་ལ་ཕན་པ་ལྷུར་ལེན་པའི། །བསྡུ་དངོས་བཞི་ཡི་ཕྲིན་ལས་རབ་འབྱམས་ཀྱི། །འཇིག་རྟེན་གསུམ་གྱི་རྒུད་པ་སེལ་མཛད་པ། །ལྷར་བཅས་འགྲོ་བའི་འདྲེན་པར་གསོལ༴ ཤེས་པས་སྲིད་པའི་སྦྱོར་བ་རིང་སྤངས་ཀྱང་། །སྙིང་རྗེས་ཞི་བའི་མཐའ་ལ་གནས་མིན་པར། །ཟུང་འཇུག་སྐུ་དང་ཡེ་ཤེས་དབྱེར་མེད་པའི། །ཀུན་མཁྱེན་གོ་འཕང་བརྙེས་ལ་གསོལ་བ་འདེབས། །མདོར་ན་ཁྱབ་བདག་དཔལ་ལྡན་བླ་མ་མཆོག །སྐྱབས་གནས་ཀུན་འདུས་


JKT001_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་བོར་ཤེས་པའི་བློས། །སྙིང་ནས་གདུང་ཤུགས་དྲག་པོས་གསོལ་འདེབས་ན། བྱང་ཆུབ་བར་དུ་འབྲལ་མེད་རྗེས་སུ་ཟུངས། །ཐུབ་པའི་བསྟན་པ་ཕྱོགས་བཅུར་རྒྱས་པ་དང་། །བསྟན་འཛིན་མཆོག་རྣས་བསྐལ་བརྒྱར་འཚོ་གཞེས་ཤིང་། །བདག་སོགས་འགྲོ་ཀུན་མངོན་མཐོ་ངེས་ལེགས་ཀྱི། །དཔལ་འབྱོར་རྒྱུན་མི་འཆད་པར་བྱིན་གྱིས་རློབས། །ཅེས་པའང་རྗེ་བླ་མ་དེ་ཉིད་ཀྱི་ཞབས་རྡུལ་ལ་སྤྱི་བོར་རེག་པའི་བཀའ་འབངས་ཀྱི་ཐ་ཤལ་བྱ་བྲལ་བ་མཉྫགྷོ་ཥས་གསོལ་བ་བཏབ་པའི་དགེ་བས་བདག་གཞན་རྣམས་ཀྱི་རྒྱུད་ལ་ཁྱབ་བདག་འཁོར་ལོའི་མགོན་པོའི་ཡེ་ཤེས་གཟིགས་པའི་བྱིན་རླབས་འཇུག་པའི་གྱུར་གྱུར་ཅིག །

མཁན་ཆེན་རྡོ་རྗེ་འཆང་བྱམས་པ་རྣལ་འབྱོར་འཇམ་དཔལ་བཟང་པོའི་རྣམ་ཐར་ལ་གསོལ་བ་འདེབས་པ་བྱིན་རླབས་བདུད་རྩིའི་ཆུ་གཏེར།


JKT001_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

མཁན་ཆེན་རྡོ་རྗེ་འཆང་བྱམས་པ་རྣལ་འབྱོར་འཇམ་དཔལ་བཟང་པོའི་རྣམ་ཐར་ལ་གསོལ་བ་འདེབས་པ་བྱིན་རླབས་བདུད་རྩིའི་ཆུ་གཏེར་ཞེས་བྱ་བ་བཞུགས་སོ། །དཔལ་ལྡན་རྡོ་རྗེ་འཆང་དབང་གདུལ་བྱ་རྣམས། །རྣལ་འབྱོར་ཟབ་མོའི་ལམ་གྱིས་རྗེས་བཟུང་ཕྱིར། །འཇམ་དཔལ་ངུར་སྨྲིག་འཛིན་པའི་སྐུར་སྟོན་པ། །རྣམ་འདྲེན་བཟང་པོའི་ཞབས་ལ་གསོལ་བ་འདེབས། །ཟབ་གསལ་གཉིས་མེད་ཆོས་སྐུའི་ངང་ཉིད་ལས། །ཡན་ལག་བདུན་ལྡན་ལོངས་སྐུའི་རྣམ་རོལ་ནི། །གང་འདུལ་སྤྲུལ་པའི་སྒྱུ་འཕྲུལ་དྲྭ་བའི་གར། །དམ་པའི་རིགས་སུ་རབ་བྱུང་བཅུ་གསུམ་པའི་ས་བྱ་ལོར། འཁྲུངས་ལ་གསོལ༴ གཞོན་ནུ་ཉིད་ནས་ངེས་འབྱུང་སྙིང་རྗེ་སོགས། །ཐེག་ཆེན་རིགས་ཀྱི་ནུས་པ་ཡོངས་རྫོགས་པས། །བསྔགས་འོས་ཡོན་ཏན་བྱེ་བའི་སྣང་


JKT001_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཡིས། །གྲགས་པའི་ཨུཏྤལ་རྒྱས་དེར༴ །མཁས་གྲུབ་ཆེན་པོ་བསོན་ནམས་དཔལ་འབྱོར་མདུན། །ཐུབ་བསྟན་ཡོངས་སུ་རྫོགས་པའི་སྒོར་ཞུགས་ནས། །རྡོ་རྗེ་འཆང་དངོས་ནམ་མཁའི་མཚན་ཅན་གྱི། །ཐུགས་ཀྱི་སྲས་སུ་གྱུར་ལ༔ གཞན་ཡང་རིས་མེད་བཤེས་གཉེན་མཆོག་རྣམས་ལས། །མང་དུ་གསན་དང་བསམ་པའི་མཐར་སོན་ནས། །རྩེ་གཅིག་ལམ་བཟང་སྒོམ་པའི་བདུད་རྩི་ཡིས། །གྲུབ་གཉིས་པད་དཀར་བཞད་དེར ཁྱབ་བདག་བླ་མའི་ལུང་གིས་དབུགས་དབྱུང་བཞིན། །རྒྱལ་བ་གཉིས་པའི་ཆོས་ཀྱི་རྒྱལ་ཐབས་ལ། །བགྲང་བྱ་བདུན་གྱི་བར་དུ་དབང་བསྒྱུར་ནས། །རྣམ་དག་ལམ་སྲོལ་བསྟན་ལ སླར་ཡང་སྡེ་བཞི་དགེ་བཅུའི་ནོར་འཛིན་ལྗོངས། །གང་ཞབས་བསོད་ནམས་མགྲོན་དུ་ཐོབ་པའི་མོད། །བསྡུ་བའི་དངོས་པོ་རྣམ་བཞིས་བསྟན་དང་འགྲོར། །ཕན་བདེའི་དགའ་སྟོན་སྤེལ་ལ༴ ཆོས་བརྒྱད་སྣང་བ་རྨི་ལམ་ལྟར་གཟིགས་པས། །དགོས་མེད་ཚེ་འདིའི་བྱ་བ་རིང་བཏང་ནས། །རྟག་ཏུ་ཆོས་བཞིན་སྤྱོད་པ་ལྷུར་མཛད་ཕྱིར། །ཀུན་གྱིས་དམ་པར་བསྔགས་ལ༴ ཚུལ་ཁྲིམས་ཕུང་པོར་ཉེས་པའི་སྐྱོན་དང་བྲལ། ། བྱང་ཆུབ་སེམས་གཉིས་བདུད་རྩིས་ཐུགས་རྒྱུད་གཏམས། །གསང་ཆེན་རིམ་གཉིས་ཟབ་མོར་རྣལ་འབྱོར་དང་། །ནམ་ཡང་འབྲལ་བ་མེད་དེར༔ ཟབ་རྒྱས་གདམས་པའི་ངེས་གསང་ཁོང་ཆུད་ཅིང་། །སྨིན་


JKT001_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

གྲོལ་འཆད་སྤེལ་ཕྱག་བཞེས་རྣམ་པར་དག །རང་གིས་ཇི་ལྟར་གཟིགས་བཞིན་འདོམས་མཛད་ཕྱིར། །མཁས་རྣམས་དགྱེས་པ་བསྐྱེད་དེར༔ རྡོ་རྗེ་འཆང་དབང་རྗེ་བཙུན་ཨེ་ཝཾ་པའི། །བཤད་དང་སྒྲུབ་པའི་དཔལ་ལ་དབང་འབྱོར་བཞིན། རིས་མེད་ཐུབ་པའི་བསྟན་དང་དེར་འཛིན་ལ། །དག་པའི་སྣང་བ་རྒྱས་དེར༴ བླ་མ་ལྷག་པའི་ལྷ་ཡིས་རྗེས་བཟུང་ཞིང་། །སྤངས་དང་རྟོགས་པའི་ཡོན་ཏན་མཐའ་ཀླས་ཀྱང་། །ཁེངས་དང་དྲེགས་པ་མཐའ་དག་རིང་བཏང་བའི། །རྣམ་ཐར་མཚུངས་པ་མེད་དེར་གསོལ་བ་འདེབས། །མདོར་ན་སྐྱབས་གནས་ཀུན་འདུས་བླ་མ་རྗེའི། །རྣམ་ཐར་དྲན་བཞིན་སྙིང་ནས་གསོལ་འདེབས་ན། །བདག་སོགས་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །འབྲལ་བ་མེད་པར་རྟག་ཏུ་རྗེས་འཛིན་ཤོག །དད་དང་ངེས་འབྱུང་བྱང་སེམས་སྙིང་ལ་ཤར། །རིམ་གཉིས་ཟབ་མོའི་ལམ་གྱི་ཕ་རོལ་སོན། །སྐུ་དང་ཡེ་ཤེས་ཕྲིན་ལས་རྨད་བྱུང་བའི། ཀུན་མཁྱེན་གོ་འཕང་བརྙེས་པར་བྱིན་གྱིས་རློབས། །ཐུབ་བསྟན་སྤྱི་དང་དཔལ་ལྡན་བརྩེ་བ་ཆེའི། །རིང་ལུགས་ཕྱོགས་དུས་ཀུན་ཏུ་རྒྱས་པ་དང་། །བསྟན་འཛིན་མཆོག་རྣམས་བསྐལ་བརྒྱར་ཞབས་བརྟན་པས། །འགྲོ་ཀུན་དོན་གཉིས་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་རྗེ་བཙུན་ཨེ་ཝཾ་པའི་ཆོས་ཀྱི་འཁོར་ལོས་སྒྱུར་བའི་མཁན་རབས་ལྔ་བཅུ་པ་ཐར་རྩེ་རྡོ་རྗེ་འཆང་བྱམས་པ་རྣལ་འབྱོར་འཇམ་དཔལ་བཟང་པོའི་ཞལ་སྔ་ནས་ཀྱི་


JKT001_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

ཐུན་མོང་གི་རྣམ་པར་ཐར་པ་ལ་ཅུང་ཟད་བསྔགས་པའི་གསོལ་འདེབས་ཀྱི་ཚིགས་སུ་བཅད་པ་འདིའང། རྗེ་དེ་ཉིད་ཀྱི་བཀའ་འབངས་ཐ་ཤལ་པ་རྒྱལ་ཁམས་ཀྱི་ད་རི་དྲྭ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་ཡོན་ཏན་རིན་པོ་ཆེ་དུ་མའི་འབྱུང་གནས་དཔལ་ཨེ་ཝཾ་ཆོས་ལྡན་གྱི་བླ་བྲང་ཐར་པ་རྩེར་ཞི་བ་ཞེས་པ་ས་མོ་བྱའི་ལོའི་ཆོ་འཕྲུལ་ཟླ་བའི་དཀར་ཕྱོགས་ཀྱི་རྒྱལ་བ་གསུམ་པ་ལ་བྲིས་ཏེ་གསོལ་བ་བཏབ་པ་སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། །།

མཁན་ཆེན་ཐམས་ཅད་མཁྱེན་པ་རྡོ་རྗེ་འཆང་བྱམས་པ་རྣལ་འབྱོར་འཇམ་དཔལ་བཟང་པོ་ལ་གསོལ་བ་འདེབས་པ་བྱིན་རླབས་དཔལ་སྟེར།


JKT001_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

མཁན་ཆེན་ཐམས་ཅད་མཁྱེན་པ་རྡོ་རྗེ་འཆང་བྱམས་པ་རྣལ་འབྱོར་འཇམ་དཔལ་བཟང་པོ་ལ་གསོལ་བ་འདེབས་པ་བྱིན་རླབས་དཔལ་སྟེར་ཅེས་བྱ་བ་བཞུགས་སོ། །རྡོ་རྗེའི་རྣལ་འབྱོར་ཡོངས་སུ་གྲུབ་པའི་ཕུལ། །ཁྱབ་བདག་འཇམ་དཔལ་གཞོན་ནུའི་རྣམ་རོལ་ཅན། །མཁས་བཙུན་བཟང་པོའི་ཡོན་ཏན་མཐའ་ཀླས་པའི། །གསང་གསུམ་བསྐལ་བ་རྒྱ་མཚོར་འཚོ་གཞེས་གསོལ། །རྣལ་འབྱོར་དབང་ཕྱུག་རྗེ་བཙུན་ས་སྐྱ་པའི། །སྙན་བརྒྱུད་ཚད་མ་བཞི་ལྡན་བདུད་རྩིའི་རྒྱུན། །སྐལ་བཟང་ཡིད་ཀྱི་འཛིན་མར་འབེབས་མཁས་པ། །རྣམ་འདྲེན་འཇམ་དཔལ་བཟང་པོར་གསོལ་བ་འདེབས། །སོ་ཐར་ཁྲིམས་ཀྱི་སྨན་ལྗོངས་ཉམས་དགའ་བར། །བྱང་ཆུབ་སེམས་གཉིས་ནོར་བུའི་ལྗོན་པ་རྒྱས། །གསང་ཆེན་སྨིན་གྲོལ་འབྲས་བུས་རབ་མཛེས་པའི། །སུམ་ལྡན་རྡོ་རྗེ་འཛིན་པར༴ མང་དུ་གསན་པ་རྒྱ་མཚོའི་ཕ་མཐར་སོན། །དེ་དོན་བསམ་པས་གཞུང་ལུགས་གདམས་པར་ཤར། །ཚུལ་བཞིན་བསྒོམས་པས་དངོས་གྲུབ་མཆོག་བརྙེས་པ། །ཡོངས་


JKT001_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་བསྟན་པའི་ཉི་མར་གསོལ་བ༔ རྒྱལ་བ་རྡོ་རྗེ་འཆང་དངོས་ཨེ་ཝཾ་པའི། །རྨད་བྱུང་ཆོས་ཀྱི་ཁྲི་ལ་དབང་བསྒྱུར་ནས། །ངོ་མཚར་འཆད་རྩོད་རྩོམ་པའི་ཕྲིན་ལས་ཀྱིས། །ས་གསུམ་ཁྱབ་པར་མཛད་ལ། མཁྱེན་རབ་འཇམ་མགོན་བརྟན་པའི་འཁོར་ལོ་དང་། །གཞན་ཕན་བརྩེ་ཆེན་རྒྱལ་བ་པད་དཀར་འཆང་། །གསང་བདག་ནུས་མཐུའི་དཔལ་གྱིས་བསྟན་དང་འགྲོར། །ཕན་བདེའི་དགའ་སྟོན་སྤེལ་ལ་གསོལ་བ་འདེབས། །མདོར་ན་སྲས་བཅས་རྒྱལ་བའི་ཡེ་ཤེས་སྐུ། །ཐེག་མཆོག་དགེ་བའི་བཤེས་ཀྱི་ཚུལ་བཟུང་ནས། །རིགས་ཅན་གསུམ་གྱི་གདུལ་བྱ་སྨིན་མཛད་པའི། སྐྱབས་གནས་ཀུན་འདུས་ངོ་བོར་གསོལ་བ་འདེབས། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །བཤད་སྒྲུབ་བསྟན་པ་ཕྱོགས་བཅུར་རྒྱས་པ་དང་། །བསྟན་འཛིན་མཆོག་རྣམས་བསྐལ་བརྒྱར་ཞབས་བརྟན་ཅིང་། །འགྲོ་ཀུན་དོན་གཉིས་ལྷུན་གྱིས་གྲུབ་གྱུར་ཅིག །ཁྱད་པར་བདག་ཅག་མོས་པའི་ཡིད་ཅན་རྣམས། །འདི་ནས་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །མགོན་པོ་ཁྱོད་ཀྱིས་བརྩེ་བས་རྗེས་བཟུང་ནས། །ས་བཅུ་ལམ་ལྔའི་གོ་འཕང་མྱུར་ཐོབ་ཤོག །བཀྲ་ཤིས་གང་ཞིག་དཔལ་ལྡན་བླ་མ་ཡི། །དགེ་ལེགས་ཐུགས་རྗེའི་སྣང་བ་རབ་འབར་བས། །ཕུན་ཚོགས་སྲིད་དང་ཞི་བའི་འབྱོར་བ་ཡིས། །འཇིག་རྟེན་གསུམ་ན་རྟག་ཏུ་མཛེས་གྱུར་ཅིག །ཅེས་པའང་དད་པ་དང་ལྡན་པ་དག་གིས་སྔ་ཕྱིར་བསྐུལ་བས་མཚམས་སྦྱར་ཏེ། །རྗེ་དེ་ཉིད་ཀྱི་ཞབས་རྡུལ་ལ་སྤྱི་བོས་རེག་པའི་བཀའ་འབངས་ཀྱི་ཐ་ཤལ་ཕྱོགས་མེད་ཀྱི་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་སྙིང་ནས་གསོལ་བ་བཏབ་པ་སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། །།

ཐར་རྩེ་མཁན་ཆེན་ཐམས་ཅད་མཁྱེན་གཟིགས་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་ལ་གསོལ་བ་འདེབས་པ་བྱིན་རླབས་ཆར་འབེབས།


JKT001_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

ཐར་རྩེ་མཁན་ཆེན་ཐམས་ཅད་མཁྱེན་གཟིགས་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་ལ་གསོལ་བ་འདེབས་པ་བྱིན་རླབས་ཆར་འབེབས་ཞེས་བྱ་བ་བཞུགས་སོ། །བྱམས་པའི་དཔལ་མངའ་དམིགས་མེད་ཐུགས་རྗེའི་གཏེར། །མཁས་ཀུན་དགའ་བའི་མཁྱེན་རབ་ཕ་མཐའ་ཡས། །ཡོངས་རྫོགས་བསྟན་པའི་རྒྱལ་མཚན་འཛིན་མཛད་པ། །རིགས་བརྒྱའི་ཁྱབ་བདག་ཆེན་པོར་ཞབས་བརྟན་གསོལ། །འཇམ་དབྱངས་སྨྲ་བའི་སེང་གེའི་ཡེ་ཤེས་དང་། །མི་ཕྱེད་མཚོ་བྱུང་དགའ་བའི་ལེགས་བཤད་ཀྱི། །སྣང་བས་འཇིག་རྟེན་གསུམ་གྱི་གདུང་སེལ་བ། །རྒྱལ་བ་དགྱེས་པའི་བཤེས་གཉེན་ཁྱོད་ལ་འདུད། །དེ་ལྟར་རྩེ་གཅིག་གུས་པས་གསོལ་བཏབ་མཐུས། །བསྟན་འཛིན་ཞབས་བརྟན་བཤད་སྒྲུབ་བསྟན་པ་དར། །བདག་སོགས་འགྲོ་ཀུན་དོན་གཉིས་དཔལ་ལ་སྤྱོད། །སྲིད་ཞིའི་དགེ་ལེགས་རྒྱས་པའི་བཀྲ་ཤིས་ཤོག །ཅེས་པ་འདིའང་རྗེ་གང་གི་བཀའ་འབངས་གྱི་ཐ་ཆུང་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་རབ་བྱུང་བཅུ་བཞི་པའི་ཀུན་དགའ་ཞེས་པ་ཤིང་ཕོ་སྟག་གི་ལོའི་ཆོ་འཕྲུལ་ཟླ་བའི་དཀར་ཕྱོགས་ཀྱི་དགའ་བ་དང་པོ་ལ་བྲིས་ཏེ་རྩེ་གཅིག་གུས་པས་གསོལ་བ་བཏབ་པ་དེ་དེ་བཞིན་དུ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ།། །།མཁྱེན་ཆེན་རྡོ་རྗེ་འཆང་བྱམས་


JKT001_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་ཡས་པའི། རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས། ༡ །མགོན་ཁྱོད་གཟོད་ནས་རྣམ་གྲོལ་མཆོག་བརྙེས་ཀྱང་། །སྲིད་པར་རྗེས་སུ་ཆགས་པའི་སྒྱུ་འཕྲུལ་ནི། །རིས་མེད་གདུལ་བྱའི་ཁམས་དབང་བསམ་པ་བཞིན། །གང་འདུལ་ཅིང་ཡང་འཆར་ལ་གསོལ་བ༴ ༢ ཁྱད་པར་བོད་ཆེན་ལྗོངས་ཀྱི་ནོར་འཛིན་གཞིར། །མཚན་དཔེའི་མེ་ཏོག་ཐོག་མར་བཞད་ཙམ་ནས། །དད་སོགས་དཀར་པོའི་དགེ་མཚན་ཡོངས་རྫོགས་པའི། །རིགས་ཀྱི་ནུས་པ་སད་ལ༴ ༣ མཁས་པའི་འབྱུང་གནས་ཨེ་ཝཾ་ཆོས་གྲྭ་རུ། །ཐུབ་བསྟན་རིན་ཆེན་ཁང་བཟང་སྒོར་ཞུགས་ནས། །ཚུལ་གནས་ཁྲིམས་ཀྱི་བསླབ་ལ་མི་འདའ་བའི། །གནས་བརྟན་འདུལ་བ་འཛིན་པར་གསོལ༔ ༤ བྱམས་དང་སྙིང་རྗེའི་ས་བོན་ལས་འཁྲུངས་པའི། །བྱང་ཆུབ་སེམས་གཉིས་ནོར་བུའི་ལྗོན་པ་ཡིས། །རང་གཞན་ཕན་བདེའི་འབྱོར་པས་ཚིམ་མཛད་པ། །རྒྱལ་སྲས་དཔའ་བོ་མཆོག་ལ༔ རྒྱུ་དུས་དབང་བཞིའི་ས་བོན་མ་ཉམས་པ། །ལམ་དུས་དབང་བཞིའི་བདུད་རྩིས་བསླེས་བསྲིངས་པས། །འབྲས་དུས་དབང་བཞིའི་སྙེ་མ་གཡུར་ཟ་བའི། །རྡོ་རྗེ་འཛིན་པའི་དབང་པོར༴ ༦ ཆོས་དང་སྲིད་ཀྱི་འབྱོར་པས་མངོན་མཐོ་བའི། །ཆེ་དགུའི་གཙུག་གི་ནོར་བུས་གུས་བཏུད་ཀྱང་། །ཁེངས་དང་དྲེགས་པའི་སྐྱོན་གྱིས་རིང་བཏང་བ། །རྣལ་འབྱོར་དབང་ཕྱུག་ཆེན་པོར ༧ ཀློག་


JKT001_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཐོས་བསམ་འཁོར་ལོའི་ཕ་རོལ་སོན། །སྤོང་བ་བསམ་གཏན་བདུད་རྩིས་རྟག་ཏུ་དགྱེས། །བྱ་བ་ལས་ཀྱི་འཁོར་ལོས་བསྟན་དང་འགྲོར། །དོན་གཉིས་དགའ་སྟོན་སྤེལ་ལ༴ ༨ མདོར་ན་རྒྱལ་བ་སྲས་བཅས་གཤེགས་པའི་ལམ། །ཚུལ་བཞིན་ཉམས་སུ་བཞེས་ལས་མི་གཡེལ་བས། །འབྲེལ་ཚད་ཐར་པའི་གོ་འཕང་ལ་སྦྱོར་བའི། །རྣམ་ཐར་མཚུངས་པ་མེད་ལ་གསོལ་བ་འདེབས། ༩ །སྐྱབས་གནས་ཀུན་འདུས་དཔལ་ལྡན་བླ་མ་ཡི། །སྐུ་གསུམ་ཐུགས་ཀྱི་གསང་བ་དྲན་བཞིན་དུ། །མི་ཕྱེད་སྙིང་ནས་གུས་པས་གསོལ་འདེབས་ན། །བྱང་ཆུབ་བར་དུ་འབྲལ་མེད་རྗེས་བཟུང་ནས། ༡༠ །ཚུལ་གནས་ཐོས་། དང་བསམ་པས་རྒྱུད་སྦྱངས་ཤིང་། །ངེས་འབྱུང་བྱང་སེམས་ཡང་དག་ལྟ་བ་རྟོགས། །གསང་ཆེན་ཟབ་མོའི་ཐབས་ཀྱིས་ཟུང་འཇུག་གི །གོ་འཕང་མྱུར་དུ་འགྲུབ་པར་བྱིན་གྱིས་རློབས། ༡༡ །ཅེས་མཚུངས་མེད་རྡོ་རྗེ་འཛིན་དབང་དཔལ་ལྡན་ཕྲིན་ལས་ལ་གསོལ་བ་འདེབས་པ་འདིའང་། རང་ཉིད་ཀྱིས་མི་ཕྱེད་པའི་གུས་པ་ལ་གནས་པའི་རྒྱུ་དང་། །བློ་གྲོས་ཀྱི་ནོར་ཅན་འཇམ་དབྱངས་ཡོན་ཏན་མཐའ་ཡས་ཀྱིས་གསོལ་བ་བཏབ་པའི་རྐྱེན་ལ་བརྟེན་ནས། །རྗེ་བཙུན་དམ་པ་གང་དེའི་གསུང་གི་བདུད་རྩིས་སྐལ་པ་བཟང་པོར་གྱུར་པ། ཤར་མདོ་ཁམས་ཀྱི་བཙུན་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་དཔལ་ཨེ་ཝཾ་ཆོས་ལྡན་གྱི་བླ་བྲང་ཐར་པ་རྩེར་དཀར་ཕྱོགས་ཀྱི་ཚེས་བཅུའི་དུས་བཟང་པོར་སྦྱར་བ་བདག་གཞན་གྱི་རྒྱུད་ལ་དཔལ་ལྡན་བླ་མའི་ཡེ་ཤེས་གཟིགས་པའི་བྱིན་རླབས་མྱུར་དུ་འཇུག་པའི་རྒྱུར་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། །།

མཚུངས་མེད་རྡོ་རྗེ་འཛིན་པ་འཇམ་དབྱངས་བློ་གསལ་ལ་གསོལ་བ་འདེབས་པ་དད་པའི་མེ་ཏོག


JKT001_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

མཚུངས་མེད་རྡོ་རྗེ་འཛིན་པ་འཇམ་དབྱངས་བློ་གསལ་ལ་གསོལ་བ་འདེབས་པ་དད་པའི་མེ་ཏོག་ཅེས་བྱ་བ་བཞུགས་སོ། །ཨོཾ་སྭསྟི་སིདྡྷཾ། །རྡོ་རྗེ་འཛིན་པ་ཡོངས་ཀྱི་འཁོར་ལོས་སྒྱུར། །འཇམ་པའི་དབྱངས་སོགས་རྒྱལ་སྲས་ཀུན་གྱི་དངོས། །བློ་གསལ་གདུལ་བྱ་རྒྱ་མཚོའི་རྣམ་འདྲེན་མཆོག །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། ༡ །མགོན་ཁྱོད་གཟོད་ནས་བྱང་ཆུབ་མཆོག་བརྙེས་ཀྱང་། །བསམས་བཞིན་ཐུབ་པའི་བསྟན་པ་འཛིན་སླད་དུ། །དམ་པས་བསྔགས་འོས་དགེ་བའི་བཤེས་གཉེན་གྱི། །རིགས་སུ་སྐྱེ་བ་བཟུང་ལ་གསོལ་བ་༢ །གཞོན་ནུ་ཉིད་ནས་དད་བརྩོན་ཤེས་རབ་སོགས། །དཀར་པོའི་བག་ཆགས་ཆེས་ཆེར་སད་པའི་མཐུས། །རྒྱལ་བས་ལུང་བསྟན་ཀུན་མཁྱེན་ཨེ་ཝཾ་པའི། །རིང་ལུགས་མཆོག་ལ་ཞུགས་དེར་གསོལ༔ ༣ སོ་ཐར་ཁྲིམས་ཀྱི་མཐོ་རིས་དགའ་ཚལ་དུ། །གོ་བྱང་ཆུབ་སེམས་གཉིས་དཔག་བསམ་འཁྲུངས་པ་ལས། །གསང་ཆེན་སྨིན་གྲོལ་འབྲས་བུས་རབ་མཛེས་པའི། །སུམ་ལྡན་རྡོ་རྗེ་འཛིན་པར་གསོལ༔ ༤ །མང་དུ་གསན་པ་རྒྱ་མཚོའི་མཐར་སོན་ཅིང་། །ཚུལ་བཞིན་བསམ་བས་བློ་གྲོས་མཆོག་ཏུ་ཡངས། །རྩེ་གཅིག་བསྒོམ་པས་ཟབ་མོའི་དེ་ཉིད་གཟིགས། །རང་དོན་མངོན་དུ་གྱུར་ལ༴ ༥ མཁས་མཙུན་བཟང་པོའི་ཡོན་ཏན་མཐའ་ཡས་ཤིང་། །འཆད་རྩོད་། །


JKT001_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

རྩོམ་པས་རྒྱལ་བསྟན་གསལ་བར་མཛད། །མཁྱེན་བརྩེ་ནུས་པས་རིགས་གསུམ་གདུལ་བྱའི་ཚོགས། །ཕན་བདེའི་དཔལ་ལ་འགོད་དེར་གསོལ་བ་འདེབས། ༦ །མདོར་ན་ཁྱབ་བདག་བླ་མ་སྤྱན་རས་གཟིགས། །སྐྱབས་གནས་ཀུན་འདུས་ངོ་བོར་ཤེས་པའི་བློས། །མི་ཕྱེད་རྩེ་གཅིག་གུས་པས་གསོལ་འདེབས་ན། །འབྲལ་མེད་རྗེས་སུ་བཟུང་བར་བྱིན་གྱིས་རློབས། ༧ །དལ་འབྱོར་རྙེད་དཀའ་ན མ་འཆི་ངེས་མེད་དྲན། །ལས་འབྲས་བླང་དོར་ཚུལ་བཞིན་བརྩོན་པ་དང་། །སྡུག་བསལ་རང་བཞིན་འཁོར་བའི་ཕུན་ཚོགས་ལ། །ངེས་འབྱུངགཏིང་ནས་སྐྱེ་བར་བྱིན༴ ༨ མཁའ་ཁྱབ་འགྲོ་ཀུན་ཕ་མར་ཤེས་པའི་བློས། །རླབས་ཆེན་བྱམས་དང་སྙིང་རྗེ་ལས་བྱུང་བའི། །སྨོན་དང་འཇུག་པའི་བྱང་ཆུབ་སེམས་གཉིས་ཀྱིས། །རྒྱལ་སྲས་སྤྱོད་ལ་བསླབ་པར་བྱིན༔ ༩ ཁྱད་པར་རྣམ་དག་དབང་གིས་རྒྱུད་སྨིན་ཅིང་། །དམ་ཚིག་སྡོམ་པ་སྲོག་བཞིན་བསྲུང་བ་དང་། །བསྐྱེད་དང་རྫོགས་པའི་མྱུར་ལམ་ལ་བརྟེན་ནས། །ཟུང་འཇུག་གོ་འཕང་ཐོབ་པར་བྱིན་གྱིས་རློབས། ༡༠ །བཀྲ་ཤིས་གང་ཞིག་ཁྱབ་བདག་བླ་མ་ཡི། ཡེ་ཤེས་གཟིགས་པའི་བྱིན་རླབས་ལ་བརྟེན་ནས། །འདི་ནས་བཟུང་སྟེ་བྱང་ཆུབ་སྙིང་པོའི་བར། །སྲིད་ཞིའི་དགེ་ལེགས་མཆོག་ཏུ་རྒྱས་གྱུར་ཅིག ༡༡ །ཅེས་པའང་དད་ལྡན་དགེ་སློང་ཛྙཱ་ན་སཱ་ག་རས་ཚུལ་འདི་ལྟ་བུ་ཞིག་བསྐུལ་བའི་རྐྱེན་དང་། རང་ཉིད་ཀྱང་མངོན་པར་དྭང་བའི་ཡིད་ཀྱིས་མཚམས་སྦྱར་ཏེ་བསྟོད་ཡུལ་དམ་པའི་ལེགས་གསུང་སྨན་གྱི་བདུད་རྩིས་འཚོ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་གསོལ་བ་བཏབ་པ་དགེ་ལེགས་སུ་གྱུར་ཅིག། །།

རྡོ་རྗེ་འཛིན་དབང་དཔལ་ལྡན་ཕྲིན་ལས་ལ་གསོལ་བ་འདེབས་པ་བྱིན་རླབས་སྣང་བ།


JKT001_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་འཛིན་དབང་དཔལ་ལྡན་ཕྲིན་ལས་ལ་གསོལ་བ་འདེབས་པ་བྱིན་རླབས་སྣང་བ་ཞེས་བྱ་བ་བཞུགས་སོ། །ཁྱབ་བདག་རྡོ་རྗེ་འཛིན་པའི་ངོ་བོར་ཉིད། །དཔལ་ལྡན་སྲས་བཅས་རྒྱལ་བའི་མཁྱེན་བརྩེའི་དངོས། །ཕྲིན་ལས་མཐའ་ཡས་གདུལ་བྱའི་མགོན་གཅིག་པུ། །མཚུངས་མེད་རྗེ་བཙུན་བླ་མར་གསོལ་བ་འདེབས། །རྣམ་གསུམ་ཚུལ་ཁྲིམས་ཕུང་པོས་བརྒྱན་པའི་སྐུ། །ཐེག་གསུམ་ཆོས་ཀྱི་ཆར་པ་འབེབས་མཁས་གསུང་། །སྐུ་གསུམ་ཡོན་ཏན་མངོན་གྱུར་ཡེ་ཤེས་ཐུགས། །སྐྱབས་གསུམ་ཀུན་འདུས་བདག་ཉིད་ཁྱོད་ལ་འདུད། །དེ་ལྟར་རྩེ་གཅིག་གུས་པས་གསོལ་བཏབ་མཐུས། །དམ་ཆོས་སྒྲུབ་པའི་འགལ་རྐྱེན་ཀུན་ཞི་ཞིང་། །མཐུན་རྐྱེན་མ་ལུས་ཕུན་སུམ་ཚོགས་པ་ལས། །རྒྱལ་བ་དགྱེས་པའི་ལམ་བཟང་མཐར་ཕྱིན་ཤོག །ཅེས་པའང་དགེ་བའི་བཤེས་གཉེན་ཆེན་པོ་ཕན་བདེ་བཟང་པོས་བཀྲ་ཤིས་ལྷ་རྫས་ཟུང་དང་བཅས་ཏེ་བསྐུལ་བའི་ངོར། བསྟོད་ཡུལ་དམ་པ་གང་དེའི་ལེགས་གསུང་གི་བདུད་རྩི་ཅུང་ཟད་ཐོབ་པའི་སློབ་བུའི་ཐ་ཆུང་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་གསོལ་བ་བཏབ་པ་དགེ་ལེགས་སུ་གྱུར་ཅིག། །།

རྡོ་རྗེ་འཛིན་དབང་བསྟན་པ་དར་རྒྱས་ལ་གསོལ་བ་འདེབས་པ་བྱིན་རླབས་མྱུར་སྦྱོར།


JKT001_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་འཛིན་དབང་བསྟན་པ་དར་རྒྱས་ལ་གསོལ་བ་འདེབས་པ་བྱིན་རླབས་མྱུར་སྦྱོར་ཅེས་བྱ་བ་བཞུགས། །ཨོཾ་སྭསྟི། །རྡོ་རྗེ་འཛིན་དབང་རྒྱ་མཚོའི་ཐུགས་ཀྱི་སྲས། །བསྟན་པ་རིན་ཆེན་བཤད་དང་སྒྲུབ་པ་ཡི། །དར་ཞིང་རྒྱས་པར་མཛད་པའི་ཕྲིན་ལས་ཅན། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །ཚུལ་གནས་གསན་བསམ་སྒོམ་པའི་ཕ་རོལ་སོན། །འཆད་རྩོད་རྩོམ་པའི་ལེགས་མཛད་རྨད་དུ་བྱུང་། །མཁྱེན་བརྩེ་ནུས་པའི་དཔལ་མངའ་ཆོས་ཀྱི་རྗེའི། །རྣམ་ཐར་དྲན་བཞིན་སྙིང་ནས་གསོལ་བ་འདེབས། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །ཐུབ་བསྟན་དྲི་མེད་ཕྱོགས་བཅུར་རྒྱས་པ་དང་། །བདག་སོགས་འགྲོ་ཀུན་བླ་མས་རྗེས་བཟུང་ནས། །ཐུགས་ཡིད་གཅིག་འདྲེས་བྱང་ཆུབ་མྱུར་ཐོབ་ཤོག །ཅེས་པའང་སྒྲུབ་བརྩོན་བླ་མ་དམ་པ་བསོད་ནམས་རབ་རྒྱས་ཀྱིས་བསྐུལ་བའི་ངོར། བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ་ལེགས་སུ་གྱུར་ཅིག། །།

དད་ལྡན་པྲཛྙཱ་དྷཱཛས་བསྐྲུལ་ངོར་མཉྫུ་གྷོ་ཥས་བྲིས།


JKT001_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

དཀོན་མཆོག་གསུམ་དངོས་བླ་མས་རྗེས་སུ་བཟུང་། །ཕུན་ཚོགས་གསན་བསམ་སྒོམ་པའི་ཡོན་ཏན་རྫོགས། །ཕྲིན་ལས་རྨད་བྱུང་དཔལ་ལྡན་ཆོས་ཀྱི་རྗེ། །བཀའ་དྲིན་མཉམ་མེད་ཞབས་ལ་གསོལ་བ་འདེབས། །མཁྱེན་བརྩེ་ནུས་གཏེར་རྩ་བའི་བླ་མ་མཆོག །བཤད་དང་སྒྲུབ་པའི་རྒྱལ་མཚན་འཛིན་བཞིན་དུ། །བདག་སོགས་གདུལ་བྱ་རྒྱ་མཚོའི་མགོན་གཅིག་པུར། །བསྐལ་བརྒྱར་ཞབས་བརྟན་ཆོས་འཁོར་བསྐོར་དུ་གསོལ། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །རིགས་ཀུན་ཁྱབ་བདག་རྡོ་རྗེ་འཛིན་དབང་ཆེའི། །ཡེ་ཤེས་གཟིགས་པས་རྟག་ཏུ་རྗེས་བཟུང་ནས། །རང་གཞན་དོན་གཉིས་ལྷུན་གྱིས་གྲུབ་པར་ཤོག །ཅེས་པའང་དད་ལྡན་པྲཛྙཱ་དྷཱཛས་བསྐྲུལ་ངོར་མཉྫུ་གྷོ་ཥས་བྲིས་པ་དགེ། །

ཡོངས་འཛིན་འཇམ་པའི་དབྱངས་བྱམས་པ་ཀུན་དགའ་བཀྲ་ཤིས་ཀྱི་རྣམ་ཐར་ལ་གསོལ་བ་བདེབས་པ་དངོས་གྲུབ་རིན་པོ་ཆེའི་ཆར་འབེབས།


JKT001_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་འཛིན་འཇམ་པའི་དབྱངས་བྱམས་པ་ཀུན་དགའ་བཀྲ་ཤིས་ཀྱི་རྣམ་ཐར་ལ་གསོལ་བ་བདེབས་པ་དངོས་གྲུབ་རིན་པོ་ཆེའི་ཆར་འབེབས་ཞེས་བྱ་བ་བཞུགས་སོ། །བྱམས་པའི་ཐུགས་མངའ་བྱང་ཆུབ་སེམས་གཉིས་འབྱོངས། །རྣམ་ཀུན་དགའ་བཞིའི་ཡེ་ཤེས་མཐར་སོན་པས། །བཀྲ་ཤིས་གྲགས་པའི་རྒྱལ་མཚན་འཛིན་མཁས་པ། །རིགས་བརྒྱའི་ཁྱབ་བདག་ཆེན་པོར་གསོལ་བ་འདེབས། ༡ །མགོན་ཁྱོད་བསམས་བཞིན་ཐུབ་བསྟན་འཛིན་པའི་སླད། །རྡོ་རྗེ་གདན་མཚུངས་དཔལ་ལྡན་ས་སྐྱ་ཡི། །བྱང་ཕྱོགས་གྲུབ་པའི་སྨན་ལྗོངས་ཉམས་དགའ་བར། །མཚན་དཔེའི་དཔག་བསམ་འཁྲུངས་ལ་གསོལ་བ༴ ༢ གཞོན་ནུའི་དུས་ནས་ཐུབ་བསྟན་ལྷ་ཁང་ཆེར། །བརྟན་མཁས་ཡོན་ཏན་ཡོངས་རྫོགས་མངྒ་ལར། །སོ་ཐར་སྡོམ་པའི་བདུད་རྩི་བཞེས་པ་ལས། །ཚུལ་ཁྲིམས་པད་དཀར་བཞད་དེར་གསོལ་བ་འདེབས། ༣ །འཇམ་པའི་དབྱངས་དངོས་ཀུན་དགའ་བློ་གྲོས་དང་། །རྡོ་རྗེ་འཛིན་པ་རིན་ཆེན་རྒྱལ་མཚན་སོགས། །རིས་མེད་དམ་པ་དུ་མའི་ཞབས་བསྟེན་ནས། །ཐོས་པའི་ཕ་རོལ་སོན་ལ་གསོལ་བ་འདེབས། ༤ །ཕྱི་ནང་གཙུག་ལག་རྒྱ་མཚོའི་གནས་རྣམས་ལ། །འཁྲུལ་མེད་ཚད་མ་གསུམ་གྱིས་གཞལ་བ་ན། །འགལ་འབྲེལ་དཔྱོད་


JKT001_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བློ་གྲོས་ཡོངས་རྫོགས་པས། །བསམ་བྱུང་རྣམ་པར་དག་ལ་གསོལ༴ ༥ མཐར་ཐུག་གོ་འཕང་རྟོགས་པའི་ཡོན་ཏན་ལས། །བྱུང་ཞིང་དེ་ཡང་བསྒྲུབ་ལ་རག་ལས་ཕྱིར། །མདོ་སྔགས་ཟབ་དོན་རྩེ་གཅིག་ཉམས་བཞེས་མཐུས། སྒོམ་བྱུང་ཤེས་རབ་བརྙེས་ལ༴ ༦ སྒྲ་སྙན་སྡེབ་སྦྱོར་ལ་སོགས་ཐུན་མོང་དང་། །ཕ་རོལ་ཕྱིན་དང་རྡོ་རྗེ་ཐེག་པ་ཡི། །གཞུང་ལུགས་རྒྱ་མཚོ་འཆད་ལ་ཐོགས་མེད་པས། །མཁས་རྣམས་དགྱེས་པ་བསྐྱེད་དེར ༧ ཡིད་ཆེས་ལུང་གི་བ་དན་རབ་འཕྱར་ཞིང་། །དངོས་སྟོབས་རིགས་པའི་མཚོན་རྣོན་ལྷུང་བ་ལས། །ཕས་རྒོལ་སྤོབས་པ་འཕྲོག་བྱེད་རྩོད་ངག་གི། །འབྱོར་པས་མངོན་པར་མཐོ་ལ་གསོལ་བ༴ ༨ འཇམ་མགོན་གཞོན་ནུ་ཀུན་དགའི་མཚན་ཅན་གྱི། །རྟོགས་བརྗོད་རིན་ཆེན་ཕྲེང་བ་སྤེལ་བས་མཚོན། །ཡོན་ཏན་གསུམ་ལྡན་ལེགས་བཤད་རྩོམ་པ་ལ། །ངག་གི་དབང་ཕྱུག་བརྙེས་དེར༴ ༩ མདོར་ན་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི། །ཚིག་དང་དོན་ལ་མཁྱེན་པའི་ཕུལ་ཕྱིན་པས། །རང་གཞན་མཆོག་བདེའི་གོ་འཕང་ལ་སྦྱོར་བའི། །མཚུངས་མེད་མཁས་པའི་དབང་པོར་གསོལ༴ ༡༠ སོ་སོར་ཐར་དང་བྱང་སེམས་རིག་འཛིན་གྱི། །སྡོམ་པ་གསུམ་གྱི་བཅས་པའི་ར་བ་ལས། །ནམ་ཡང་མི་འདའ་བསླབ་ལ་རབ་གུས་པ། །བཙུན་པའི་ཁྱུ་མཆོག་ཆེན་པོར་གསོལ༴ ༡༡ ཁྱད་པར་གངས་ཅན་


JKT001_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པའི་མངའ་བདག་ཆེ། །དཔལ་ལྡན་ས་སྐྱའི་འཇམ་མགོན་མཆོག་རྣམས་ལ། །ཟབ་རྒྱས་གདམས་པ་རྒྱ་མཚོ་ཡོངས་སྩལ་བ། བཟང་པོའི་ཕྲིས་ལས་རྒྱས་ལ་ཟླ ༡༢ དེ་ལྟར་ཞིང་འདིའི་མཛད་པ་རྫོགས་པའི་མཐར། །འོད་གསལ་ཆེན་པོའི་དབྱིངས་སུ་སྙོམས་ཞུགས་ཀྱང་། །སླར་ཡང་ཟུང་འཇུག་སྤྲུལ་པའི་རྣམ་རོལ་གྱི། །མཛད་པ་རྒྱུན་མི་འཆད་ལ༴ ༡༣ རྩེ་གཅིག་གུས་པས་ཁྱོད་ཀྱི་རྣམ་པར་ཐར། །ཡང་ཡང་ཡིད་ལ་དྲན་བཞིན་གསོལ་འདེབས་ན། །བདག་སོགས་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །འབྲེལ་མེད་རྗེས་སུ་བཟུང་བར་མཛད་དུ་གསོལ། ༡༤ །དད་པས་རྒྱུད་བསྐུལ་ངེས་འབྱུང་སྙིང་ལ་ཤར། །བྱང་ཆུབ་སེམས་འབྱོངས་དབང་བཞིའི་ས་བོན་ལས། །སྐུ་བཞིའི་འབྲས་བུ་ཚེ་འདིར་སྨིན་པ་དང་། །ཐུབ་བསྟན་ཕྱོགས་བཅུར་རྒྱས་པའི་བཀྲ་ཤིས་ཤོག ༡༥ །ཅེས་དཔལ་ས་སྐྱ་པའི་ཡོངས་འཛིན་འཇམ་པའི་དབྱངས་བྱམས་པ་ཀུན་དགའ་བཀྲ་ཤིས་ཀྱི་རྣམ་པར་ཐར་པ་ལ་གསོལ་བ་འདེབས་པ་མདོར་བསྡུས་པ་འདིའང་། རྗེ་དེ་ཉིད་ཀྱི་ཐུགས་སྲས་དམ་པ་མདོ་སྔགས་རབ་འབྱམས་སྨྲ་བའི་སེང་གེ་དཔལ་ལྡན་བླ་མ་བྱམས་པ་སྨོན་ལམ་གྲགས་པས་བཀའ་སྩལ་རིན་པོ་ཆེའི་ཕྲེང་བས་བསྐུལ་བ་དོན་ཡོད་པར་བྱ་བའི་ཕྱིར། ཤར་མདོ་ཁམས་ཀྱི་བཙུན་པ་འཇམ་དབྱངས་མཁྱེན་བརྩེ་དབང་པོས་གངས་རིའི་ཁྲོད་ཀྱི་རྡོ་རྗེ་གདན་དཔལ་ལྡན་ས་སྐྱའི་གནས་ཀྱི་བྱེ་བྲག་པདྨ་འོད་གཉིས་པ་བྱ་འགྱུར་རྡོ་རྗེའི་བྲག་གི་བསམ་གཏན་གྱི་ཁང་བུར་ཤར་མར་སྤེལ་བ་འདིས་ཀྱང་འབྲེལ་ཚད་རྣམས་ཀྱི་རྒྱུད་ལ་རྗེ་བཙུན་བླ་མའི་ཡེ་ཤེས་གཟིགས་པའི་བྱིན་རླབས་མྱུར་དུ་འཇུག་པའི་རྒྱུར་གྱུར་ཅིག །

དཔལ་ས་སྐྱ་པ་བདག་ཆེན་འཇམ་པའི་དབྱངས་ངག་དབང་ཐེག་ཆེན་བཀྲ་ཤིས་རིན་ཆེན་ལ་ཞབས་བརྟན་དུ་གསོལ་བ་མཚན་སྤེལ་རིན་པོའི་ཆེའི་ཆུན་འཕྱང་།


JKT001_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ས་སྐྱ་པ་བདག་ཆེན་འཇམ་པའི་དབྱངས་ངག་དབང་ཐེག་ཆེན་བཀྲ་ཤིས་རིན་ཆེན་ལ་ཞབས་བརྟན་དུ་གསོལ་བ་མཚན་སྤེལ་རིན་པོའི་ཆེའི་ཆུན་འཕྱང་ཞེས་བྱ་བ་བཞུགས་སོ། །ཨོཾ་སྭ་སྟི་སིདྡྷི་རསྟུ། །ངག་དབང་རྡོ་རྗེ་རྣོན་པོའི་ཡེ་ཤེས་སྐུ། ངག་དབང་ལྷ་ཡི་རིགས་སུ་ཟློས་པའི་གར། །ངག་དབང་མཁས་ཀུན་དགའ་བའི་དཔྱིད་གཅིག་པུ། །ངག་དབང་འཇམ་མགོན་བླ་མ་ཞབས་བརྟན་གསོལ། །ཐེག་ཆེན་ཆོས་ཀྱི་ཆར་པ་འབེབས་མཁས་གསུང་། །ཐེག་ཆེན་བྱང་སེམས་བྱེ་བའི་ཚོགས་རྣམས་དང་། །ཐེག་ཆེན་རིགས་སད་སྐལ་བཟང་འདུས་པའི་དཔྱིད། །ཐེག་ཆེན་སྨྲ་བའི་དབང་ཕྱུག་ཞབས་བརྟན་གསོལ། །བཀྲ་ཤིས་མཁྱེན་གཉིས་ངོ་བོར་བྱང་ཆུབ་ཐུགས། །བཀྲ་ཤིས་སྲིད་ཞིའི་ཐིག་ལེར་རབ་འབར་བའི། །བཀྲ་ཤིས་སྣང་བས་རྒུད་པའི་མུན་བཅིལ་བ། །བཀྲ་ཤིས་ཀུན་གྱི་སྙིང་པོར་ཞབས་བརྟན་གསོལ། །རིན་ཆེན་རིན་ཐང་བྲལ་བའི་ཡོན་ཏན་གྱི། །རིན་ཆེན་བྱེ་བ་ཕྲག་བརྒྱར་དབང་འབྱོར་པས། །རིན་ཆེན་གསུམ་གྱི་ཕྲིན་ལས་རྒྱས་མཛད་པ། །རིན་ཆེན་དབང་གི་རྒྱལ་པོ་ཞབས་བརྟན་གསོལ། །མདོར་ན་ཡོངས་རྫོགས་བསྟན་འགྲོའི་སྐྱབས་གཅིག་པུ། །བསྐལ་པ་རྒྱ་མཚོར་ཞབས་པད་བརྟན་པ་དང་། །བཤད་སྒྲུབ་ཕྲིན་ལས་སྣང་བས་འཇིག་རྟེན་ན། །ཕན་བདེའི་དགེ་མཚན་རྒྱས་པའི་བཀྲ་ཤིས་སྩོལ། །ཅེས་པའང་འཇམ་དབྱངས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་ཡོན་ཏན་རིན་ཆེ་དུ་མའི་འབྱུང་གནས་དཔལ་ས་སྐྱའི་ཆོས་གྲྭ་ཆེན་པོར་གསོལ་བ་བཏབ་པ་སིདྡྷི་རསྟུ།། །།

དཔལ་ས་སྐྱ་པ་འཇམ་མགོན་བླ་མ་ངག་དབང་རྡོ་རྗེ་རིན་ཆེན་ལ་ཞབས་བརྟན་དུ་གསོལ་བ་མཚན་སྤེལ་མེ་ཏོག་དཀར་པོའི་ཆུན་འཕྱང་།


JKT001_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ས་སྐྱ་པ་འཇམ་མགོན་བླ་མ་ངག་དབང་རྡོ་རྗེ་རིན་ཆེན་ལ་ཞབས་བརྟན་དུ་གསོལ་བ་མཚན་སྤེལ་མེ་ཏོག་དཀར་པོའི་ཆུན་འཕྱང་ཞེས་བྱ་བ་བཞུགས་སོ། །བི་སྭསྟི་བི་ཛ་ཡནྟུ། ངག་དབང་འཇམ་དཔལ་གཞོན་ནུའི་ཡེ་ཤེས་སྐུ། །རྡོ་རྗེ་རྣོན་པོའི་རིགས་སུ་ཡོངས་ཤར་བ། །རིན་ཆེན་གསུམ་གྱི་ངོ་བོ་ས་སྐྱ་པ། །མཚུངས་མེད་བསྟན་པའི་ཉིན་བྱེད་ཞབས་བརྟན་གསོལ། ༡ །ངག་དབང་ལྷ་མོའི་བྱིན་རླབས་མངོན་སུམ་དུ། །རྡོ་རྗེ་ནཱ་དའི་རོལ་མོ་ལ་སྦྱར་བས། །རིན་ཆེན་ཆོས་ཀྱི་ཆར་པ་འབེབས་བཞིན་དུ། །བསྐལ་བརྒྱར་འཆི་མེད་གྲུབ་པ་ཉིད་གྱུར་ཅིག ༢ །ངག་དབང་སྨྲ་བའི་ཉི་མའི་ཡེ་ཤེས་ནི། །རྡོ་རྗེ་ནམ་མཁའི་དཀྱིལ་ལྟར་རྣམ་དག་ཀྱང་། །རིན་ཆེན་སྣང་བས་མཚོན་མིན་སྙིང་རྗེའི་མཐུས། །བསིལ་ལྡན་བསྟན་དང་འགྲོ་ལ་ལྷག་པར་དགོངས། ༣ །མདོར་ན་ཕྱོགས་དུས་རྒྱལ་བ་སྲས་བཅས་ཀྱི། །མཁྱེན་བརྩེ་ནུས་པའི་ཕྲིན་ལས་ཀུན་འདུས་པ། །སྙིགས་དུས་བསྟན་འགྲོའི་མགོན་སྐྱབས་གཅིག་པུ་གང་། །བསྐལ་བརྒྱར་ཞབས་བརྟན་ཆོས་འཁོར་བསྐོར་བ་དང་། ༤ །བདག་ཀྱང་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །ཡེ་ཤེས་གཟིགས་པ་དམ་པས་རྗེས་བཟུང་ནས། །དམ་ཆོས་སྒྲུབ་པའི་འགལ་རྐྱེན་ཀུན་ཞི་ཞིང་། །ཕན་བདེའི་དགེ་མཚན་རྒྱས་པའི་བཀྲ་ཤིས་སྩོལ། །།ཅེས་པའང་འཇམ་དབྱངས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་ཡོན་ཏན་རིན་པོ་ཆེ་དུ་མའི་འབྱུང་གནས་དཔལ་ས་སྐྱའི་ཆོས་གྲྭ་ཆེན་པོར་གསོལ་བ་བཏབ་པ་སིདྡྷི་རསྟུ།། །།

འཇམ་མགོན་ས་སྐྱ་པ་བྱམས་པ་ཕྱོགས་ཀྱི་གླང་པོ་བཀྲ་ཤིས་གྲགས་པའི་རྒྱལ་མཚན་དཔལ་བཟང་པོའི་ཞབས་བརྟན་གསོལ་འདེབས་ཕན་བདེའི་སྤྲིན་ཕུང་།


JKT001_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་མགོན་ས་སྐྱ་པ་བྱམས་པ་ཕྱོགས་ཀྱི་གླང་པོ་བཀྲ་ཤིས་གྲགས་པའི་རྒྱལ་མཚན་དཔལ་བཟང་པོའི་ཞབས་བརྟན་གསོལ་འདེབས་ཕན་བདེའི་སྤྲིན་ཕུང་ཞེས་བྱ་བ་བཞུགས་སོ། །ཨོཾ་སྭསྟི་སིདྡྷཾ། བཀྲ་ཤིས་དགེ་མཚན་བྱེ་བས་བརྒྱན་པའི་སྐུ། །ལུང་རྟོགས་ཆོས་ཀྱི་ཆར་པ་འབེབས་མཁས་གསུང་། །ཇི་ལྟ་ཇི་སྙེད་གཟིགས་པའི་ཐུགས་མངའ་བའི། །དཔལ་ལྡན་ཕྱོགས་ཀྱི་གླང་པོ་ཞབས་བརྟན་གསོལ། ༡ །གསན་བསམ་སྒོམ་པའི་ཆུ་གཏེར་ལས་བྱུང་ཞིང་། །འཆད་རྩོད་རྩོམ་པའི་འོད་སྟོང་དྲྭ་བ་ཅན། །མཁྱེན་བརྩེ་ནུས་པས་ས་གསུམ་སྣང་མཛད་པ། །འཇམ་མགོན་སྨྲ་བའི་ཉི་མར་གསོལ་བ་འདེབས། ༢ །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །བསྟན་འཛིན་ཞབས་བརྟན་བསྟན་པ་ཕྱོགས་བཅུར་རྒྱས། །སྡེ་བཞི་དགེ་བཅུའི་འབྱོར་བས་འགྲོ་ཀུན་ལ། །ཕན་བདེའི་ལེགས་ཚོགས་འཕེལ་བའི་བཀྲ་ཤིས་སྩོལ། །ཅེས་པའང་འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཉིད་དཔལ་ལྡན་ལྷུན་གྲུབ་སྟེང་གི་ཆོས་ཁྲིལ་མངའ་གསོལ་བའི་སྐབས་ཆོས་སྨྲ་བའི་བཙུན་པ་འཇམ་དབྱས་མཁྱེན་བརྩེའི་དབང་པོས་གསོལ་བ་བཏབ་པ་དགེ་ལེགས་སུ་གྱུར་ཅིག། །།

བསྐལ་བཟང་རྣམ་འདྲེན།


JKT001_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭསྟི་ཛི་བནྟ། །བསྐལ་བཟང་རྣམ་འདྲེན་ཡོངས་ཀྱི་ཐུགས་རྗེའི་འཕྲུལ། །ཆོས་ཀྱི་སྣང་བ་ཆེན་པོ་སྲིད་པ་འདིའི། །སྒྲོན་མེ་གཅིག་པུར་གྱུར་པ་རྡོ་རྗེའི་སྐུ། །འཆི་མེད་གྲུབ་པའི་དགེ་མཚན་འབར་གྱུར་ཅིག །བསྐལ་བཟང་འདུས་པའི་ཚོགས་ལ་ལེགས་གསུང་གི། །ཆོས་ཀྱི་ཉིན་བྱེད་བརྡལ་བས་ཐར་ལམ་གྱི། །སྒྲོན་མེ་འཇིག་རྟེན་གསུམ་ན་མཛེས་པའི་གསུང་། །ནམ་ཡང་དུབ་མེད་རྟག་ཏུ་བརྟན་གྱུར་ཅིག །སྐལ་བཟང་གདུལ་བྱ་རྗེས་འཛིན་བརྩེ་བ་དང་། །ཆོས་ཀྱི་དེ་ཉིད་གཟིགས་པས་མཁྱེན་རབ་ཀྱི། །སྒྲོན་མེ་བཞིན་དུ་རྣམ་གྲོལ་དཔལ་སྟེར་ཐུགས། །ངེས་པར་ཞིང་དེར་གཟིགས་པ་གཡོ་མེད་གསོལ། །དཔལ་ལྡན་བླ་མ་ཞབས་པད་བསྐལ་བརྒྱར་རྟག །དཔལ་གྱི་ཡོན་ཏན་སྲིད་ཞིའི་ཁམས་ཀུན་ཁྱབ། །དཔལ་མཆོག་ཕྲིན་ལས་ལྷུན་གྱིས་གྲུབ་པ་ཡི། །དཔལ་འབྱོར་ཕན་བདེའི་དཔྱིད་དུ་རྒྱས་གྱུར་ཅིག །ཐུབ་པའི་བསྟན་འཛིན་མཆོག་རྣམས་འཚོ་གཞེས་ཤིང་། །བཤད་སྒྲུབ་བསྟན་པ་ནུབ་མེད་གོང་དུ་འཕེལ། །འགྲོ་ཀུན་དུས་ཀྱི་རྒུད་པ་ཡོངས་སུ་ཞི། །ས་གསུམ་བཀྲ་ཤིས་སྣང་བས་ཁྱབ་པར་ཤོག །ཅེས་པའང་ཤཱཀྱའི་དགེ་སློང་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་དངོས་པོ་ཞེས་པ་ཤིང་ཕོ་ཁྱིའི་ལོ་ཆུ་སྟོད་ཟླ་བའི་རྒྱལ་བས་ཆས་འཁོར་བསྐོར་བའི་དུས་ཆེན་དགེ་བར་གསོལ་བ་བཏབ་པར་སརྦ་དཱ་སུ་ཤྲཱི་ཡསིདྷི་གྷ་ཡཱཏ། །

ཕན་བདེ་མཁན་རིན་པོ་ཆེ་ཀུན་དགའ་བསྟན་པའི་བློ་གྲོས་ལ་གསོལ་བ་འདེབས་པ་བྱིན་རླབས་མཆོག་སྟེར།


JKT001_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

ཕན་བདེ་མཁན་རིན་པོ་ཆེ་ཀུན་དགའ་བསྟན་པའི་བློ་གྲོས་ལ་གསོལ་བ་འདེབས་པ་བྱིན་རླབས་མཆོག་སྟེར་ཅེས་བྱ་བ་བཞུགས་སོ། །རྡོ་རྗེ་འཆང་དངོས་ཀུན་དགའ་བཟང་པོ་ཡི། །བཤད་སྒྲུབ་བསྟན་པའི་རྒྱལ་མཚན་འཛིན་མཁས་པ། །བློ་གྲོས་མཚུངས་མེད་མཁྱེན་བརྩེ་ནུས་པའི་གཏེར། །ཁྱབ་བདག་དཔལ་ལྡན་བླ་མར་གསོལ་བ་འདེབས། །སོ་ཐར་ཁྲིམས་ཀྱི་ཆུ་གཏེར་ལས་བྱུང་ཞིང་། །བྱང་ཆུབ་། །སེམས་གཉིས་བདུད་རྩིས་རབ་ཏུ་གཏམས། །གསང་ཆེན་སྨིན་གྲོལ་ཆ་ཤས་ཡོངས་གང་བའི། །རྣམ་འདྲེན་སྨྲ་བའི་ཟླ་བ་ཞབས་བརྟན་གསོལ། །དེ་ལྟར་བསྟོད་ཅིང་གསོལ་བ་བཏབ་པའི་མཐུས། ། བདག་གཞན་དེང་ནས་བྱང་ཆུབ་སྙིང་པོའི་བར། །དྲིན་ཅན་བླ་མ་མཆོག་གིས་རྗེས་བཟུང་ནས། །གནས་སྐབས་མཐར་ཐུག་དོན་གཉིས་ལྷུན་གྲུབ་ཤོག །ཅེས་པའང་དོན་གཉེར་ཅན་དག་གིས་བསྐུལ་བའི་ངོར། ཤཱཀྱའི་དགེ་སློང་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་དཔལ་ཨེ་ཝཾ་ཐར་པ་རྩེར་བྲིས་པ་དགེ་ལེགས་སུ་གྱུར་ཅིག། །།སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། །།

ཕན་ཁང་མཁན་རིན་པོ་ཆེ་ཀུན་དགའ་བསྟན་པའི་བློ་གྲོས་ལ་ཞབས་བརྟན་དང་ལེགས་འབུལ་གྱི་སྨོན་ཚིག


JKT001_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

ཕན་ཁང་མཁན་རིན་པོ་ཆེ་ཀུན་དགའ་བསྟན་པའི་བློ་གྲོས་ལ་ཞབས་བརྟན་དང་ལེགས་འབུལ་གྱི་སྨོན་ཚིག་བཞུགས་སོ།། །།


JKT001_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱནནྡཀརུཎསྱབེལཊ་ཤིཤསནརབིཏྲིལོཀབེ། ཚནྡཤུདྡྷསྱཱདཱསྟེ། །དྷིཧིཏུཾསུཁབྷསིཀསམཾ ཀུན་ནས་དགའ་བའི་སྙིང་རྗེའི་རྣམ་རོལ་ནི། །བསྟན་པའི་ཉི་མ་འཇིག་རྟེན་གསུམ་གྱི་དཔལ། །བློ་གྲོས་མཚུངས་མེད་ཕན་བདེའི་སྣང་བ་ཅན། །ཞབས་པད་རྡོ་རྗེའི་ཁམས་སུ་འཚོ་གཞེས་གསོལ། ༡ ། ཚོགས་གཉིས་ཆུ་གཏེར་བསྲུབས་ལས་སྐྱེས་པ་ཡིས། །མཚན་དཔེའི་ཟླ་རིས་གང་དུ་འཆར་ཙམ་གྱིས། །སྲིད་དང་ཞི་བའི་གདུང་བ་ཀུན་སེལ་བའི། །བསྐལ་བཟང་ནམ་ཡང་ནུབ་པ་མེད་གྱུར་ཅིག ༢། དབྱངས་ཀྱི་ཡན་ལག་དྲུག་ཅུའི་རྒྱུད་མང་པོ། །སྡེ་སྣོད་རྒྱ་མཚོའི་གདངས་སུ་འཕོས་པ་ལས། །འགྲོ་ཀུན་མ་རིག་གཉིད་ལས་སློང་བགྱིད་པའི། །ཆོས་ཀྱི་འཁོར་ལོ་རྟག་ཏུ་བསྐོར་བར་བསྐུལ། ༣ །ཐུགས་ནི་བཟུང་འཛིན་སྤྲོས་པ་ལས་འདས་བཞིན། །རྣམ་པ་ཡིད་ཅན་རྒྱ་མཚོར་རྗེས་ཆགས་པའི། །སྙིང་རྗེའི་ལང་ཚོ་རྒྱས་པའི་སྤྱན་རས་ཀྱི། །གཟིགས་པས་བསིལ་ལྡན་ལྗོངས་འདིར་གཅིག་ཏུ་དགོངས། ༤ །བྲལ་


JKT001_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྨིན་པའི་ཡོན་ཏན་མཐའ་ཡས་པ། །དོན་གཉིས་འདོད་དགུ་འཇོ་བའི་ནོར་བུའི་སྤྲིན། །གདུལ་བྱའི་ཡིད་མཁར་དུས་ལས་ཡོལ་མིན་པས། །ལྷར་བཅས་ཀུན་དགའི་གྲུ་ཆར་འབེབས་གྱུར་ཅིག ༥ ། སྲས་བཅས་རྒྱལ་བ་དགྱེས་པའི་ཕྲིན་ལས་ཀྱི། །སྤྲིང་ཡིག་ཕྱོགས་ཀྱི་བུ་མོའི་མཐར་འགྲོ་བས། །འཇིག་རྟེན་དགེ་ལེགས་རྫོགས་པའི་ངོ་མཚར་དང་། །ལྷན་ཅིག་འཆི་མེད་གྲུབ་པ་ཉིད་གྱུར་ཅིག ༦ །མདོར་ན་ཁྱོད་ཞབས་བསྐལ་བརྒྱར་བརྟན་པ་དང་། །བཤད་སྒྲུབ་མཛད་བཟང་ཕྱོགས་བཅུར་འཕེལ་བ་དང་། །དེས་ཀྱང་བསྟན་འགྲོའི་རྒུད་པ་ཀུན་སེལ་བའི། །ཤིས་པའི་པདྨོ་རྟག་ཏུ་རྒྱས་གྱུར་ཅིག ༧ །ཅེས་དགེ་ལེགས་སུ་བྱ་བའི་ཚིག་གིས་མདུན་བསུས་ཏེ། །དེང་གི་ཆར་ཡང་༴ སླད་མའི་ཆར་ཡང་། སྐྱབས་མགོན་མཁན་ཆེན་ཐམས་ཅད་མཁྱེན་གཟིགས་ཆེན་པོ་གང་ཉིད་བསྐལ་པ་རྒྱ་མཚོར་ཞབས་པད་བརྟན་ཅིང་ཕྲིན་ལས་རྒྱས་པ་དང་། གུས་པའང་རྣམ་ཀུན་ཐུགས་རྗེའི་གཟིགས་པས་མི་འདོར་བར་དངོས་པོ་ཀུན་གྱིས་བཏུད་དེ་གསོལ་བ་འདེབས་པ་ལགས། །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། །།

སྟོབས་བཅུའི་དབང་ཕྱུག


JKT001_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭསྟི་པྲ་ཛེ་བྷྱཿ སྟོབས་བཅུའི་དབང་ཕྱུག་རྒྱལ་བ་ཉི་མའི་གཉེན། །རྒྱལ་ཚབ་འཕགས་པའི་གནས་བརྟན་འཁོར་བཅས་ཀྱིས། །བྱིན་རླབས་བདུད་རྩིའི་སྣང་བས་འཇིང་རྟེན་ན། །ཕན་བདེའི་པདྨོ་རྟག་ཏུ་རྒྱས་པར་ཤོག །ཅེས་པའང་ཤཱཀྱའི་བཙུན་པ་འཇམ་དབྱངས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་གསོལ་བ་བཏབ་པ་སིདྡྷི་རསྟུ།། །།

ཀུན་དགའི་རྣམ་འདྲེན།


JKT001_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭསྟི་སིདྡྷཾ། ཀུན་དགའི་རྣམ་འདྲེན་སྲས་བཅས་རྒྱལ་བ་རྣམས། །ཀུན་དགའི་རིང་ལུགས་ཆོས་བཞིན་སྐྱོང་བའི་ཕྱིར། །ཀུན་དགའི་མཚན་དཔེའི་དཔལ་འབར་རྡོ་རྗེའི་སྐུ། །ཀུན་དགའི་གདུང་སེལ་མཆོག་ཏུ་འཚོ་གཞེས་གསོལ། །བསྟན་པའི་རྩ་བ་སོ་སོར་ཐར་པ་དང་། །བསྟན་པའི་སྙིང་པོ་བྱང་སེམས་སྔགས་ཀྱི་ལམ། །བསྟན་པའི་དཔལ་དུ་འདོམས་མཛད་རྡོ་རྗེའི་གསུང་། བསྟན་པའི་ཉི་མ་གཅིག་པུར་འཚོ་གཞེས་གསོལ། །བློ་གྲོས་ཟབ་མོས་ཇི་ལྟའི་དེ་ཉིད་གཟིགས། །བློ་གྲོས་རྒྱ་ཆེ་ཇི་སྙེད་ཤེས་བྱ་མཁྱེན། །བློ་གྲོས་དཔག་ཡས་འོད་གསལ་རྡོ་རྗེའི་ཐུགས། །བློ་གྲོས་མཚུངས་མེད་གྲུབ་པར་འཚོ་གཞེས་གསོལ། །དགེ་ལེགས་ལྷུན་གྱིས་གྲུབ་པའི་ཡོན་ཏན་དང་། །དགེ་ལེགས་རྟག་པ་དམ་པའི་ཕྲིན་ལས་ཕུལ། །དགེ་ལེགས་སྲིད་དང་ཞི་བའི་རྒྱན་གཅིག་པུར། །དགེ་ལེགས་རོལ་མོས་ས་གསུམ་ཁྱབ་པར་ཤོག །བཀྲ་ཤིས་སྲིད་ཞིའི་གཙོ་བོས་ཕྱག་བྱས་པའི། །བཀྲ་ཤིས་ཞབས་པད་འཁོར་ལོའི་རེ་ཁཱ་ཅན། །བཀྲ་ཤིས་ཚངས་སོགས་ཆེ་དགུའི་ཐོར་ཚུགས་རྩེར། །བཀྲ་ཤིས་སྣང་བ་རྟག་ཏུ་འབར་གྱུར་ཅིག །ཅེས་བསམ་པ་དག་ཅིང་སྦྱོར་བ་གུས་པས་གསོལ་བ་འདེབས་མཚོན་བཀྲ་ཤིས་པའི་ལྷ་རྫས་རབ་དཀར། འཆི་མེད་ཚེ་མཐའ་ཡས་པའི་སྣང་བརྙན། འཆི་མེད་པདྨ་འབྱུང་གནས་ཀྱི་ཐུགས་བཅུད་གླེགས་བམ། གོས་སེར་རྒྱས་པའི་མདངས་ཅན་ཁ་གྲུ། མི་འགྱུར་བའི་རིན་ཆེན་དང་པོ་ཞོ་འཁོར་བཀྲ་ཤིས་པའི་རྟགས་ཀྱི་གྲངས་ལྡན་བཅས་སྨིན་དྲུག་ཟླ་བའི་གྲལ་ཚེས་དགེ་བར་འབུལ་ལམ་ཞུས་པ་དེ་དེ་བཞིན་དུ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ།

དབོན་གཞན་ཕན་ཀུན་དགའ་ལ་གདམས་པ།


JKT001_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་ལ་ཕྱག་འཚལ་ལོ། །དལ་བརྒྱད་འབྱོར་བཅུས་བརྒྱན་པའི་ལུས་རྟེ འཁོར་ལོ་བཞི་ལྡན་ཐོབ་པའི་གནས་སྐབས་འདིར། །ནམ་འཆི་ཆ་མེད་དྲན་པས་རྒྱུད་བསྐུལ་ནས། །རྒྱུ་འབྲས་ལས་ལ་བླང་དོར་ཞིབ་ཏུ་མཛོད། །ཁྱད་པར་སྲིད་ལས་བཅོས་མིན་ཅེས་འབྱུང་གིས། །ཇི་ལྟར་ཁས་བླངས་ཚུལ་ཁྲིམས་དག་པ་དང་། །སྡེ་སྣོད་རྒྱུད་སྡེ་ཟབ་མོའི་གསང་བ་ལ། །ཐོས་དང་བསམ་པས་རང་རྒྱུད་ལེགས་པར་སྦྱངས། །བྱང་ཆུབ་སེམས་དང་རིམ་གཉིས་རྣལ་འབྱོར་ལ། །རྩེ་གཅིག་ཉམས་སུ་ལེན་པའི་སྐལ་བཟང་གིས། །རང་གཞན་དོན་གཉིས་ལྷུན་གྱིས་གྲུབ་པ་ཡི། །དགེ་མཚན་མངོན་སུམ་མཐོང་བའི་བཀྲ་ཤིས་ཤོག །ཅེས་པའང་དབོན་གཞན་ཕན་ཀུན་དགའི་ངོར་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ་ལེགས་སུ་གྱུར་ཅིག། །།

བླ་མ་དམ་པ་བསྟན་འཛིན་རྒྱལ་མཚན་གྱིས་བསྐུལ་ངོར།


JKT001_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

སྲས་བཅས་རྒྱལ་བའི་ཡབ་གཅིག་འཇམ་པའི་དབྱངས། །བརྩེ་ཆེན་ཀུན་དགའི་རིང་ལུགས་སྤེལ་བའི་ཕྱིར། །བསོད་ནམས་མཐའ་ཡས་ཤེས་རབ་དྲི་མེད་པ། །འཁོན་གདུང་རྡོ་རྗེ་འཆང་ལ་གསོལ་བ་འདེབས། །བྱམས་པའི་དཔལ་མངའ་དམིགས་མེད་ཐུགས་རྗེའི་གཏེར། །མཁས་ཀུན་དགའ་བའི་མཁྱེན་རབ་ཕ་མཐའ་ཡས། །ཡོངས་འཛིན་བསྟན་པའི་རྒྱལ་མཚན་འཛིན་མཛད་པ། །རིགས་


JKT001_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱའི་ཁྱབ་བདག་ཆེན་པོར་གསོལ་བ་འདེབས། །དཔལ་ལྡན་རྡོ་རྗེ་འཛིན་པའི་ངོ་བོ་ཉིད། །བློ་གྲོས་མཚུངས་མེད་མཁྱེན་བརྩེ་ནུས་པའི་གཏེར། །ཕྱོགས་ལས་རྣམ་པར་རྒྱལ་བའི་དགེ་མཚན་ཅན། །མཁན་ཆེན་ཐམས་ཅད་མཁྱེན་པར་གསོལ་བ་འདེབས། །མཐའ་ཡས་ཤེས་བྱ་ཀུན་གཟིགས་འཇམ་པའི་དབྱངས། །མཚུངས་མེད་མཁྱེན་བརྩེའི་གཏེར་ཆེན་རྒྱལ་བའི་སྲས། །མཁས་ཤིང་གྲུབ་པའི་དབང་པོ་རྡོ་རྗེ་འཛིན། །གཙུག་ལག་སྨྲ་བའི་ཉི་མར་གསོལ་བ་འདེབས། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །རྗེ་བཙུན་མཆོག་རྣམས་ཞབས་པད་བསྐལ་བརྒྱར་བརྟན། །བཤད་སྒྲུབ་བསྟན་པས་ས་ཆེན་ཀུན་ཏུ་ཁྱབ། །བདག་སོགས་འགྲོ་ཀུན་བྱང་ཆུབ་མྱུར་ཐོབ་ཤོག །ཅེས་པའང་བླ་མ་དམ་པ་བསྟན་འཛིན་རྒྱལ་མཚན་གྱིས་འདི་ལྟར་བྲིས་ཤིག་ཅེས་རྒྱང་རིང་མོ་ནས་གསུང་གིས་བསྐུལ་བའི་ངོར། འཇམ་དབྱངས་བླ་མ་དགྱེས་པའི་འབངས་མཁྱེན་མརྩེའི་དབང་པོས་བྲིས་པ་བླ་མའི་བྱིན་རླབས་སྙིང་ལ་འཇུག་པའི་རྒྱུར་གྱུར་ཅིག། །།

འཇམ་མགོན་བླ་མ་ངག་དབང་ལེགས་གྲུབ་ཀྱི་རྣམ་ཐར་གསོལ་འདེབས་བྱིན་རླབས་མྱུར་འབེབས།


JKT001_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་མགོན་བླ་མ་ངག་དབང་ལེགས་གྲུབ་ཀྱི་རྣམ་ཐར་གསོལ་འདེབས་བྱིན་རླབས་མྱུར་འབེབས་ཞེས་བྱ་བ་བཞུགས་སོ། །འཇམ་མགོན་ངག་གི་དབང་ཕྱུག་ཡེ་ཤེས་སྐུ། །ཐེག་མཆོག་དགེ་བའི་བཤེས་ཀྱི་ཚུལ་བཟུང་ནས། །ལེགས་བཤད་རབ་འབྱམས་སྨྲ་བ་ཟླ་མེད་པ། །མཁས་ཤིང་གྲུབ་པའི་དབང་པོར་གསོལ་བ་འདེབས། །མགོན་ཁྱོད་འོད་གསལ་ཆོས་སྐུའི་ངང་ཉིད་ལས། །ཟུང་འཇུག་


JKT001_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

ལོངས་སྤྱོད་རྫོགས་པའི་རྣམ་རོལ་གྱིས། །བོད་ཆེན་དགེ་བཅུས་མཚན་པའི་ནོར་འཛིན་ལྗོངས། །རབ་བྱུང་བཅུ་བཞི་པའི་ལྕགས་ལུག་ལོར་སྒ་སྟོད་ལབ་མདའི་འཕྱིང་སར་ཚང་སར་སྤྲུལ་པའི་སྒྱུ་འཕྲུལ་སྣང་ལ་གསོལ་བ་འདེབས། གཞོན་ནུ་ཉིད་ནས་དད་དང་ངེས་འབྱུང་དང་། །མི་འཕྲོག་མཁྱེན་རབ་སྙིང་བརྩེའི་ཡེ་ཤེས་སོགས། །ཐེག་ཆེན་དཀར་པོའི་ཆོས་ཁམས་ཡོངས་སད་པས། །དམ་པའི་རིགས་སུ་མཚོན་ལ་གསོལ་བ་འདེབས། །ཡོན་ཏན་འབྱུང་གནས་ཨེ་ཝཾ་ཆོས་གྲྭ་ཆེར། །འཇམ་པའི་དབྱངས་དངོས་དཔལ་ལྡན་དོན་གྲུབ་ལས། །དགུང་གྲངས་ཉི་ཤུ་པ་ལྕགས་ཕོ་སྟག་གི་ལོར། །སྡོམ་པ་གསུམ་གྱི་བཀའ་དྲིན་ལེགས་ནོས་ཤིང་། །རིག་ཚུལ་རྒྱ་མཚོར་སྦྱངས་ལ་གསོལ༴ ཁྱབ་བདག་རྡོ་རྗེ་སེམས་དཔའི་ངོ་བོ་ཉིད། །ཐམས་ཅད་མཁྱེན་པ་ཀུན་དགའ་བསྟན་འཛིན་སོགས། །ཡོངས་འཛིན་དུ་མའི་ཞལ་ལས་ཟབ་རྒྱས་ཀྱི། །གདམས་པའི་བདུད་རྩི་བཞེས་ལ༴ ཐུན་མོང་རིག་པའི་གཙུག་ལག་ཇི་སྙེད་དང་། །ཁྱད་པར་མདོ་དང་སྔགས་ཀྱི་ཟབ་མོའི་དོན། མཆོག་ཏུ་བརྩེ་ཆེན་སྙིང་པོའི་རིང་ལུགས་ལ། །བསམ་བྱུང་ཤེས་རབ་རྒྱས་ལ༴ བརྟན་མཁས་ཕན་འདོགས་ཡོན་ཏན་ཡོངས་སུ་རྫོགས། །བྱང་ཆུབ་སེམས་གཉིས་བདུད་རྩིས་ཐུགས་རྒྱུད་གཏམས། །གསང་ཆེན་སྨིན་གྲོལ་ལམ་ལ་དབང་འབྱོར་བའི། །དཔག་ཡས་ངོ་མཚར་གཏེར་ལ་གསོལ་བ་


JKT001_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས། །ལྷག་པའི་ལྷ་ཡི་བསྙེན་སྒྲུབ་ཚད་དུ་ཕྱིན། །དེ་ཉིད་རྣམ་པ་བཅུ་ཡི་ཕ་རོལ་སོན། །དགུང་གྲངས་སོ་གསུམ་པ་ཆུ་ཡོས་ལོར་དཔལ་ཨེ་ཝཾ་ཆོས་ལྡན་གྱི་རྡོ་རྗེ་སློབ་དཔོན་དུ་མངའ་གསོལ། བཤད་སྒྲུབ་བསྟན་པའི་རྒྱལ་མཚན་ལེགས་བཟུང་བའི། །རྡོ་རྗེའི་སློབ་དཔོན་མཆོག་ལ༔ ཁྱད་པར་སྔོན་གྱི་སྨོན་ལམ་བཟང་པོའི་མཐུས། །སྡེ་བཞི་དགེ་བཅུས་མཚན་པའི་སྨན་ལྗོངས་སུ། །དགུང་གྲངས་ཞེ་གསུམ་པ་ཆུ་གླང་ལོར། ཞབས་ཀྱི་ཨུཏྤལ་བཀོད་པའི་དེ་མ་ཐག །ཕྲིན་ལས་རྒྱས་པར་གྱུར་ལ༔ དེ་ཚེ་བླ་མ་རྣམས་དང་ལྷག་པའི་ལྷས། །བྱིན་རླབས་སྤོབས་པའི་གཏེར་ཆེན་ཡོངས་གྲོལ་ནས། །རབ་འབྱམས་གཞུང་མང་འཆད་དང་རྩོམ་པ་ཡིས། །རྒྱལ་བསྟན་སྲིད་མཐར་སྤེལ་ལ༔ རྣམ་ཀུན་མཚན་མའི་རྟོག་པས་མི་གཡེངས་ཤིང་། །རྙེད་དང་བཀུར་བསྟི་བསོད་ནམས་ཚོགས་སུ་སྤེལ། །དམ་པའི་ཚུལ་ལས་ནམ་ཡང་མི་འདའ་བའི། །འབྲེལ་ཚད་དོན་ལྡན་མཆོག་ལ དཀར་ཕྱོགས་ལྷ་ཡིས་བསྟེན་པའི་གྲུབ་གནས་སུ། །དགུང་གྲངས་ཞེ་བརྒྱད་དུ་ཕེབས་པ་ས་རྟ་དབོ་ཟླ་བའི་ཚེས་བརྒྱད་ལ་ཐོག་མར་བཏབ། ཐུབ་བསྟན་མ་ཕམ་ཆོས་ཀྱི་དགའ་ཚལ་ཆེ། །འཁོར་ལོ་གསུམ་གྱི་མཛད་པས་ལེགས་བསྐྱངས་ཏེ། །ཕན་བདེའི་དགེ་མཚན་སྤེལ་ལ༴ གང་གི་ལེགས་གསུང་བདུད་རྩིའི་སྙིང་པོ་ཡིས། །གསན་བསམ་སྒོམ་པའི་ལང་ཚོ་དར་བབས་པ། །བསྟན་འཛིན་སློབ་མའི་ཚོགས་ཀྱི་འདུ་བ་ཆེས། །ཕྱོགས་ཀུན་མཛེས་པར་


JKT001_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱན་ལ༴ ཞིང་འདིའི་མཛད་པ་རེ་ཞིག་རྫོགས་པ་དང་། །གདུལ་བྱའི་ཚོགས་ལ་ངེས་འབྱུང་བསྐུལ་བ་དང་། རྒྱལ་བ་རྣམས་དང་ཆོས་ཀྱི་འགྲོ་བའི་སླད། །དགུང་གྲངས་ང་གཅིག་པ་རབ་བྱུང་བཅུ་བཞི་པའི་ལྕགས་བྱ་ཆུ་སྟོད་ཟླ་བའི་ཚེས་ཉེར་དགུའི་ཐོ་རེངས་ལ་། ཞི་བའི་དབྱིངས་སུ་གཤེགས་པ༴ དེ་ཚེ་ངོ་མཚར་ལྟས་མང་དང་བཅས་ཏེ། །འོད་གསལ་ངང་ལས་ཟུང་འཇུག་སྐུར་བཞེངས་ནས། །སླར་ཡང་སྤྲུལ་པའི་སྒྱུ་འཕྲུལ་རྨད་བྱུང་བས། །གཞན་དོན་མཁའ་ཁྱབ་མཛད་ལ་གསོལ་བ༴ གུས་ལྡན་སློབ་མས་མཆོད་པའི་སྤྲིན་ཕུང་དང་། །འཁོར་ལོ་གསུམ་གྱི་ལེགས་མཛད་རྗེས་བསྐྱངས་ཏེ། །རང་གཞན་རྒྱུད་ལ་བསོད་ནམས་ཡེ་ཤེས་ཀྱི། །ཚོགས་ཟུང་རྟག་པར་སྤེལ་ལ་གསོལ་བ་འདེབས། །དེ་ལྟར་མགོན་པོ་གང་གི་རྣམ་པར་ཐར། །རྩེ་གཅིག་ཡིད་ལ་དྲན་པས་གསོལ་འདེབས་ན། །སྒྲིབ་བྲལ་ཡེ་ཤེས་གཟིགས་པ་རྨད་བྱུང་བས། །བྱིན་རླབས་ཆར་ཆེན་ཕོབས་ཤིག་བླ་མ་རྗེ། །ངེས་འབྱུང་ཆེན་པོས་ཐུབ་པའི་བསྟན་ལ་ཞུགས། །སྙིང་རྗེ་ཆེན་པོས་བྱང་ཆུབ་སེམས་གཉིས་འབྱོངས། །སྐལ་པ་ཆེན་པོས་གསང་ཆེན་ཐེག་པ་ལ། །འཇུག་པའི་རྟེན་འབྲེལ་འགྲིགས་པར་བྱིན་གྱིས་རློབས། །གཞི་རྒྱུད་འཁོར་འདས་དབྱེ་མེད་ལྟ་བ་རྟོགས། །ལམ་རྒྱུད་དབང་བཞིའི་སྨིན་གྲོལ་མངོན་དུ་གྱུར། །འབྲས་རྒྱུད་སྐུ་བཞི་ཟུང་འཇུག་བདེ་བ་ཆེའི། །གོ་འཕང་མྱུར་དུ་ཐོབ་པར་བྱིན་གྱིས་


JKT001_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

རློབས། །དེ་མ་ཐོབ་པའི་ཚེ་རབས་ཐམས་ཅད་དུ། །དལ་འབྱོར་མཆོག་ཐོབ་འཁྲུལ་མེད་བསྟན་དང་མཇལ། །དམ་ཆོས་སྒྲུབ་པའི་འགལ་རྐྱེན་ཀུན་ཞི་ཞིང་། །མཐུན་རྐྱེན་ལེགས་ཚོགས་རྒྱས་པར་བྱིན་གྱིས་རློབས། །ཚུལ་ཁྲིམས་དག་ཅིང་ཐོས་བསམ་སྒོམ་ལ་བརྩོན། །ལུང་དང་མངོན་པར་རྟོགས་པའི་ཡོན་ཏན་འཕེལ། །སྒོ་གསུམ་དམ་པའི་ཆོས་དང་མི་ཕྱེད་པས། །བྱང་ཆུབ་སྤྱོད་མཆོག་རྫོགས་པར་བྱིན་གྱིས་རློབས། །གཞན་ཡང་རིས་མེད་བསྟན་འཛིན་དམ་པ་རྣམས། །བསྐལ་བརྒྱར་ཞབས་བརྟན་ཆོས་འཁོར་བསྐོར་བ་དང་། །བཤད་སྒྲུབ་ཕྲིན་ལས་སྣང་བས་ས་གསུམ་ན། །སྲིད་ཞིའི་དགེ་མཚན་འཕེལ་བར་བྱིན་གྱིས༔ ཐུབ་པའི་བསྟན་པ་སྤྱི་དང་ཁྱད་པར་དུ། །ཚང་ལ་མ་ནོར་འཇམ་མགོན་ས་སྐྱ་པའི། །དྲི་མེད་འཁོར་ལོ་གསུམ་གྱི་མཛད་པའི་ཕུལ། །ཕྱོགས་བཅུར་དར་ཞིང་རྒྱས་པར་བྱིན༴ སྣོད་བཅུད་ཐམས་ཅད་སྙིགས་མའི་རྒུད་པ་ཞི། །བདེ་སྐྱིད་ཆོས་མཐུན་འབྱོར་པ་ངང་གིས་འཕེལ། །འགྲོ་ཀུན་ཡང་དག་ལྟ་བས་རྒྱུད་འབྱོངས་ཤིང་། །རྣམ་དཀར་དགེ་ལ་བརྩོན་པར་བྱིན་གྱིས་རློབས། །མདོར་ན་འདི་ནས་བྱང་ཆུབ་སྙིང་པོའི་བར། །མགོན་པོ་ཁྱོད་ཀྱིས་དགེ་བའི་གཤེས་མཛད་ནས། །གསུང་གི་བདུད་རྩི་ཚུལ་བཞིན་བསྒྲུབས་པ་ལས། །རང་གཞན་དོན་གཉིས་འགྲུབ་པའི་བཀྲ་ཤིས་སྩོལ། །ཅེས་འཇམ་མགོན་བླ་མ་རིན་པོ་ཆེ་མཚུངས་


JKT001_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ངག་དབང་ལེགས་གྲུབ་སྙན་བརྒྱུད་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་ཐུན་མོང་གི་རྣམ་པར་ཐར་པ་ལས་གསོལ་བ་འདེབས་པ་གོ་བདེ་དོན་འདུས་གཙོ་བོར་བཏོན་པའི་སྨོན་ལམ་དང་བཅས་པ་ཉུང་ངུ་འདིའང་། ཐེག་པ་མཆོག་གི་དགེ་བའི་བཤེས་གཉེན་རྡོ་རྗེ་འཛིན་དབང་ཕན་བདེ་བཟང་པོས་བཀའ་སྩལ་རིན་པོ་ཆེའི་ཕྲེང་བ་གནང་སྐྱེས་དང་བཅས་པས་སྔ་ཕྱིར་ཡང་ཡང་བསྐུལ་བ་ལྟར། །བྱ་བྲལ་ཆོས་རྗེ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་ཤིང་གླང་ས་ག་ཟླ་བའི་དུས་ཆེན་བཟང་པོར་གསོལ་བ་བཏབ་པ་དགེ་ལེགས་མཆོག་ཏུ་གྱུར་ཅིག །

རྗེ་བཙུན་བླ་མ་ངག་དབང་ལེགས་གྲུབ་དཔལ་བཟང་པོར་ཞབས་བརྟན་གསོལ་འདེབས་འཆི་མེད་བདུད་རྩིའི་དབྱངས་སྙན།


JKT001_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བཙུན་བླ་མ་ངག་དབང་ལེགས་གྲུབ་དཔལ་བཟང་པོར་ཞབས་བརྟན་གསོལ་འདེབས་འཆི་མེད་བདུད་རྩིའི་དབྱངས་སྙན་ཅེས་བྱ་བ་བཞུགས་སོ། །ཨོཾ་སྭསྟི་སིདྡྷི་རསྟུ། །ངག་གི་དབང་ཕྱུག་ཡེ་ཤེས་རྫོགས་ལྡན་སྤྲིན། །སྐལ་བཟང་མོས་མཁར་འཆར་བའི་ལེགས་བྱས་ཀྱིས། །གྲུབ་གཉིས་ནོར་བུའི་གྲུ་ཆར་འབེབས་མཁས་པ། །མཚུངས་མེད་དཔལ་ལྡན་བླ་མ་ཞབས་བརྟན་གསོལ། ༡ །འཇམ་དབྱངས་མཁྱེན་པའི་ཆུ་གཏེར་ལས་བྱུང་བའི། །སྨྲ་བའི་ཉི་མ་གཅིག་པུས་སྲིད་པའི་མུན། །འཇིལ་སླད་ཆོས་ཀྱི་འོད་ཟེར་སྟོང་འཕྲོ་བའི། །སྣང་བས་འཇིག་རྟེན་གསུམ་ན་འཛེས་གྱུར་ཅིག ༢ །མཚོ་བྱུང་བདུད་རྩིས་བརླན་པའི་ཀུ་མུ་དཱ། །རྒྱལ་བ་དགྱེས་པའི་ལང་ཚོར་དར་བབས་པས། །མཁྱེན་བརྩེའི་གཟིགས་པ་སྲས་བཅས་འཕགས་རྣམས་དང་། །མི་ཕྱེད་མཉམ་པ་ཉིད་དུ་འཚོ་གཞེས་གསོལ། ༣ །ལྷག་པར་རིང་ནས་གུས་པའི་དོན་མཐུན་གྱི། །རེ་བའི་


JKT001_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་རྟ་ཡོངས་སུ་འགེངས་པ་ལས། །རྡོ་རྗེ་ནོར་བུའི་ཕྲེང་བ་རྣམ་བཀོད་པས། །ཕན་བདེའི་འདོད་དགུ་ལྷུག་པར་འཇོ་བར་མཛོད། ༤ །འཕགས་ཡུལ་མཁས་པའི་ལེགས་བཤད་བདུད་རྩི་དང་། བརྩེ་ཆེན་བརྒྱུད་པར་བཅས་པའི་གསུང་རབས་ནི། །ཡན་ལག་བརྒྱད་ལྡན་ཀླུང་ཆེན་འདིར་ཕབས་པས། །དོན་གཉིས་ངལ་འཚོ་རྟག་ཏུ་རྒྱས་མཛད་གསོལ། ༥ །གཞན་ཡང་ཟབ་ཅིང་རྒྱ་ཆེའི་གདམས་པའི་མཛོད། མཐའ་དག་རྫོགས་པར་སྩལ་བའི་དགའ་སྟོན་གྱིས། །སྲིད་ན་མཚུངས་པ་མེད་པའི་སྐལ་བཟང་དང་། །བྱང་ཆུབ་སྙིང་པོའི་འབྱོར་པས་མཐོ་བར་མཛོད། ༦ །རྡོ་རྗེའི་སྔགས་རིག་གྲུབ་པའི་དྲིལ་བུ་པ། །གང་དེའི་བཞེད་སྲོལ་སླར་ཡང་འཆར་བ་སོགས། །སྡེབ་ལེགས་རྩོམ་ཕྲེང་བེཟླུར་རྒྱུད་མང་པོས། །བློ་ལྡན་རྣ་བར་རྟག་ཏུ་སྙན་མཛད་གསོལ། ༧ །མདོར་ན་ཇི་ལྟར་སྨོན་པའི་གནས་སྐབས་ཀུན། །གེགས་ཀྱི་སྦྱོར་བས་ནམ་ཡང་མི་ཕྱེད་ཅིང་། །མྱུར་དུ་འགྲུབ་པའི་བྱིན་རླབས་སྣང་བ་ཡིས། །ཤིས་པའི་པདྨོ་མཆོག་ཏུ་རྒྱས་གྱུར་ཅིག ༨ །སརྦ་དཱ་སིདྡྷི་རསྟུ།། །།

རྡོ་རྗེའི་སློབ་དཔོན་ཆེན་པོ་ངག་དབང་ལེགས་གྲུབ་ཀྱི་ཞབས་བརྟན་གསོལ་འདེབས་བྱིན་རླབས་སྣང་བ།


JKT001_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེའི་སློབ་དཔོན་ཆེན་པོ་ངག་དབང་ལེགས་གྲུབ་ཀྱི་ཞབས་བརྟན་གསོལ་འདེབས་བྱིན་རླབས་སྣང་བ་བཞུགས། །ཁྱབ་བདག་ངག་གི་དབང་ཕྱུག་ཡེ་ཤེས་སྐུ། །དཔག་ཡས་འགྲོ་ལ་ལེགས་པའི་ལམ་སྟོན་ཕྱིར། །རྡོ་རྗེའི་སློབ་དཔོན་མཆོག་གི་རྣམ་རོལ་ཆེ། །མཁས་གྲུབ་རྒྱ་མཚོའི་དབང་པོར་ཞབས་


JKT001_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན་གསོལ། །ངག་དབང་ལྷ་དང་དབྱེར་མེད་བློ་གྲོས་ཀྱིས། །ཟབ་རྒྱས་སྙིང་པོའི་བསྟན་པ་སྣང་མཛད་པ། །གཞན་ཕན་ཕ་མཐའ་ཡས་པའི་འོད་ཟེར་ཅན། །འཇམ་དབྱངས་སྨྲ་བའི་ཉི་མ་ཁྱེད་ལ་འདུད། །བདག་སོགས་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །མགོན་པོ་ཁྱོད་ཀྱིས་དགེ་བའི་བཤེས་མཛད་ནས། །ལུང་དང་རྟོགས་པའི་དམ་ཆོས་ཡོངས་བཟུང་ཞིང་། །ཕན་བདེའི་དགེ་མཚན་རྒྱས་པར་བྱིན་གྱིས་རློབས། །ཞེས་པའང་བསྟོད་ཡུལ་དམ་པ་གང་དེའི་ལེགས་གསུང་གི་བདུད་རྩིས་འཚོ་བའི་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་རྩེ་གཅིག་གུས་པས་གསོལ་བ་བཏབ་པ་སིདྡྷི་རསྟུ།། །།

ཁྱབ་བདག་ངག་དབང་ལེགས་གྲུབ་ཀྱི་ཞབས་བརྟན།


JKT001_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭསྟི་སིདྡྷཾ། །ཁྱབ་བདག་དང་པོའི་མགོན་པོ་ངག་གི་དབང་། །ལེགས་གྲུབ་མཁྱེན་གཉིས་གཟི་འབར་བཤེས་གཉེན་ཚུལ། །སྲས་བཅས་རྒྱལ་ཀུན་གསང་བ་འདུས་པའི་དངོས། །འཇམ་པའི་རྡོ་རྗེའི་ངོ་བོར་འཚོ་གཞེས་གསོལ། ༡ །ལུས་ངག་ཡིད་དབེན་གསང་གསུམ་སྒྱུ་མའི་གཟུགས། །འོད་གསལ་དབྱིངས་སུ་འདུས་ལས་ཟུང་འཇུག་གི །སྒྱུ་འཕྲུལ་དྲྭ་བའི་རོལ་མོ་མཐའ་ཀླས་པ། །མི་བསྐྱོད་རྡོ་རྗེའི་ངོ་བོར་འཚོ་གཞེས་གསོལ། ༢ །གཉིས་མེད་ཡེ་ཤེས་རྒྱུ་སོགས་སྟོང་པ་དང་། །ལྷན་སྐྱེས་ཕྲ་རབ་རྡུལ་གྱི་ཚོགས་པ་ལས། །རིང་འདས་སྲིད་ཞིར་མི་གནས་བདེ་བའི་མཆོག །ཧེ་རུ་ཀ་དཔལ་ངོ་བོར་འཚོ༴ ༣ སྣང་གསུམ་རྣམ་པར་འཕོ་བའི་དྲྭ་བ་ནི། །འཕོ་མེད་


JKT001_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

དབུ་མའི་སྲོག་ཏུ་བསྡམས་པ་ལས། །གསང་བ་མཆོག་གིས་དགྱེས་པའི་གར་མཛད་པ། །འཁོར་ལོ་སྡོམ་པའི་ངོ་བོར་འཚོ༴ ༤ ཟག་བྲལ་སྙིང་རྗེ་ཆེ་དང་བདེ་བའི་ཐབས། །སྟོང་ཉིད་ཤེས་རབ་མཛེས་མར་མཉམ་སྦྱར་བ། བརྟན་གཡོ་ཀུན་ལ་ཁྱབ་པའི་བདག་ཉིད་ཅན། །དགྱེས་པ་རྡོ་རྗེའི་ངོ་བོར་འཚོ༴ གཟུང་འཛིན་སྤྲོས་པས་མི་ཕྱེད་རྡོ་རྗེའི་དབྱིངས། །ཡེ་ཤེས་སྣང་བའི་གུར་དུ་འཆར་བ་ལས། །དཀྱིལ་འཁོར་རྒྱ་མཚོ་སྤྲོ་དང་བསྡུ་བའི་གཞི། །མཁའ་འགྲོ་རིགས་ལྔའི་ངོ་བོར་འཚོ༴ ༦ དཔལ་ལྡན་རིག་དང་བརྩེ་བའི་མཐར་སོན་པའི། །ཁ་སྦྱོར་ཡན་ལག་བདུན་ལྡན་རྡོ་རྗེ་སེམས། །འཆི་མེད་རྟག་པ་དམ་པའི་ཡེ་ཤེས་སྐུ། །ཡང་དག་སྦྱོར་བའི་ངོ་བོར་འཚོ་གཞེས་གསོལ། ༧ །མདོར་ན་ལྷར་བཅས་བསྟན་འགྲོའི་མགོན་གཅིག་པུར། །བསྐལ་བརྒྱར་འཚོ་གཞེས་ཆོས་འཁོར་བསྐོར་བ་དང་། །ཕྲིན་ལས་བདུད་རྩིའི་སྣང་བས་ས་གསུམ་ན། །དགེ་ལེགས་པདྨོ་མཆོག་ཏུ་རྒྱས་མཛད་གསོལ། ༨ །སརྦ་མངྒ་ལཾ།། །།མཚུངས་མེད་ངག་གི་དབང་ཕྱུག་ལེགས་གྲུབ་པས། །སྙན་བརྒྱུད་བསྟན་པའི་རྒྱལ་མཚན་འཛིན་མཁས་པ། །འཇམ་པའི་དབྱངས་དངོས་སྨྲ་བའི་སེང་གེ་ཆེ། །ཐུབ་བསྟན་གསལ་བའི་ཉི་མར་གསོལ་བ་འདེབས། །ཞེས་པ་འདིའང་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་སོ།། །།

འཇམ་པའི་དབྱངས་ངག་དབང་ལེགས་གྲུབ་བསྙན་བརྒྱུད་བསྟན་པའི་རྒྱལ་མཚན་དཔལ་བཟང་པོར་ཞབས་བརྟན་དུ་གསོལ་བའི་འཆི་མེད་གྲུབ་པའི་བདེན་ཚིག


JKT001_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་པའི་དབྱངས་ངག་དབང་ལེགས་གྲུབ་བསྙན་བརྒྱུད་བསྟན་པའི་རྒྱལ་མཚན་དཔལ་བཟང་པོར་ཞབས་བརྟན་དུ་གསོལ་བའི་འཆི་མེད་གྲུབ་པའི་བདེན་ཚིག་ཅེས་བྱ་བ་བཞུགས་སོ། །ཨོཾ་སྭསྟི་སིདྡྷཾ། ངག་གིས་མཚོན་མིན་ཀུན་མཁྱེན་ཡེ་ཤེས་སྐུ། །ངག་ཚིག་དྲི་མེད་ཉིན་མོར་བྱེད་པའི་འོད། །ངག་ལ་། དབང་འབྱོར་པདྨ་རྒྱས་པའི་སྤྱན། །ངག་གི་དབང་ཕྱུག་ཆེན་པོར་འཚོ་གཞེས་གསོལ། །དབང་བཅུ་མངའ་བ་རྣམས་ཀྱི་ཡེ་ཤེས་དང་། །དབང་བཅུའི་དཔལ་གྱིས་འབྱོར་པའི་ཟིལ་དངར་གྱིས། །དབང་མཆོག་གྲུབ་པ་རྡོ་རྗེའི་རྒྱལ་ཐབས་ལ། །དབང་བསྒྱུར་འཆི་མེད་མགོན་པོར་འཚོ༔ ལེགས་པའི་ལམ་ལས་དོན་གཉིས་མཐར་སོན་ཏེ། །ལེགས་བྱས་གྲགས་དཀར་སྲིད་ན་གསལ་བའི་ཕྱིར། །ལེགས་བཤད་བྱེ་བའི་ཟླ་ཤེལ་གཅིག་པུ་པ། །ལེགས་གསུངས་རྒྱ་མཚོའི་དཔྱིད་དུ་འཚོ༴ གྲུབ་པའི་རིགས་དང་མཁས་པ་མཐའ་དག་གིས། །གྲུབ་པའི་བདུད་རྩི་བཞིན་དུ་བསྟེན་འོས་པ། །གྲུབ་པའི་དཔལ་དང་མཁས་ཤིང་བཙུན་པའི་ཕུལ། །གྲུབ་པའི་རྡོ་རྗེའི་དབྱིག་ཏུ་འཚོ་གཞེས་གསོལ། །མདོར་ན་སྲས་བཅས་རྒྱལ་བའི་ཆོས་ཀྱི་ཁྲིར། །གྲངས་མེད་བསྐལ་པའི་སྲིད་དུ་ཞབས་བརྟན་ཅིང་། །ཕྲིན་ལས་སྣང་བ་དམ་པས་འཇིག་རྟེན་ན། །ཀུན་མཁྱེན་གཉིས་པའི་སྙན་པ་བཟུང་གྱུར་ཅིག །ཅེས་པའང་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་བཀྲ་ཤིས་ཟླ་བའི་དཀར་པོའི་ཕྱོགས་ཀྱི་རྒྱལ་བ་དང་པོས་དངོས་པོ་ཀུན་གྱིས་བཏུད་དེ་གསོལ་བ་བཏབ་པ་དེ་དེ་བཞིན་དུ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ།། །།

གང་གི་མཚན་ཙམ་ལན་གཅིག་དྲན།


JKT001_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

ན་མཿཤྲཱི་གུ་ར་ཝེ། གང་གི་མཚན་ཙམ་ལན་གཅིག་དྲན་པས་ཀྱང་། །གཟུང་འཛིན་སྙིང་གི་མུན་པ་ཀུན་བསལ་ནས། །བློ་གྲོས་པདྨོ་མཆོག་ཏུ་རྒྱས་མཛད་པ། །བླ་། །མ་འཇམ་དཔལ་གཞོན་ནུས་ཤིས་པར་མཛོད། །དམར་སེར་མཛེས་སྐུའི་སྣང་བརྙན་མངོན་སུམ་དུ། །སྐལ་བཟང་མིག་གི་བདུད་རྩིར་བཏུང་བ་དང་། །ལྷན་ཅིག་རྡོ་རྗེའི་གསུང་གིས་དབུགས་དབྱུང་བའི། །དགེ་མཚན་མཆོག་གི་རྟག་ཏུ་སྐྱོང་གྱུར་ཅིག །གཟོད་ནས་མཐའ་བཞིའི་སྤྲོས་པ་ལས་འདས་པའི། །འོད་གསལ་སེམས་ཀྱི་རྡོ་རྗེ་འཇམ་པའི་དབྱངས། །སྙིང་དབུས་ཐིག་ལེར་སད་པའི་སྣང་བ་ཡིས། །སྲིད་ཞིའི་རྒུད་པ་མཐའ་དག་སེལ་བར་ཤོག །དེ་ཚེ་ཐ་མལ་འཁྲུལ་པའི་རྟོག་ཚོགས་ཀུན། །འཇམ་དཔལ་ཡེ་ཤེས་སེམས་དཔར་བྱིན་བརླབས་པས། །སྣང་གྲགས་རིགས་གསུམ་ལྷ་སྔགས་ཆོས་ཉིད་ཀྱི། །དག་པའི་རྣམ་རོལ་གཅིག་ཏུ་འཆར་གྱུར་ཅིག །མཐར་ཐུག་སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །བཅོམ་ལྡན་རྡོ་རྗེ་རྣོན་པོའི་གསང་གསུམ་དང་། །དབྱེར་མེད་རྣམ་པ་ཉི་ཤུས་བྱང་ཆུབ་པའི། །སྒྱུ་འཕྲུལ་དྲྭ་བའི་གོ་འཕང་བརྙེས་པར་ཤོག །ཅེས་པ་འདིའང་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་སྙིང་ནས་སྨོན་པ་དགེ་ལེགས་མཆོག་ཏུ་རྒྱས་པའི་རྒྱུར་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། །།

ཞབས་བརྟན་ཤེས་བྱ་ཀུན་གཟིགས།


JKT001_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་མཱ་ར་སིདྡྷཾ་སྱ་སཏུ་གཱ་ཐ་ཤུ་བྷཾ། །ཨོཾ་སྭསྟི་ཛི་བནྟུ། ཤེས་བྱ་ཀུན་ལ་གཟིགས་པའི་བློ་གྲོས་དང་། །རབ་འབྱམས་མདོ་སྔགས་སྨྲ་བའི་དགེ་མཚན་ཅན། །རྒྱ་ཆེན་ཆོས་སྤྱན་མངའ་བ་ཡོངས་གྲགས་པ། །མཚོ་བྱུང་དགྱེས་པའི་བཤེས་གཉེན་ཞབས་བརྟན་གསོལ། །ཚེ་དཔག་མེད་པས་མངོན་སུམ་བྱིན་བརླབས་ཤིང་། །རྣམ་པར་རྒྱལ་མས་བར་ཆད་བགེགས་ཚོགས་བསལ། །ཡིད་བཞིན་འཁོར་ལོས་རྟག་ཏུ་རྗེས་བཟུང་ནས། །མཁས་བཙུན་བཟང་པོའི་ཕྲིན་ལས་འཕེལ་གྱུར་ཅིག །རྡོ་རྗེ་འཛིན་པ་བསྐལ་བརྒྱར་འཚོ་གཞེས་ཤིང་། །གཞུང་ལུགས་བརྒྱ་ཕྲག་བཤད་སྒྲུབ་སྣང་བ་ཡིས། །དྲི་མེད་ཐུབ་བསྟན་ཕྱོགས་བརྒྱར་དར་བ་དང་། ཕན་བདེའི་འདབ་བརྒྱ་རྒྱས་པའི་བཀྲ་ཤིས་ཤོག །ཅེས་མངོན་པར་དྭངས་པའི་ཡིད་ཀྱིས་ཤིས་པར་བརྗོད་པའི་མཚོན་བྱེད་རྟེན་འབྱུང་གི་མེ་ཏོག་ལྷས་རྫས་རབ་དཀར། གངས་ཅན་འདིར་ལོ་བརྒྱ་ཕྲག་ལྷག་པར་འཆི་མེད་གྲུབ་པའི་ཕྲིན་ལས་མཐས་ཡས་པ་མངའ་བ་གྲུབ་ཆེན་བརྩོན་འགྲུས་བཟང་པོའི་སྣང་བརྙན། སྒྲུབ་ཐབས་བརྒྱ་རྩའི་གླེགས་བམ། རིན་ཆེན་ཤེལ་གྱི་ཕྲེང་བ་བརྒྱ་རྩ། །ཚེ་རྫས་རིལ་བུ་བརྒྱ་ཕྲག་ལ་བཀྲ་ཤིས་པའི་གྲངས་ཀྱིས་ལྷག་པ་བཅས་རྡོ་རྗེ་འཛིན་དབང་དམ་པ་གང་ཉིད་ལོ་བརྒྱར་འཚོ་ཞིང་གཞེས་ལ་ཕྲིན་ལས་རྒྱས་པའི་རྟེན་འབྲེལ་དུ་འཇམ་དབྱངས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་ཕུལ་བ་སིདྡྷི་རསྟུ།། །།

ཞབས་དྲུང་རིན་པོ་ཆེ་འཇམ་དབྱངས་ནམ་མཁའ་རྒྱལ་མཚན་དཔལ་བཟང་པོར་ཞབས་བརྟན་དུ་གསོལ་བ་འཆི་མེད་བདུད་རྩིའི་ཆུ་སྐྱེས།


JKT001_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་དྲུང་རིན་པོ་ཆེ་འཇམ་དབྱངས་ནམ་མཁའ་རྒྱལ་མཚན་དཔལ་བཟང་པོར་ཞབས་བརྟན་དུ་གསོལ་བ་འཆི་མེད་བདུད་རྩིའི་ཆུ་སྐྱེས་ཞེས་བྱ་བ། ཨོཾ་སྭསྟི་བི་ཛ་ཡནྟུ། འཆི་མེད་གྲུབ་པའི་ཟླ་བས་ས་གསུམ་ན། །འཆི་མེད་ཚེ་དང་


JKT001_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ཟིལ་དངར་གྱིས། །འཆི་མེད་རྟག་པའི་ངལ་འཚོ་རྒྱས་མཛད་པ། །འཆི་མེད་མགོན་པོས་རྟག་ཏུ་དགེ་ལེགས་སྩོལ། །དམིགས་མེད་བྱམས་པའི་བདུད་རྩིས་འཇིག་རྟེན་ན། །མཚན་དཔེའི་མེ་ཏོག་བཞད་པའི་ཐོག་མ་ནས། །འཇམ་དཔལ་གཞོན་ནུ་ཉིད་ཅེས་གྲགས་འབར་བའི། །ཞབས་པད་བསྐལ་པ་རྒྱ་མཚོར་འཚོ་གཞེས་གསོལ། ༡ །བློ་གསལ་མཁས་ཀུན་དགའ་བའི་ལེགས་བཤད་དང་། །འགྲོགས་པའི་ཡན་ལག་དྲུག་ཅུའི་རོལ་མོ་ནི། །དཔལ་ལྡན་སྐལ་བ་བཟང་པོའི་དགེ་མཚན་གྱི། །སྙན་པས་སྲིད་ཞིའི་ཁམས་ཀུན་མཛེས་པར་ཤོག ༢ །འཇམ་དབྱངས་མཁྱེན་པའི་ནོར་བུའི་མེ་ལོང་ངོས། །ཤེས་དང་ཤེས་བྱའི་ཆོས་ཁམས་ཀུན་འཆར་བས། །ནམ་མཁའི་མཐའ་ཀླས་ཡིད་ཅན་གདུང་སེལ་སླད། །བཤད་སྒྲུབ་བསྟན་པའི་རྒྱལ་མཚན་གསལ་གྱུར་ཅིག ༣ །གང་དུ་སྐྱེ་བའི་འཇུག་པ་དབྱིངས་སིམ་ན། །མཐར་གྱིས་འགགས་པའི་ཕ་མཐའ་མ་དམིགས་ཕྱིར། །འཆི་མེད་རྟག་པ་དམ་པའི་ཡེ་ཤེས་སྐུ། །ངེས་པར་གདུལ་བྱའི་སྣང་ངོར་ཡོལ་མེད་ཤོག ༤ །མདོར་ན་ཀུན་མཁྱེན་གཉིས་པ་ཨེ་ཝཾ་པའི། །ལུང་རྟོགས་ཆོས་ཀྱི་ཁྲི་ལ་དབང་བསྒྱུར་བཞིན། །ངོ་མཚར་འཆད་རྩོད་རྩོམ་པའི་ཕྲིན་ལས་ཀྱི། །བཀྲ་ཤིས་སྣང་བ་རྟག་ཏུ་རྒྱས་གྱུར་ཅིག ༥ །ཅེས་བཀའ་འབངས་ཐ་ཤལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་སྙིང་ནས་གུས་པས་གསོལ་བ་བཏབ་པ་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག །

འཇམ་དབྱངས་ནམ་མཁའ་རྒྱལ་མཚན་གྱི་ཞབས་བརྟན།


JKT001_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

ཤྲཱི་སྭསྟི་བི་ཛ་ཡནྟུ། འཇམ་པའི་རྡོ་རྗེའི་མཐའ་བྲལ་ཡེ་ཤེས་སྐུ། །འཇམ་མགོན་གཉིས་པའི་ངོ་མཚར་ལ་ཆགས་པ། །འཇམ་པའི་དཔལ་སོགས་སྲས་བཅས་རྒྱལ་བའི་དངོས། །འཇམ་དཔལ་གཞོན་ནུའི་ངོ་བོར་ཞབས་བརྟན་གསོལ། ༡ །དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྒེག་འཆང་གསུང་། །དབྱངས་མཆོག་གྲུབ་པ་རྣམས་དང་མི་ཕྱེད་པས། །དབྱངས་སྙན་ལེགས་བཤད་བྱེ་བའི་རོལ་མོ་ཅན། །དབྱངས་ཅན་དགྱེས་པའི་བདག་ཉིད་ཞབས་བརྟན་གསོལ། །༢ །ནམ་མཁའ་ལྟ་བུར་རབ་ཏུ་ཞི་བའི་ཐུགས། །ནམ་མཁའི་མཐའ་ཀླས་མཁྱེན་བརྩེའི་གཞན་དབང་ཅན། །ནམ་མཁའ་དང་མཉམ་འགྲོ་འདིར་རྗེས་དགོངས་ནས། །ནམ་མཁའ་ཇི་སྲིད་བར་དུ་ཞབས་བརྟན་གསོལ། ༣ །རྒྱལ་བ་སྲས་བཅས་དགྱེས་པའི་ཡོན་ཏན་གྱི། །རྒྱལ་ཐབས་རང་དབང་ཉིད་དུ་མངའ་མཛད་པས། །རྒྱལ་བསྟན་ཉིན་ལས་ཉིན་མོར་གསལ་བའི་སླད། །རྒྱལ་བའི་མྱུ་གུའི་མཆོག་ཏུ་ཞབས་བརྟན་གསོལ། ༤ །མཚན་དང་སྐུ་ཡི་རྣམ་འཕྲུལ་ཕྲིན་ལས་མཐའ། །མཚན་མའི་སྤྱོད་ཡུལ་དག་ལས་རིང་འདས་པའི། །མཚན་ཉིད་རྟག་ཅིང་ཁྱབ་དང་ལྷུན་གྲུབ་པའི། །མཚན་བཟང་བསྐལ་པ་རྒྱ་མཚོར་ཞབས་བརྟན་གསོལ། ༥ །མདོར་ན་མཁས་པའི་ཚོགས་ཀྱིས་རབ་སྔགས་ཤིང་། །གྲུབ་བརྙེས་བྱེ་བའི་ཕྱག་གིས་མངོན་བཏུད་བཞིན། །


JKT001_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

གསང་གསུམ་རྡོ་རྗེའི་ཁམས་སུ་འཚོ་གཞེས་ནས། །འཇིག་རྟེན་དགེ་ལེགས་ཆེན་པོས་ཁྱབ་པར་ཤོག ༦ །བཀྲ་ཤིས་གང་ཞིག་སྲིད་དང་ཞི་བ་ན། །བཀྲ་ཤིས་དགེ་མཚན་ཇི་སྙེད་འཆིས་པ་དེས། །བཀྲ་ཤིས་སྣང་བ་དམ་པའི་དཔལ་བཟུང་ནས། །བཀྲ་ཤིས་པདྨོ་རྟག་ཏུ་རྒྱས་གྱུར་ཅིག །ཅེས་མི་ཕྱེད་དད་པས་དུས་རྟག་ཏུ་གསོལ་བ་འདེབས་མཚོན་བཀྲ་ཤིས་པའི་ལྷ་གོས་རབ་དཀར། འཆི་མེད་ཡིད་བཞིན་འཁོར་ལོའི་སྐུ་གསུང་ཐུགས་རྡོ་རྗེའི་རང་གཟུགས། བཅས་སྐྱབས་འོག་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བཀྲ་ཤིས་ཟླ་བའི་དཀར་ཕྱོགས་ཀྱི་རྒྱལ་བ་དང་པོ་ལ་བསམ་པ་དག་ཅིང་སྦྱོར་བ་གུས་པས་ཕུལ་བ་དེ་དེ་བཞིན་དུ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ།། །།དཀོན་མཆོག་གསུམ་དངོས་ཐུགས་རྗེའི་སྣང་བ་ནི། །སྐལ་བཟང་མོས་པའི་མཁའ་རུ་ཤར་ཙམ་གྱིས། །རྒྱལ་བསྟན་པད་ཚལ་རབ་ཏུ་རྒྱས་མཛད་པ། །ཡོངས་འཛིན་སྨྲ་བའི་ཉི་མར་གསོལ་བ་འདེབས། །སྐྱེ་ཞིང་སྐྱེ་བར་མགོན་པོ་མཆོག་ཁྱོད་ཀྱིས། །རྗེས་བཟུང་དད་དང་ངེས་འབྱུང་བྱང་སེམས་དང་། །ཡང་དག་ལྟ་བས་རྒྱུད་སྦྱངས་གསང་ཆེན་གྱི། །ལམ་ལ་བརྟེན་ནས་མཆོག་དངོས་འགྲུབ་པར་ཤོག །ཅེས་པའང་གཞོན་ནུ་ཨ་བྷཱ་ཡས་གསོལ་བ་བཏབ་པ་སིདྡྷི་རསྟུ།། །།པ་རིཤུབྷསྱམིཏྲམཉྫགྷོཥགུ རུཏྲིལཀཤྲིབྷདྲསྱཔཱདཏིཥྛནཱདྷེཥཎཱམཱརསཱདསཏྭཾཤསྡཛམེགྷནཱམབིཧརཏིསྨ།། །།

ཡོངས་ཀྱི་དགེ་བའི་བཤེས་གཉེན་འཇམ་མགོན་བླ་མ་བྱམས་པ་ཕུན་ཚོགས་དཔལ་བཟང་པོའི་ཞབས་བརྟན་གསོལ་འདེབས་འཆི་མེད་རྟག་པ་དམ་པའི་མཆོད་སྤྲིན།


JKT001_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་ཀྱི་དགེ་བའི་བཤེས་གཉེན་འཇམ་མགོན་བླ་མ་བྱམས་པ་ཕུན་ཚོགས་དཔལ་བཟང་པོའི་ཞབས་བརྟན་གསོལ་འདེབས་འཆི་མེད་རྟག་པ་དམ་པའི་མཆོད་སྤྲིན་ཅེས་བྱ་བ་བཞུགས་སོ། ལ མཙྪནྡཤུདྡྷདཱིབྷནཱམསུཔྲསཱརེཎཀཱནྟཾཀར ༈ ག ངོ་སཱཔུཊོདཤསརྦབཱལིནཾ སྲིཏྟཾབུདྡྷིགུཎཱཏིཤཀྟི བྷི་ཏིསུབྷེཡནྟུ། ཨདྭཡྻཏྲིཀུལིཀྱནཱཐཏཱ ཤཱཀྱེནྡསྱབྷབཛཱིབྱཧཱུཾ། སྲས་བཅས་སྟོབས་བཅུ་མངའ་བ་ཐམས་ཅད་དང་། །སྤངས་རྟོགས་ཡོན་ཏན་ཕུལ་དུ་བྱུང་བའི་མཐུ། །དབྱེར་མེད་རིགས་ཅན་གསུམ་གྱི་མགོན་གཅིག་པུ། །ཤཱཀྱའི་དབང་པོའི་ངོ་བོར་འཚོ་གཞེས་གསོལ། ༡ །གི རྒྱལ་བའི་བསྟན་ལ་སྟོན་པ་གཉིས་པ་ཡི། །ཕྲིན་ལས་ནམ་མཁའི་མཐས་ཀྱང་མཚོན་མིན་པ། །ས་བཅུའི་དབང་ཕྱུག་བྱེ་བས་བསྔགས་པའི་ཕུལ། །མ་ཕམ་མགོན་པོའི་ངོ་བོར་འཚོ་གཞེས་གསོལ། ༢ ། འཕགས་བཞིའི་མཁྱེན་པའི་ཡེ་ཤེས་གཅིག་བསྡུས་པ། །གདུལ་བྱའི་སྣང་ངོར་བཤེས་གཉེན་མཆོག་གི་ཚུལ། །གཟུངས་དང་སྤོབས་པ་རྒྱ་མཚོའི་སྤྲིན་ཆེན་པོ། །འཇམ་དཔལ་གཞོན་ནུའི་ངོ་བོར་འཚོ་གཞེས་


JKT001_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ། ༣ །ཆོས་ཀུན་གནས་ལུགས་ཟབ་མོ་སྟོང་ཉིད་དང་། །བརྟེན་ནས་གདགས་པའི་སེང་གེའི་སྒྲ་བསྒྲགས་པས། །དངོས་འཛིན་རི་དྭགས་དབུ་མར་མཐར་མཛད་པ། །ཀླུ་ཡི་དབང་པོའི་ངོ་བོར་འཚོ ༤ གཞི་ལམ་རྣམ་པའི་མཁྱེན་པ་གཏན་ཕབ་ནས། །སྦྱོར་བཞིའི་ལམ་གྱིས་ཆོས་སྐུའི་འབྲས་འབྱིན་པ། །འཕགས་རྣམས་སྐྱེད་ཡུམ་འཆད་དང་གྲུབ་པ་ལ། །ཟླ་བྲལ་ཐོགས་མེད་ངོ་བོར་འཚོ༴ ༥ དང་པོར་བསོད་ནམས་མིན་པ་ལས་བཟློག་སྟེ། །མཐར་གྱིས་བདག་འཛིན་རགས་དང་ཕྲ་བའི་ཡུལ། །བསྙིལ་མཛད་ཤེས་རབ་ཟབ་མོའི་མཚོན་འཆང་བ། །ཨཱརྱ་དེ་བའི་ངོ་བོར༔ ༦ རྒྱ་ཆེན་ཤེས་བྱའི་ཆོས་ཁམས་ཇི་སྙེད་ཀུན། །ཟག་བཅས་ཟག་མེད་གཉིས་སུ་ལེགས་བསྡུས་ནས། །རྣམ་གྲོལ་ལམ་དང་འབྲས་བུའི་མཛོད་དབྱེ་བ། །དབྱིག་གི་རྩ་ལག་ངོ་བོར༔ ༧ འཇམ་དབྱངས་སྨྲ་བའི་ཉི་མ་གཟུགས་ཅན་བཞིན། །མངོན་ཤེ སུམ་རྗེས་དཔག་སྒྲུབ་ངག་གསུམ་འབྱིན་གྱི། །རྟོག་གེའི་ཤིང་རྟའི་ལམ་སྲོལ་འབྱེད་མཁས་པ། །ཕྱོགས་ཀྱི་གླང་པོའི་ངོ་བོར༴ ༨ །ལྐོག་གྱུར་མཚོན་དང་ཐམས་ཅད་མཁྱེན་པ་ཉིད། །ཚད་མར་བསྒྲུབས་ནས་མངོན་རྗེས་རྣམ་གཉིས་ཀྱི། །རིག་ཚུལ་འབུམ་སྡེའི་ཡན་ལག་ཡོངས་རྫོགས་པ། །ཆོས་ཀྱི་གྲགས་པའི་ངོ་བོར། ༩ །བླང་དང་བསྲུང་དང་ཕྱིར་ཞིང་འཆོས་པ་ཡི། །ཆོས་འདུལ་སྡེ་བཞིའི་སྙིང་པོ་གཞི་བཅུ་བདུན། །


JKT001_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

འཆད་དང་བསླབ་པའི་དབང་ཕྱུག་ཡོན་ཏན་དང་། །ཤཱཀྱ་འོད་ཀྱི་ངོ་བོར ༡༠ མདོར་ན་འཕགས་དང་མཁས་པ་མཐའ་དག་གི །ཆོས་ཀྱི་རྒྱལ་ཐབས་ཆེན་པོར་དབང་བསྒྱུར་བ། །རྩོད་དུས་ཀུན་མཁྱེན་གཉིས་པའི་ངོ་མཚར་ཅན། །བགྲང་ཡས་བསྐལ་པ་རྒྱ་མཚོར་འཚོ་ཞེས་གསོལ། ༡༡ །དེ་ལྟར་གསོལ་བ་བཏབ་པའི་ལེགས་བྱས་ཀྱིས། །སྐྱབས་ཀུན་གདུས་ཞལ་དཔལ་ལྡན་བླ་མ་མཆོག །ཞབས་པད་སྲིད་མཐའི་བར་དུ་བརྟན་པ་དང་། ཕྲིན་ལས་སྣང་བས་ས་གསུམ་ཁྱབ་གྱུར་ཅིག། ༡༢ །བདག་ཅག་རྣམས་ཀྱང་བྱང་ཆུབ་སྙིང་པོའི་བར། །མགོན་པོ་ཁྱོད་ཀྱིས་དགྱེས་བཞིན་བཟུང་བའི་མཐུས། །སྲིད་དང་ཞི་བའི་རྒུད་པ་ཀུན་སེལ་ཞིང་། །ཕན་བདེའི་འབྲས་བུ་རྒྱས་པའི་བཀྲ་ཤིས་སྩོལ། ༡༣ །ཞེས་པའང་རྗེ་ཉིད་ཀྱི་གསུང་གི་བདུན་རྩིས་སྐལ་པ་བཟང་པོར་གྱུར་པའི་རྨོངས་བརྟུལ་བྱ་བྲལ་བ་འཇམ་དབྱམས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་རྩེ་གཅིག་གུས་པས་གསོལ་བ་བཏབ་པ་དེ་དེ་བཞིན་དུ་འགྲུབ་པར་བླ་མ་རྒྱལ་བ་སྲས་དང་བཅས་པས་བྱིན་གྱིས་བརླབ་ཏུ་གསོལ། །

ཁྱབ་བདག་ཞྭ་ལུ་པར་གསོལ་བའི་ཚིགས་སུ་བཅད་པ་དོན་ཀུན་གྲུབ་པའི་རོལ་མོ།


JKT001_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ་བདག་ཞྭ་ལུ་པར་གསོལ་བའི་ཚིགས་སུ་བཅད་པ་དོན་ཀུན་གྲུབ་པའི་རོལ་མོ་ཞེས་བྱ་བ། ཨོཾ་སྭསྟི་སིདྡྷི་རསྟུ། མི་ཕྱེད་རྡོ་རྗེའི་ཡེ་ཤེས་འཆང་བའི་ཆུ་གཏེར་བསྲུབས་པའི་རིན་ཆེན་ནི། །བློ་གསལ་བྱེ་བའི་གཙུག་ན་ངལ་འཚོ་དགེ་ལེགས་སྣང་བ་འཛུམ་དང་བཅས། །ཡོངས་རྫོགས་བསྟན་པའི་འདོད་དགུའི་ཆར་གྱིས་སྐལ་བཟང་རྟག་ཏུ་སྐྱོང་མཛད་


JKT001_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

གང་། །འཆི་མེད་གྲུབ་པའི་རྒྱལ་རྔ་བརྡུངས་པས་འཇིག་རྟེན་གསུམ་ན་སྙན་གྱུར་ཅིག ༡ །གང་དུ་འཆར་བས་འཕགས་དང་མཁས་རྣམས་ཀྱིས། །བསྔགས་བརྗོད་པདྨོའི་རྫིང་བུ་དར་བའི་དཔྱིད། །སྨྲ་བའི་ཉི་མ་གཅིག་པུའི་ཡེ་ཤེས་སྐུ། །བསྐལ་པ་རྒྱ་མཚོར་འཚོ་ཞིང་གཞེས་པར་ཤོག ༢ །ཟབ་དང་རྒྱ་ཆེའི་ཚིག་གི་བདུད་རྩི་ནི། །ལྷུག་པར་འབེབས་པས་སྲིད་ཞིའི་གདུང་སེལ་བའི། །གྲགས་པའི་རྔ་ཡབ་དཀར་པོས་ཡིད་ཅན་རྣམས། །ཕན་བདེའི་དབུགས་འབྱིན་རྟག་ཏུ་སྩོལ་བར་མཛོད། ༣ །སྤྲོས་པའི་སྦྱོར་བ་སྤངས་པའི་ཕ་རོལ་ན། །སྤྲོས་པ་དུ་མའི་ཉམས་བརྒྱའི་སྒེག་འཆང་བ། །སྤྲོས་བྲལ་སྟོང་དང་སྙིང་རྗེ་མི་ཕྱེད་པའི། །སྤྲོས་པས་གངས་ཅན་ལྗོངས་འདིར་ལྷག་པར་དགོངས། ༤ །ཁྱད་པར་རིང་ནས་གུས་པས་བསྙེན་བདག་ལ། །དང་པོའི་སངས་རྒྱས་སྨིན་གྲོལ་ཟིལ་དཀར་གྱིས། །རྣམ་ཀུན་མཆོག་ལྡན་ལང་ཚོ་དར་བབས་པའི། །སྐལ་བཟང་ནུབ་པ་མེད་པའི་དགེ་མཚན་བྱིན། ༥ །རྩོད་དུས་ཀུན་མཁྱེན་གཉིས་པའི་རིན་ཆེན་ཁྲིར། །གྲུབ་པའི་ཞབས་སེན་བཀོད་དེའི་གསུང་གི་རྒྱུན། །མཐའ་དག་རྫོགས་པར་སྩལ་དང་ཆབ་གཅིག་པར། །ཟབ་རྒྱས་ཆོས་ཀྱི་ཆར་ཆེན་འབེབས་པར་མཛོད། ༦ །གཞན་ཡང་སྤྱོད་དང་རྣལ་འབྱོར་རྒྱུད་ཀྱི་གཙོ། །ཤིན་ཏུ་རྟོགས་དཀའི་རིན་ཆེན་ཟ་མ་ཏོག །ཅི་དགའ་ཕྱེ་བའི་ལེགས་བཤད་སྣང་བ་ཡིས། །དོན་


JKT001_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་དགའ་སྟོན་ལྷུག་པར་སྦྱིན་མཛད་གསོལ། ༧ །དེ་ལྟར་མཆོག་ཏུ་གུས་པའི་ཡིད་ནི་དཔྱིད་ཀྱིས་བཟུང་བའི་ཨུཏྤལ་དང་། །གསོལ་འདེབས་ཚིག་གི་ཤིས་པ་སྒྲུབ་པའང་སྦྲང་རྩིའི་ཟིལ་དངར་འཇོ་བ་བཞིན། །གང་དུ་སྣང་བའི་དེ་མ་ཐག་ནས་བདེན་པའི་གསུང་གིས་མཚམས་སྦྱར་བས། །སྨོན་པའི་གནས་ཀུན་ཡིད་བཞིན་འགྲུབ་པའི་འདོད་དགུའི་རེ་ཁཱ་རྫོགས་གྱུར་ཅིག ༨ །སརྦ་དཱ་ཤུབྷཾ་བྷ་ཡེ་ཏ།། །།

ཁྱབ་བདག་རྡོ་རྗེ་འཆང་དང་པོའི་སངས་རྒྱས་རིན་ཆེན་བློ་གསལ་བསྟན་སྐྱོང་དཔལ་བཟང་པོའི་ཞལ་སྔ་ནས་ཤྲཱི་ཀཱ་ལ་ཙཀྲའི་དབང་བསྐུར་ནོས་པའི་སྐབས་སུ་ཕུལ་བའི་ཞབས་བརྟན་གསོལ་འདེབས་ཚིག་གི་བདུད་རྩི།


JKT001_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ་བདག་རྡོ་རྗེ་འཆང་དང་པོའི་སངས་རྒྱས་རིན་ཆེན་བློ་གསལ་བསྟན་སྐྱོང་དཔལ་བཟང་པོའི་ཞལ་སྔ་ནས་ཤྲཱི་ཀཱ་ལ་ཙཀྲའི་དབང་བསྐུར་ནོས་པའི་སྐབས་སུ་ཕུལ་བའི་ཞབས་བརྟན་གསོལ་འདེབས་ཚིག་གི་བདུད་རྩི་ཞེས་བྱ་བ་བཞུགས་སོ། །བི་བྷཱི་ཤྲཱི་བི་ཛ་ཡནྟུ། །སྤྲོས་པའི་ཕ་མཐའ་གཞར་ཡས་མི་ཕྱེད་རྣམ་ཀུན་མཆོག་ལྡན་སྟོང་ཉིད་དང་། །མི་འགྱུར་བདེ་བ་ཆེན་པོའི་ཡེ་ཤེས་ཟུང་འཇུག་དཔལ་ལྡན་དུས་འཁོར་ལོ། །ཚུར་མཐོང་བློ་གསལ་གདུལ་བྱའི་ཚོགས་དང་བསྟན་པ་རྒྱ་མཚོ་སྐྱོང་བའི་སླད། །མཆོག་གི་སྤྲུལ་སྐུའི་རྣམ་པར་འཆར་གང་སྲིད་ཞིའི་ཕྱོགས་ལས་རྒྱལ་གྱུར་ཅིག ༡ །མཚན་མའི་འདུ་འགོད་གཟོད་ནས་ཞི་བ་དེ་ཉིད་རྣམ་པ་བཅུ་དྲུག་གཟུགས། །སྒྱུ་འཕྲུལ་དྲྭ་བས་མངོན་པར་བྱང་ཆུབ་པདྨ་འདབ་མ་རྒྱས་པའི་སྤྱན། །བརྟན་གཡོའི་དངོས་ཀུན་སྤྲོ་དང་བསྡུ་མཛད་ཤཱཀྱ་སེང་གེའི་ངོ་བོར་ཉིད། །ཟག་པ་མེད་པའི་མཚན་དཔེའི་ཕུང་པོ་འཆི་མེད་མཆོག་ཏུ་འཚོ་གཞེས་གསོལ། ༢ །རྡོ་རྗེ་


JKT001_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཤིགས་ནཱ་དའི་ངོ་བོ་བདེན་དོན་རྣམ་པ་བཅུ་གཉིས་སྤྲིན། །རྣམ་པ་ཉི་ཤུས་མངོན་པར་བྱང་ཆུབ་བདུད་རྩིའི་སྙིང་པོས་ལྕི་བའི་འཛུམ། །སྨྲ་བའི་ཁྱུ་མཆོག་ཉིན་མོར་བྱེད་པ་ཀཱ་ལ་ཙཀྲར་མངོན་བརྗོད་པས། །ཟབ་ཅིང་རྒྱ་ཆེའི་ཆོས་ཀྱི་ཆར་ཆེན་དུས་གསུམ་རྟག་ཏུ་འབེབས་པར་བསྐུལ། ༣ །ཐོག་མར་སྐྱེ་བའི་འཛག་པ་མེད་ན་མཐར་གྱིས་འཇིག་པ་མ་དམིགས་ཕྱིར། །འགྱུར་བའི་ཚུལ་དང་གཞར་ཡང་མི་མཛའ་བདེ་ཆེན་མཆོག་གི་པྲ་སེ་ནཱ། །རྣམ་པ་ལྔ་ཡིས་མངོན་བྱང་ཆུབ་པ་དང་པོའི་སངས་རྒྱས་ཡེ་ཤེས་སྐུ། །ཁྱོད་ལས་གཞན་དུ་ནམ་ཡང་མི་འཚལ་རྟག་པ་དམ་པར་སྣང་མཛད་གསོལ། ༤ །འབར་གཡོ་བརྟན་པའི་ཐ་མར་སོན་པས་དུས་དང་ཡོན་ཏན་འཇུག་པ་བརྟུལ། །སྐད་ཅིག་གཅིག་གིས་མངོན་པར་བྱང་ཆུབ་ཕྱོགས་དང་ཆ་ལས་རིང་དུ་གྲོལ། །ཐམས་ཅད་མཁྱེན་པའི་གཟིགས་པ་མངོན་གྱུར་མཁའ་ཁྱབ་ཡེ་ཤེས་རྡོ་རྗེའི་དངོས། །ཤིན་ཏུ་ཞི་བ་ཕྱག་རྒྱ་ཆེན་པོར་འཆི་མེད་གྲུབ་པ་ཉིད་གྱུར་ཅིག ༥ །མདོར་ན་སྙིང་རྗེའི་ལུས་ཅན་ཁྱོད་ནི་ཡོངས་རྫོགས་བསྟན་པའི་ཉི་མ་སྟེ། །མཐའ་ཀླས་འགྲོ་བའི་གདུང་བ་སེལ་ལ་ཟླ་ཤེལ་བདུད་རྩི་མངོན་སུམ་ཉིད། །ཁྱད་པར་འཛམ་གླིང་བྱང་ཕྱོགས་ཐུབ་དབང་རིན་ཆེན་གྲུབ་པའི་བཤད་སྒྲུབ་ཁུར། །འདེགས་པའི་ཤིང་རྟ་གཅིག་པུ་ཉིད་ལས་གཉིས་པ་དམིགས་སུ་མ་འཚལ་བས། ༦ །བསྐལ་པ་རྒྱ་


JKT001_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

མཚོར་ཞབས་པད་འཁོར་ལོ་རྡོ་རྗེའི་ཁམས་སུ་བརྟན་པ་དང་། །ཕྲིན་ལས་སྣང་བས་ས་གསུམ་ཁྱབ་ཅིང་ཆོས་འཁོར་རྟག་ཏུ་བསྐོར་བ་དང་། །བདག་སོགས་འགྲོ་ཀུན་བྱང་ཆུབ་བར་དུ་ཡེ་ཤེས་གཟིགས་པས་མི་འདོར་བར། །དངོས་པོ་ཀུན་གྱིས་བཏུད་དེ་གསོལ་ན་དགེ་མཚན་སྙེ་མ་གཡུར་ཟ་མཛོད། ༧ །ཅེས་སྙིང་ནས་གསོལ་འདེབས་ཀྱི་ཏམྱུར་དལ་གྱིས་བསྒྲེང་བའི་མཚོན་བྱེད་རྟེན་འབྱུང་གི་སྣང་བས་བཀྲ་ཤིས་པའི་པདྨོ་ཆེས་ཆེར་རྒྱས་པའི་སླད་དུ་ཡིད་ཀྱི་ཆོ་གས་མཎྜལ་ཀུན་བཟང་མཆོད་པའི་སྒོ་བརྒྱར་དབྱེ་བ་དང་ཆབ་གཅིག་འཆི་མེད་ཀྱི་རེག་བྱ་ཟླ་ཞུན་ལྟར་དཀར་བ་མངྒལའི་རེ་ཁཱས་མཚན་པ། བཅོམ་ལྡན་འཆི་མེད་མགོན་པོའི་མཚན་དཔེའི་ཞལ་སྐྱིན་བྱིན་ཅན། །འཆི་མེད་རྡོ་རྗེ་ནཱ་དའི་སྒྲ་བརྙན་གླུར་བླངས་པའི་རྒྱུད་ཆེན་པོའི་འགྲེལ་པ་ལེགས་བཤད་ཀྱི་ཕུལ་དུ་སོན་པ། འཆི་མེད་གྲུབ་པའི་ཡེ་ཤེས་ཨེ་ཝཾ་གྱི་གཟུགས་གཞན་པ་བཛྲ་གྷཎཱ། ཡོན་ཏན་དང་ཕྲིན་ལས་འཆི་མེད་རྟག་པའི་རྒྱལ་རྔ་ཀུན་ཏུ་དགེ་བའི་དབྱངས་སྙན་བདེ་སྐྱོང་གི་ཌ་མ་རུ། །རིན་ཆེན་དང་པོ་ཞོ་འཁོར། །རིན་གཉིས་ཀྱི་དོང་རྩེ་སྲང་འཁོར། ༣ །སྣ་ཚོགས་རྡོ་རྗེའི་རེ་ཁཱས་མཚན་པའི་ཨཱ་ས་ནཾ། །དབང་བཅུའི་ཡོན་ཏན་སྲུབ་པའི་མདངས་ལྡན་ལྷ་རྫས་བཟང་གོས་དམར་པོ་ཡུག་བཅས་རྡོ་རྗེའི་སློབ་མའི་ཐ་ཆུང་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་གུས་པ་ཆེན་པོའི་ཕྱག་དང་བཅས་ཏེ་འབུལ་ལམ་ཞུས་པ་ལགས་ན་མངོན་འདོད་ཀྱི་གནས་ལ་སྨོན་པའི་དོན་ཀུན་ཡིད་བཞིན་དུ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། །

རིན་ཆེན་བློ་གསལ་བསྟན་སྐྱོང་གྱི་ཞབས་བརྟན།


JKT001_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

ཤྲཱི་སྭསྟི་བི་ཛ་ཡནྟུ། །རིན་ཆེན་བསོད་ནམས་བརྒྱ་ཡི་མཚན་འབར་བ། །བློ་གསལ་མིག་གི་དཔྱིད་གྱུར་རྡོ་རྗེའི་སྐུ། །བསྟན་སྐྱོང་རྒྱལ་བའི་མྱུ་གུ་མཐའ་ཡས་པའི། །གཙུག་གི་ནོར་བུའི་མཆོག་ཏུ་འཚོ་གཞེས་གསོལ། །རིན་ཆེན་དམ་པའི་ཆོས་ཀྱི་དབྱངས་སྙན་པོས། །བློ་གསལ་རྣ་བའི་དཔལ་སྟེར་རྡོ་རྗེའི་གསུང་། །བསྟན་སྐྱོང་མཁས་པའི་ཚོགས་རབ་བྱེ་སྙེད་ཀྱི། ཤིང་རྟ་ཆེན་པོའི་མཆོག་ཏུ་འཚོ་གཞེས་གསོལ། །རིན་ཆེན་དྲི་མེད་གཉུག་མའི་བེཟླུརྨ། །བློ་གསལ་ཡིད་ལ་བྱིན་རློབས་རྡོ་རྗེའི་ཐུགས། །བསྟན་སྐྱོང་གྲུབ་པ་རྒྱ་མཚོའི་དཔྱིད་གཅིག་པུ། །རིགས་བརྒྱའི་ཁྱབ་བདག་མཆོག་ཏུ་འཚོ་གཞེས་གསོལ། །རིན་ཆེན་རིན་ཐང་བྲལ་བས་མཚོན་མིན་པའི། །བློ་གསལ་འདོད་པ་འཇོ་བའི་ཡོན་ཏན་ཕུལ། །བསྟན་སྐྱོང་འཕགས་དང་རྣམ་དཔྱོད་མིག་ཐོབ་པ། །ཀུན་གྱིས་བསྔགས་འོས་མཆོག་ཏུ་འཚོ་ཞེས་གསོལ། །རིན་ཆེན་རྣམ་གསུམ་དགྱེས་པའི་ལེགས་སྤྱད་ཀྱིས། །བློ་གསལ་གདུལ་བྱ་ཚིམ་མཛད་ཕྲིན་ལས་རྒྱུན། །བསྟན་སྐྱོང་གཞན་ལ་སྨན་ཕྱིར་ས་གསུམ་ན། འཆི་མེད་རྟག་པའི་མཆོག་ཏུ་འཚོ་གཞེས་གསོལ། །དེ་ལྟར་མི་ཕྱེད་གུས་པས་གསོལ་བཏབ་མཐུས། །ཟུང་འཇུག་སངས་རྒྱས་རིན་ཆེན་ཟ་མ་ཏོག །བློ་འདས་འོད་གསལ་སེམས་ཀྱི་རྡོ་རྗེ་དང་། །དབྱེར་མེད་བསྟན་པ་སྐྱོང་མཛད་རྟག་བཞུགས་གསོལ། །རིན་ཆེན་གསུམ་དངོས་དཔལ་ལྡན་བླ་མ་ཡིས། །བློ་གསལ་གདུལ་བྱ་རྒྱ་མཚོ་རྗེས་བཟུང་མཐུས། །བསྟན་སྐྱོང་མཁས་གྲུབ་ནམ་མཁའི་མཐར་


JKT001_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ་ནས། །སྲིད་ཞིའི་དགེ་ལེགས་འཕེལ་བའི་བཀྲ་ཤིས་ཤོག །ཅེས་དངོས་པོ་ཀུན་ཀྱིས་བཏུད་དེ་རྩེ་གཅིག་གུས་པས་གསོལ་བ་འདེབས་མཚོན་བཀྲ་ཤིས་པའི་ལྷ་གོས་རབ་དཀར། བྱང་ཆུབ་སེམས་དཔའ་ཆེན་པོ་ཙནྡྲ་པྲ་བྷ་ཀུ་མཱ་ར་དང་དབྱེར་མེད་པར་སྐུ་ཚེ་དང་ཕྲིན་ལས་དབང་འབྱོར་བའི་རྟེན་འབྱུང་དུ་འཆི་མེད་སྐུ་གསུང་ཐུགས་རྡོ་རྗེའི་རང་གཟུགས། བཅས་བཀའ་སློབ་ཀྱི་ཐ་ཆུང་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་ཆུ་སྟོད་ཟླ་བའི་དཀར་པོའི་ཕྱོགས་ཀྱི་ཚེས་བཅུའི་ཉི་ཤར་ལ་ཕུལ་བ་དེ་དེ་བཞིན་དུ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། །

བཀའ་དྲིན་ཆེ་བའི་བླ་མ་དམ་པ་རྣམས་ལ་གསོལ་བ་འདེབས་པ་བྱིན་རླབས་བདུད་རྩིའི་སྤྲིན་མཛེས།


JKT001_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་དྲིན་ཆེ་བའི་བླ་མ་དམ་པ་རྣམས་ལ་གསོལ་བ་འདེབས་པ་བྱིན་རླབས་བདུད་རྩིའི་སྤྲིན་མཛེས་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་བྷུ བྱམས་པའི་ཐུགས་རྗེས་སྲས་བཅས་རྒྱལ་བ་ཀུན། །ལྷར་བཅས་དགའ་བའི་བསྟན་འཛིན་མཆོག་གི་སྐུར། །ཡོངས་ཤར་རིགས་དང་དཀྱིལ་འཁོར་རྒྱ་མཚོ་ཡི། །ཁྱབ་བདག་རྡོ་རྗེ་སེམས་དཔའ་གསོལ་བ་འདེབས། །རྣལ་འབྱོར་དབང་ཕྱུག་རྗེ་བཙུན་ས་སྐྱ་པའི། །སྙན་བརྒྱུད་ཚད་མ་བཞི་ལྡན་བདུད་རྩིའི་རྒྱུན། །སྐལ་བཟང་ཡིད་ཀྱི་འཛིན་མར་འབེབས་མཁས་པའི། །རྣམ་འདྲེན་འཇམ་དཔལ་བཟང་པོར་གསོལ་བ་འདེབས། །ངག་དབང་ལྷ་ཡི་རིགས་ཀྱི་ཐིག་ལེ་ལས། །ཀུན་དགའི་མཚན་དཔེའི་ལང་ཚོ་དར་བབས་པས། །སྲིད་ཞིའི་དགེ་ལེགས་རིན་ཆེན་འབྱུང་བའི་གནས། །འཛམ་གླིང་བསྟན་འགྲོའི་མགོན་དེར་གསོལ༴ ངག་གི་དབང་ཕྱུག་རྡོ་རྗེ་རྣོན་པོ་ཡི། །ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་བརྒྱ་རེ་གསུམ་


JKT001_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་རོལ་གྱིས། །རིན་ཆེན་དམ་པའི་ཆོས་ཀྱི་མཛོད་བཟུང་བ། །སྙིགས་དུས་བསྟན་པའི་ཉི་མར་གསོལ༔ སྐྱབས་གནས་རིན་ཆེན་གསུམ་གྱི་ངོ་བོར་ཉིད། །བློ་གསལ་གདུལ་བྱ་རྒྱ་མཚོའི་མགོན་གཅིག་པུ། །ཡོངས་རྫོགས་བཤད་སྒྲུབ་བསྟན་པ་སྐྱོང་བའི་དཔལ། ཁྱབ་བདག་རྡོ་རྗེ་འཛིན་པར་གསོལ༔ དཀོན་མཆོག་གསུམ་དངོས་མཁྱེན་བརྩེ་ནུས་པའི་གཏེར། །ལུང་རྟོགས་བསྟན་པ་རབ་འབྱམས་སྣང་བའི་མཛོད། །སྲས་བཅས་རྒྱལ་ཀུན་ཕྲིན་ལས་རྒྱས་མཛད་པའི། །དཔལ་ལྡན་རྣམ་འདྲེན་བཟང་པོར་གསོལ་བ༴ མཚུངས་མེད་ངག་གི་དབང་ཕྱུག་ལེགས་གྲུབ་པས། །སྙན་བརྒྱུད་བསྟན་པའི་རྒྱལ་མཚན་འཛིན་མཁས་པ། །འཇམ་པའི་དབྱངས་དངོས་སྨྲ་བའི་སེང་གེ་ཆེར། །ཐུབ་བསྟན་གསལ་བའི་ཉི་མར་གསོལ༔ རིགས་ཀུན་ཁྱབ་བདག་ཕྱག་ན་པདྨོ་ཉིད། །ཐེག་མཆོག་ཆོས་ཀྱི་དགའ་སྟོན་སྩོལ་བའི་ཕྱིར། །སུམ་ལྡན་རྡོ་རྗེ་འཛིན་པའི་སྐུར་བཞེངས་པ། །རྣམ་འདྲེན་རྒྱལ་བའི་དབང་པོར་གསོལ་བ་འདེབས། །འགྱུར་མེད་སྐུ་བཞིའི་ངོ་བོར་བྱང་ཆུབ་མཐུས། །སྲིད་ན་རྗེས་སུ་བརྩེ་བའི་སྙིང་རྗེའི་སྟོབས། །ཕྱོགས་ལས་རྣམ་རྒྱལ་མ་ཧཱ་པཎྜི་ཏར། །ཡོངས་ཤར་འཇམ་མགོན་བླ་མར་གསོལ་བ༔ འཇིག་རྟེན་གསུམ་གྱི་མགོན་པོ་ཀརྨ་ཀའི། །བསྟན་འཛིན་བྱེ་བའི་ཁྱུ་མཆོག་ངག་གི་དབང་། །མཁས་ཤིང་གྲུབ་བརྙེས་ཡོན་ཏན་རྒྱ་མཚོའི་གཏེར། །བློ་གྲོས་ཕ་


JKT001_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་ཡས་ལ་གསོལ་བ༔ རྒྱལ་སྲས་ཀུན་གྱི་བགྲོད་པ་གཅིག་པའི་ལམ། །གཞན་ཕན་བྱང་ཆུབ་སེམས་སུ་ངེས་པའི་ཚུལ། །ཇི་བཞིན་རྟོགས་ནས་མཐའ་ཡས་འགྲོ་བ་ལ། །སྟོན་མཛད་དྲིན་ཆེན་བླ་མར་གསོལ་བ༴ མི་འགྱུར་འཆི་མེད་པདྨ་སཾ་བྷ་ཝས། །རྗེས་བཟུང་སངས་རྒྱས་ཀུན་དངོས་རིགས་བརྒྱའི་བདག །བསྟན་འགྲོའི་ཕན་བདེའི་དགའ་སྟོན་མཆོག་སྩོལ་བའི། །རྒྱལ་སྲས་རྡོ་རྗེ་འཛིན་པར་གསོལ་བ ཀ་དག་འགྱུར་མེད་གཉུག་མའི་གནས་ལུགས་རྟོགས། །ལྷུན་གྲུབ་མངོན་སུམ་རིག་གདངས་ཚད་ལ་ཕེབས། །ཕྲིན་ལས་ཆོས་ཀྱི་སྣང་བས་འཇིག་རྟེན་གསུམ། །གསལ་མཛད་བསྟན་པའི་སྒྲོན་མེར་གསོལ་་བ་འདེབས། །གཞན་ཡང་བཀའ་དྲིན་ཆེན་པོས་རྗེས་བཟུང་བའི། །རིས་མེད་མཁས་གྲུབ་རྒྱ་མཚོའི་ཚོགས་རྣམས་ལ། །སྙིང་ནས་གུས་པས་གསོལ་བ་བཏབ་པའི་མཐུས། །བསྐལ་བརྒྱར་ཞབས་བརྟན་ཆོས་འཁོར་བསྐོར་གྱུར་ཅིག །བདག་ཀྱང་བྱང་ཆུབ་བར་དུ་མགོན་རྣམས་ཀྱིས། །རྗེས་བཟུང་དད་དང་ངེས་འབྱུང་བྱང་སེམས་དང་། །གསང་ཆེན་སྨིན་གྲོལ་ལམ་གྱི་ཐབས་མཁས་ལ། །བརྟེན་ནས་ཟུང་འཇུག་གོ་ཤོག །ཅེས་པའང་རིས་མེད་པའི་བསྟན་པ་ལ་དག་པའི་སྣང་བ་གཅིག་ཏུ་དཀར་ཞིང་མཁས་ཤིང་གྲུབ་པ་བརྙེས་པའི་ཡོངས་འཛིན་དམ་པ་དུ་མའི་བྲན་དུ་གྱུར་པ་ཤཱཀྱའི་དགེ་སློང་བྱ་བྲལ་བ་མཁྱེན་བརྩེའི་དབང་པོ་རང་ཉིད་ཀྱི་ཁ་ཏོན་དུ་གསོལ་བ་བཏབ་པ་སིདྡྷི་རསྟུ།། །།

རྣམ་འདྲེན་བླ་མ་རིན་པོ་ཆེ་ཀུན་དགའ་ཆོས་ཀྱི་དབང་པོའི་ཞབས་བརྟན་གསོལ་འདེབས་འཆི་མེད་གྲུབ་པའི་རོལ་མོ།


JKT001_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་འདྲེན་བླ་མ་རིན་པོ་ཆེ་ཀུན་དགའ་ཆོས་ཀྱི་དབང་པོའི་ཞབས་བརྟན་གསོལ་འདེབས་འཆི་མེད་གྲུབ་པའི་རོལ་མོ་ཞེས་བྱ་བ་བཞུགས་སོ། །འཆི་མེད་ཚེ་དཔག་མེད་མགོན་རྣམ་པར་རྒྱལ། །ཡིད་བཞིན་འཁོར་ལོའི་ཐུགས་རྗེའི་བྱིན་རླབས་ཀྱིས། །དཔལ་ལྡན་བླ་མ་བསྐལ་བརྒྱར་འཚོ་གཞེས་ཤིང་། ཕྲིན་ལས་ཕྱོགས་དུས་ཀུན་ཏུ་ཁྱབ་པར་ཤོག །ཚུལ་ཁྲིམས་ཕུང་པོར་ཉེས་པའི་སྐྱོན་དང་བྲལ། །མང་དུ་གསན་དང་བསམ་པའི་ཕ་རོལ་སོན། །ངེས་འབྱུང་དྲག་པོས་སྒྲུབ་པའི་རྒྱལ་མཚན་བསྟེན། །ཀུན་དགའ་ཆོས་ཀྱི་དབང་པོ་ཞབས་བརྟན་གསོལ། །བྱམས་དང་སྙིང་རྗེ་བྱང་ཆུབ་སེམས་མཆོག་འབྱོངས། །ཏིང་ངེ་འཛིན་དང་ཤེས་རབ་དྲི་མ་མེད། །གཞན་ཕན་རྣམ་དཀར་ཕྲིན་ལས་བསམ་མི་ཁྱབ། །རྒྱལ་བའི་མྱུ་གུ་ཆེན་པོ་ཞབས་བརྟན་གསོལ། །དབེན་པའི་གནས་སུ་དབང་བཞིའི་ལམ་ཟབ་མོ། །རྩེ་གཅིག་བསྒོམ་པས་སྒྲིབ་བཞི་ཡོངས་སྦྱངས་ཏེ། །སྐུ་བཞིའི་རྒྱལ་སྲིད་ཆེ་ལ་དབང་འབྱོར་བའི། །རྡོ་རྗེ་འཛིན་པའི་གཙུག་རྒྱན་ཞབས་བརྟན་གསོལ། །རྗེ་བཙུན་བླ་མའི་ཞབས་པད་བསྐལ་བརྒྱར་བརྟན། །དད་ལྡན་སློབ་མའི་བསམ་སྦྱོར་ཆོས་བཞིན་འགྲུབ། ། བཤད་སྒྲུབ་བསྟན་པ་དར་ཞིང་འགྲོ་ཀུན་བདེ། །མྱུར་དུ་བྱང་ཆུབ་གོ་འཕང་ཐོབ་པར་ཤོག །ཅེས་པའང་རྗེ་དེ་ཉིད་ཀྱི་ཐུགས་སྲས་སྒྲུབ་བརྩོན་སྤོང་བ་པ་ཆེན་པོ་མཉྫཤྲཱི་དྷཱ་ཛས་བཀྲ་ཤིས་པའི་ལྷ་རྫས་དང་བཅས་ཆེད་དུ་བསྐུལ་བ་དང་། །རང་ཉིད་


JKT001_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ཀྱང་མངོན་པར་དྭངས་བའི་ཡིད་ཀྱིས་ཀུན་ནས་བསླངས་ཏེ། །བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་རབ་ཚེས་ས་འབྲུག་གི་ལོ་མགོ་ཟླ་བའི་དཀར་ཕྱོགས་ཀྱི་ཚེས་བཅུར་གསོལ་བ་བཏབ་པ་དེ་དེ་བཞིན་དུ་འགྲུབ་པར་བླ་མ་རྒྱལ་བ་སྲས་དང་བཅས་པས་བྱིན་གྱིས་བརླབ་ཏུ་གསོལ། །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། །།

མཆོག་སྤྲུལ་རིན་པོ་ཆེ་བྱམས་པ་བསྟན་འཛིན་སྙན་གྲགས་ལ་ཞབས་བརྟན་དུ་གསོལ་བ་འཆི་མེད་གྲུབ་པའི་དོ་ཤལ།


JKT001_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་སྤྲུལ་རིན་པོ་ཆེ་བྱམས་པ་བསྟན་འཛིན་སྙན་གྲགས་ལ་ཞབས་བརྟན་དུ་གསོལ་བ་འཆི་མེད་གྲུབ་པའི་དོ་ཤལ་ཅེས་བྱ་བ། །སྭསྟི་བི་ཛ་ཡནྟུ། །བརྟན་པར་གྱུར་ཅིག་གཟོད་ནས་རབ་ཞི་བ། །སྤྲོས་པའི་མཚན་མ་ལས་འདས་ཆོས་ཀྱི་དབྱིངས། །རྣམ་པ་ཉི་ཤུས་བྱང་ཆུབ་འཆི་མེད་ལྷས། །བསྟན་པའི་ཉིན་བྱེད་མཚུངས་མེད་གསལ་བར་མཛོད། །རགས་པའི་ཕུང་ཁམས་སྐྱེ་མཆེད་དྭངས་མའི་ལུས། །དེ་་ཡང་གསལ་སྟོང་ཟུང་འཇུག་ཆེར་སིམ་པས། །སླར་ལ་སྒྱུ་འཕྲུལ་གཟུགས་མང་འདུ་བགྱིད་པས། །ཁྱེད་ལ་འཆི་མེད་རྟག་པ་སྦྱིན་གྱུར་ཅིག །འཇུག་དང་ལྡང་བའི་དྲི་བཞོན་ཁ་སྦྱོར་གྱི། །རྡོ་རྗེའི་ཆོ་ག་གྲུབ་པས་སྲིད་པ་གསུམ། །འགྱུར་མེད་ཐིག་ལེ་གཅིག་ཏུ་རབ་རྫོགས་པས། །ཁྱེད་ལ་འཆི་མེད་རྟག་པ༔ ཟླ་ཤེལ་ཞུ་བའི་རྡུལ་དང་ཉི་མའི་རྒྱུན། །དང་པོར་རང་རང་ལམ་ནས་འདུ་བགྱིས་ཏེ། །མཐར་གྱིས་དྷཱ་ཏཱིའི་པདྨོར་སོན་པ་ཡིས། །ཁྱེད་ལ་འཆི་མེད་རྟག་པ་སྦྱིན༴ །སྤྲོས་པའི་ཚུལ་ནི་རྣམ་རྟོག་གཞན་དབང་སྟེ། །འཁོར་འདས་དབྱེར་མི་ཕྱེད་པ་སྤྲོས་པས་དབེན། །དེ་སླད་སྤྲོས་པའི་ཚུལ་དང་མི་མཛའ་བས། །ཁྱོད་ལ་


JKT001_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

འཆི་མེད༴ སྣང་དང་ཕྱེད་སྣང་མི་སྣང་གྲོང་ཁྱེར་གསུམ། །ཕྱི་ནང་འཇུག་པ་གཅིག་པས་ཡེ་ཤེས་ཀྱི། །ཕྱག་རྒྱར་མི་ཕྱེད་བསྡམས་པའི་བརྟུལ་ཞུགས་ཀྱིས། །ཁྱེད་ལ་འཆི་མེད་རྟག་པ་སྦྱིན་གྱུར་ཅིག །དེ་སྐད་སྲས་བཅས་རྒྱལ་བའི་བདེན་ཚིག་དང་། །ངེས་གསང་བདེན་པ་མཆོག་གིས་མཚམས་སྦྱར་ཏེ། །འཇམ་དབྱངས་བླ་མ་དགྱེས་པའི་ལྷག་བསམ་གྱིས། །སྨོན་པའི་ཚུལ་འདི་ཇི་བཞིན་འགྲུབ་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། །།ཨདྷིཥྛནཱམཱིཏཱནཾཤྲིནྟཱབེཤནཱམབྷཊྛཱརཀཱབཛྲཝཱརཱཧཱིབིམོཀཱདྷེཀྐཎཔནྟཀྲམཱཎཱིསཔྲནཾདྷིཙཱསྟི།

རྗེ་བཙུན་རྡོ་རྗེ་ཕག་མོའི་རྣམ་ཐར་གསོལ་འདེབས་ལམ་རིམ་གྱི་སྨོན་ལམ་དང་བཅས་པ་བྱིན་རླབས་བདུད་རྩིའི་ཆར་འབེབས།


JKT001_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བཙུན་རྡོ་རྗེ་ཕག་མོའི་རྣམ་ཐར་གསོལ་འདེབས་ལམ་རིམ་གྱི་སྨོན་ལམ་དང་བཅས་པ་བྱིན་རླབས་བདུད་རྩིའི་ཆར་འབེབས་ཞེས་བྱ་བ་བཞུགས་སོ། །ཏཱ ཝཱ་ད ན །ཙྪནྡཛག་ཏཱནཱམསུབིརྙེད ར ར ར ལ མ ད བྷཱུཏྲཔྲསཱརེ། །དྷམྨདྷཱཏུནིཛཔྲཛྙཱཔརཱམིཏཱ། བེལཱལིཏམཧཱསོཊུསཾབྷོགཏཱ། མཎྜལཱབྷིཛཏཱབེལཊཱམཱཏཱིཀཱ ཙྩེཎཾཏྲིབཛྲསྱཝསྦིཧིཡཾ།


JKT001_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་དབྱིངས་སྤྲོས་བྲས་ཤེས་རབ་ཕ་རོལ་ཕྱིན། བདེ་ཆེན་ལོངས་སྤྱོད་རྫོགས་སྐུའི་རྣམ་རོལ་ལས། །དཀྱིལ་འཁོར་རྒྱ་མཚོ་སྐྱེད་དང་རོལ་པའི་ཡུམ། །ཁྱབ་བདག་རྡོ་རྗེ་བཙུན་མོར་གསོལ་བ་འདེབས། ༡ མགོན་ཁྱོད་འོག་མིན་ཆེན་པོའི་ཞིང་ཁམས་སུ། །ལྷན་སྐྱེས་ཡེ་ཤེས་སྐུ་རུ་རྟག་བཞུགས་ཀྱང་། །གང་འདུལ་སྤྲུལ་པའི་སྒྱུ་འཕྲུལ་དྲྭ་བའི་གར། །སྣ་ཚོགས་གཟུགས་སུ་སྟོན་ལ་གསོལ་བ་འདེབས། ༢ །ཁྱད་པར་དཔལ་ལྡན་དེ་ཉིད་འདུས་པ་ཡི། །བསྟན་འཛིན་བྱེ་བའི་དབུས་ན་མངོན་མཐོ་བ། །རྒྱལ་བའི་ཡུམ་གཅིག་ཆོས་ཀྱི་སྒྲོན་མེ་སོགས། །རྣམ་འཕྲུལ་རིམ་པར་བྱོན་ལ་གསོལ༴ ༣ །དེ་ལས་སྙིགས་དུས་བསྟན་འགྲོའི་སྐྱབས་གཅིག་པུ། །ཡུལ་དབུས་ལྷ་ལྡན་གྲུབ་པའི་ནོར་འཛིན་གཞིར། །འཇིག་རྟེན་མིག་གཅིག་ལྡན་མ་རྩེ་མང་སོགས། །དམ་པའི་རིགས་སུ་འཁྲུངས་ལ ༤ ཚོགས་གཉིས་ཆུ་གཏེར་ཆེན་པོ་ལས་བྱུང་བའི། །མཚན་དཔེའི་ཟླ་ཤེལ་ཐོག་མར་འཆར་ཙམ་ནས། །བསྔགས་འོས་ཡོན་ཏན་བདུད་རྩིའི་སྣང་བ་ཡིས། ཡིད་ཅན་གདུང་བ་སེལ་ལ་གསོལ་བ༴ ༥ བླ་མ་ལྷག་པའི་ལྷ་ཡིས་ལུང་བསྟན་ཅིང་། ཕྱོགས་བཅུའི་སྐྱེ་བོའི་ཚོགས་རྣམས་ཀུན་དགའི་གླུས། །རྗེ་བཙུན་རྡོ་རྗེ་ཕག་མོ་ཉིད་དོ་ཞེས། །གྲགས་པའི་རྒྱུད་མང་བསྒྲེངས་ལ༴ ༦ དེ་ཚེ་ཕྱག་ན་པདྨོའི་རྒྱལ་ཚབ་ལས། །ཐུབ་བསྟན་རིན་ཆེན་ཁང་བཟང་


JKT001_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

སྒོར་ཞུགས་ནས། །བགྲང་བྱ་དགུ་ན་གོང་མའི་ཆོས་ཀྱི་ཁྲིར། །ཞབས་ཀྱི་ཨུཏྤལ་བཀོད་ལ་གསོལ༴ ༧ ཐམས་ཅད་མཁྱེན་གཟིགས་ཕྲིན་ལས་ལྷུན་གྲུབ་དང་། །མཁས་གྲུབ་ཆེན་པོར་རིག་འཛིན་རྣམ་རྒྱལ་ལས། །ཀུན་མཁྱེན་འཇིགས་མེད་གྲགས་པའི་ཐུགས་ཀྱི་བཅུད།་།མཐའ་དག་རྫོགས་པར་བཞེས་ལ༴ ༨ གཞན་ཡང་རིས་བྲལ་བཤེས་གཉེན་དུ་མ་ལས། །དྲི་མེད་ཆོས་ཚུལ་མང་དུ་གསན་པ་དང་། །ཚིག་དང་དོན་བཅས་འཁྲུལ་མེད་དཔྱད་པ་ཡིས། བསམ་བྱུང་ཤེས་རབ་རྫོགས་ལ༴ ༩ ཇི་སྙེདགསན་དང་བསམ་པ་དེ་དག་ཀྱང་། །གྲགས་པ་ཙམ་ཞིག་སྙིང་པོར་མ་བཟུང་བ། །ནང་དུ་རང་རྒྱུད་གདུལ་ཐབས་ཁོ་ན་ལ། །སྦྱར་བས་ཁྱད་པར་འཕགས་ལ༴ ༡༠ །དབེན་པའི་གནས་སུ་ཐུན་མོང་ལམ་རིམ་དང་། །རིམ་གཉིས་ཟབ་དོན་རྩེ་གཅིག་བསྒོམས་པའི་མཐུས། །ངེས་འབྱུང་བྱང་སེམས་ཡང་དག་ལྟ་བ་ལ། །ཉམས་རྟོགས་པད་དཀར་བཞད་དེར༴ ༡༡ སྦྱིན་ལ་གོམས་པའི་ནོར་བུའི་སྤྲིན་ཆེན་ལས། །ཟང་ཟིང་མི་འཇིགས་ཆོས་ཀྱི་ཆར་འབེབས་པས། །ལུས་ཅན་མཐའ་དག་གནས་སྐབས་མཐར་ཐུག་གིས། །རྒུད་པའི་གདུང་བ་འཕྲོག་ལ་གསོལ༴ ༡༢ ཇི་ལྟར་ཞལ་བཞེས་སྡོམ་པ་རྣམ་གསུམ་གྱི། །བཅས་པའི་མཚམས་ལས་ནམ་ཡང་མི་འདའ་ཞིང་། །དགེ་ཆོས་སྡུད་དང་གཞན་ཕན་མཐའ་ཡས་ཕྱིར། །ཚུལ་ཁྲིམས་


JKT001_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་དག་ལ ༡༣ གནོད་པའི་ཡུལ་གྱིས་ཀུན་ནས་མི་འཁྲུགས་ཤིང་། །ཆོས་ཕྱིར་དཀའ་བ་སྤྱད་ལ་གཅིག་ཏུ་དགྱེས། ཟབ་མོ་སྟོང་ཉིད་དོན་ལ་མི་སྐྲག་པའི། །བཟོད་པའི་ཕར་ཕྱིན་རྫོགས་ལ༴ ༡༤ མཐའ་ཡས་སེམས་ཅན་དོན་ལ་དམིགས་པ་ལ། །བྱང་ཆུབ་སྤྱོད་མཆོག་ཀུན་ལ་འཇུག་པ་དང་། །གཞན་དོན་སྒྲུབ་ལ་ཞུམ་པ་མི་མངའ་བའི། །བརྩོན་འགྲུས་ཕུན་སུམ་ཚོགས་ལ་གསོལ༴ ༡༥ བྱིས་པ་ཉེ་བར་སྤྱོད་པའི་བསམ་གཏན་ནི། །དོན་རབ་འབྱེད་པའི་སྣང་བ་དང་འགྲོགས་པས། །དེ་བཞིན་གཤེགས་པ་རབ་དགའི་ཏིང་འཛིན་གྱིས། །འཕགས་པའི་ཡེ་ཤེས་བརྙེས་ལ༴ ༡༦ ཀུན་རྫོབ་རྟེན་འབྱུང་། སྒྱུ་མའི་ངང་ཚུལ་དང་། །དོན་དམ་སྤྲོས་དང་བྲལ་བར་རབ་གཟིགས་བཞིན། །སྙིང་རྗེས་གཞན་ཕན་སྒྲུབ་ལ་མི་གཡེལ་བའི། །ཤེས་རབ་ཟབ་མོ་ཐོབ་ལ༴ ༡༧ དགེ་འདུན་འདུས་སྡེའི་འཛིན་སྐྱོང་སྤེལ་བ་དང་། །སྐུ་གསུམ་ཐུགས་རྟེན་ཉམས་གསོ་གསར་བཞེངས་དང་། །དཀོན་མཆོག་རྟེན་ལ་མཆོད་སྤྲིན་སྤྲོ་བ་སོགས། །རླབས་ཆེན་ཕྲིན་ལས་མཛད་ལ ༡༨ ཀུན་གཟིགས་པཎ་ཆེན་བསྟན་པའི་ཉི་མས་མཚོན། །དམ་པའི་ཚོགས་ལ་བསྙེན་ཅིང་བཀུར་བ་དང་། །བར་མའི་འགྲོ་དང་དམན་པའི་ཡིད་ཅན་ལ། །འདོད་དགུའི་གྲུ་ཆར་འབེབས་ལ ༡༩ དེ་ལྟར་སྦྱིན་པས་བསྡུས་པའི་གདུལ་བྱ་ལ། །སྙན་པར་སྨྲ་བའི་གཏམ་


JKT001_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་དབུགས་འབྱིན་ཅིང་། །དོན་མཐུན་ཆོས་དང་རང་ཉིད་དེར་སྤྱོད་པས། །ཕན་བདེ་མཐའ་དག་སྟེར་ལ༴ ༢༠ མཚུངས་མེད་ཐམས་ཅད་མཁྱེན་པ་ཡབ་སྲས་སོགས། །གསུང་ལས་འཁྲུངས་པའི་བསྟན་འཛིན་སྐྱེས་བུ་དང་། །སྙིང་པོའི་དོན་ལ་གཞོལ་བ་དུ་མ་ཡིས། །བཤད་སྒྲུབ་བསྟན་པ་སྤེལ་ལ༴ ༢༡ བོད་དང་བོད་ཆེན་ལྗོངས་རྣམས་དབང་མཛད་པའི། །དཔལ་ལྡན་ས་ཡི་དབང་ཕྱུག་རྣམ་བཞིས་མཚོན། །ཆེ་དགུའི་གཙུག་གི་ནོར་བུའི་གུས་གཏུད་ཀྱང་། །ཁེངས་དང་དྲེགས་པ་སྤངས་ལ༴ ༢༢ ཆོས་བརྒྱད་སྣང་བ་རྫུན་ལ་རྫུན་པར་གཟིགས། །རང་གི་ཡོན་ཏན་གཅིག་ཏུ་སྦས་པར་བརྩོན། །རིས་མེད་བསྟན་འཛིན་ཀུན་ལ་རབ་བསྔགས་པའི། །ཡོན་ཏན་བསམ་མི་ཁྱབ་ལ་གསོལ་བ་འདེབས། ༢༣ ཁྱད་པར་ཟབ་ལས་བྱུང་བའི་ལྷན་སྐྱེས་ཀྱི། །ཟབ་གསལ་ཕྱག་རྒྱ་ཆེ་ལ་མ་གཡོས་བཞིན། །ཐ་མལ་སྣང་བ་ཐམས་ཅད་ལྷ་སྔགས་དང་། །ཡེ་ཤེས་ཆེན་པོར་ཤར་ལ༴ ༢༤ རྩ་རླུང་ཐིག་ལེའི་བྱེད་པ་དབུ་མར་བཅིངས། །བདེ་གསལ་མི་རྟོག་ཉམས་ཀྱི་འཛིན་ཞེན་བྲལ། །རྣམ་ཀུན་མཆོག་ལྡན་ཏིང་འཛིན་མངོན་གྱུར་ཕྱིར། །མཆོག་གི་དངོས་གྲུབ་བརྙེས་ལ༴ ༢༥ མདོར་ན་ངེས་པའི་དོན་དུ་རྒྱལ་ཀུན་ཡུམ། །རྡོ་རྗེ་བཙུན་མོའི་ངོ་བོར་བྱང་ཆུབ་ཀྱང་། །འགྲོ་བ་དྲང་ཕྱིར་གང་འདུལ་རྣམ་པར་ཐར། །བསམ་བརྗོད་ཕ་མཐའ་ཡས་ལ་


JKT001_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བ་འདེབས། ༢༥ །དེ་ལྟར་སྐྱབས་གནས་ཀུན་འདུས་བླ་མ་རྗེའི། །རྣམ་ཐར་དྲན་བཞིན་སྙིང་ནས་གསོལ་འདེབས་ན། །བདག་གཞན་འགྲོ་ཀུན་ཐེག་མཆོག་བཤེས་གཉེན་གྱིས། །འབྲལ་མེད་རྗེས་སུ་བཟུང་བར་བྱིན་གྱིས་རློབས། ༢༧ །དལ་འབྱོར་རྙེད་དཀའ་ནམ་འཆི་ངེས་མེད་འཆར། །ངན་སོང་སྡུག་བསྔལ་མཐོང་བས་ཡིད་དབྱུང་སྟེ། །མངོན་མཐོ་སྒྲུབ་བྱེད་སྐྱེས་བུ་ཆུང་ངུའི་ལམ། །ལས་འབྲས་བླང་དོར་བརྩོན་པར་བྱིན་གྱིས་རློབས། ༢༨ །ཁམས་གསུམ་འཁོར་བ་མེ་འོབས་ལྟར་མཐོང་ནས། །དེ་ལས་བདག་ཉིད་ངེས་པར་འབྱུང་འདོད་བློས། །ཐར་པ་སྒྲུབ་བྱེད་སྐྱེས་བུ་འབྲིང་གི་ལམ། །བདེན་བཞིའི་འཇུག་ལྡོག་གོམས་པར་བྱིན་གྱིས་རློབས། ༢༩ །མར་གྱུར་འགྲོ་ཀུན་དྲིན་ལན་གཟོ་བའི་ཕྱིར། །བྱམས་དང་སྙིང་རྗེ་ལྷག་བསམ་ཁུར་ཁྱེར་ནས། །རྣམ་མཁྱེན་སྒྲུབ་བྱེད་སྐྱེས་བུ་ཆེན་པོའི་ལམ། །ག བྱང་ཆུབ་སེམས་གཉིས་འབྱོང་བར་བྱིན༴ ༣༠ དབང་བཞིས་རྒྱུད་སྨིན་དམ་ཚིག་སྡོམ་པའི་གནས། །རྣམ་པར་དག་པས་སྐུ་བཞིའི་གོ་འཕང་ཆེ། །མྱུར་དུ་སྒྲུབ་བྱེད་སྐྱེས་བུ་མཆོག་གི་ལམ། །རིམ་གཉིས་ཕ་མཐའ་སོན་པར་བྱིན༔ ༣༡ གཞན་ཡང་གནས་སྐབས་དམ་ཆོས་སྒྲུབ་པ་ལ། །བར་དུ་གཅོད་པའི་འགལ་རྐྱེན་ཀུན་ཞི་ཞིང་། །དད་དང་ཤེས་རབ་ཚེ་བསོད་དཔལ་འབྱོར་སོགས། །མཐུན་རྐྱེན་ལེགས་ཚོགས་


JKT001_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་པར་བྱིན་གྱིས་རློབས། ༣༢ །མདོར་ན་བཀའ་དྲིན་མཉམ་མེད་བླ་མ་མཆོག །བསྐལ་བརྒྱར་ཞབས་བརྟན་ཆོས་འཁོར་བསྐོར་བ་དང་། །བདག་སོགས་བྱང་ཆུབ་བར་དུ་རྗེས་བཟུང་ནས། །དོན་གཉིས་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག ༣ ༣ །ཅེས་རྒྱལ་ཡུལ་རྡོ་རྗེ་བཙུན་མོའི་རྣམ་པར་འཕྲུལ་བ་བློ་བཟང་ཆོས་དབྱིངས་བདེ་ཆེན་མཚོ་མོའི་ཞབས་ཀྱི་རྣམ་པར་ཐར་པ་ཐུན་མོང་གདུལ་བྱའི་སྣང་ངོར་ཤར་བའི་ཚུལ་ལས་བརྩམས་ཏེ་སྙན་ངག་དང་མངོན་བརྗོད་སོགས་ཀྱི་སྦྱོར་བས་མ་བཅིངས་པར་ཤིན་ཏུ་བདེ་བའི་ཚུལ་གྱིས་ཅུང་ཟད་བསྔགས་པའི་གསོལ་འདེབས་ལམ་རིམ་གྱི་སྨོན་ལམ་དང་བཅས་པ་འདིའང་། རྗེ་བཙུན་གང་གི་རྡོ་རྗེའི་སློབ་མ་རྣལ་འབྱོར་པདྨ་ཨཱ་ཡུརཱིནྡདང་། །རབ་འབྱམས་སྨྲ་བ་ཝཱ་གིནྡྲ་ཤཱ་ས་ན་དྷཱ་ར་དག་གིས་རིམ་པར་ལྷ་རྫས་ཀྱི་མེ་ཏོག་དང་བཅས་ཏེ་གསུང་གིས་བསྐུལ་བ་དང་། རང་ཉིད་ཀྱང་མངོན་པར་དྭང་བའི་ཡིད་ཀྱིས་མཚམས་སྦྱར་ཏེ། །རྒྱལ་ཁམས་ཉུལ་བའི་བཙུན་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་དཔལ་བསམ་སྡིངས་ཌཱ་ཀི་འདུ་བའི་བསྟི་གནས་སུ་ཆུ་སྟོད་ཟླ་བའི་ཡར་ཚེས་བཟང་པོར་བྲིས་ཏེ་གསོལ་བ་བཏབ་པ་འགྲོ་བ་ཀུན་གྱི་རྒྱུད་ལ་རྗེ་བཙུན་བླ་མའི་ཡེ་ཤེས་གཟིགས་པའི་བྱིན་རླབས་འཇུག་པའི་རྒྱུར་གྱུར་ཅིག། །།

རྗེ་བཙུན་རྡོ་རྗེ་ཕག་མོ་ཞབས་བརྟན་དུ་གསོལ་བ་འཆི་མེད་བདུད་རྩིའི་སྒྲ་དབྱངས།


JKT001_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བཙུན་རྡོ་རྗེ་ཕག་མོ་ཞབས་བརྟན་དུ་གསོལ་བ་འཆི་མེད་བདུད་རྩིའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ། །དགེ་ལེགས་རྟག་པ་དམ་པའི་དབྱིངས། །ཡེ་ཤེས་རྣམ་པ་ཀུན་ལྡན་རྡོ་རྗེའི་གཟུགས། །བདེ་ཆེན་འཆི་མེད་གྲུབ་པའི་ལང་ཚོ་ཅན། །ཀུན་ཏུ་བཟང་མོའི་ངོ་བོར་འཚོ་གཞེས་གསོལ། ༡ །ཚེ་འོད་དཔག་མེད་ཤེས་རབ་ཐིག་


JKT001_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

ལེ་ནི། །མི་ཤིགས་དཔྱིད་ཀྱི་སྒྱུ་ཐབས་ལ་ཆགས་པ། །རྒྱུན་གྱིས་འཕོ་བྲལ་ལྷན་སྐྱེས་གཟི་འབར་བའི། །གོས་དཀར་ཡུམ་གྱི་ངོ་བོར༴ ༢ །བཅུ་དྲུག་དགའ་བའི་ཉམས་བརྒྱས་ཕྱོགས་དུས་ཀྱི། །སྲས་བཅས་རྒྱལ་ཀུན་སྐྱེད་དང་རོལ་པའི་ཡུམ། །མཐའ་ཡས་ཞིང་ན་སྤྲུལ་པའི་གར་མཛད་པ། །རྡོ་རྗེ་བཙུན་མོའི་ངོ་བོར༴ ༣ གཙུག་ཏོར་རྣམ་པར་སྒེག་པའི་ཏིང་འཛིན་གྱི། །ཡེ་ཤེས་གཟུགས་སུ་སྣང་བས་འཆི་བདག་དང་། །ཡིད་སྲུབས་སྡེར་བཅས་མུན་པ་ཕམ་མཛད་པའི། །རྣམ་པར་རྒྱལ་མའི་ངོ་བོར༴ ༤ དྲན་པས་སྲིད་དང་ཞི་བའི་ཕུན་ཚོགས་ཀྱི། །ནོར་བུའི་གྲུབ་ཆར་འབེབས་མཁས་རྫོགས་ལྡན་སྤྲིན། །སྐལ་བཟང་འཆི་བ་མེད་པའི་མཐར་ཁྱབ་པ། །ཡིད་བཞིན་འཁོར་ལོའི་ངོ་བོར༴ ༥ ཞིང་སྔགས་ལྷ་ཅིག་སྐྱེས་པའི་ཌཱ་ཀི་ནཱི། །གྲངས་མེད་ཀུན་ཏུ་ཁྱབ་པའི་གཟུགས་སྟོན་པས། །ཟབ་རྒྱས་ཆོས་ཚུལ་རྒྱ་མཚོའི་གཉེར་འཛིན་པ། །ལས་ཀྱི་དབང་མོའི་ངོ་བོར༴ ༦ རབ་འབྱམས་ཞིང་རྣམས་ཀུན་དང་ཁྱད་པར་དུ། །བསིལ་ལྗོངས་འགྲོ་འདིར་བཀའ་དྲིན་མཚུངས་མེད་མགོན། །སངས་རྒྱས་གཉིས་པའི་ཆོས་ཀྱི་མཛོད་འཆང་བ། །བདེ་ཆེན་རྒྱལ་མོའི་ངོ་བོར་འཚོ་གཞེས་གསོལ། ༧ །མདོར་ན་ཕྱོགས་བཅུའི་སྐྱབས་གནས་རྒྱ་མཚོའི་དངོས། །འཕགས་མ་གཞོན་ནུའི་གསང་གསུམ་བསྐལ་པ་བརྒྱར། །འཚོ་གཞེས་ཕྲིན་ལས་སྣང་བས་འཇིག་རྟེན་


JKT001_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

ན། །དགེ་མཚན་པད་དཀར་རྒྱས་པའི་བཀྲ་ཤིས་སྩོལ། ༨ །ཅེས་སྐྱབས་མཆོག་རྡོ་རྗེ་བཙུན་མོའི་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་རྣམ་རོལ་མཆོག་གི་སྤྲུལ་པའི་སྣང་བརྙན་ཉི་མ་གསང་བའི་ཚུལ་དུ་འཆར་བ་གང་ཉིད། །རང་རིག་གོང་མའི་ཆོས་ཀྱི་ཁྲི་འཕང་མཐོན་པོར་སྲས་བཅས་སྟོབས་བཅུ་མངའ་བ་དང་། འཕགས་སྐྱེའི་འདུས་པ་རྒྱ་མཚོའི་ཚོགས་ཀྱིས་མངའ་གསོལ་བ་ལ། གུས་ཕྲན་ཆོས་སྨྲ་བའི་ཤཱཀྱའི་སྲས་པོའི་བརྟུལ་ཞུགས་འཆང་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོར་འབོད་པའང་། །སྐྱབས་མཆོག་གོང་མ་དེ་ཉིད་ཀྱི་ཡེ་ཤེས་གཟིགས་པས་ལྷག་པར་བསྐྱངས་བའི་བཀའ་དྲིན་རྗེས་སུ་དྲན་ཏེ་དད་པ་དང་སྤྲོ་བའི་ཡིད་ཀྱིས་ཤིས་བརྗོད་གསོལ་འདེབས་ཀྱི་མེ་ཏོག་ཆར་དུ་བསྙིལ་བའི་དངོས་པོའི་རྟེན་འབྱུང་ལེགས་སྐྱེས་མཚོན་བྱེད་ཙམ་དུ་དགེ་ལེགས་ཀྱི་རི་མོ་བཀྲ་བའི་མགུལ་དར། འཕགས་མ་ཡིད་བཞིན་འཁོར་ལོའི་སྣང་བརྙན། སངས་རྒྱས་གཉིས་པའི་རྡོ་རྗེའི་གསུང་གི་གླེགས་བམ། སྣ་ཚོགས་རྡོ་རྗེའི་རེ་ཁཱས་མཚན་པའི་ལྷ་རྫས། མི་འགྱུར་བའི་རིན་ཆེན་དང་པོ་ཞོ་འཁོར་བཀྲ་ཤིས་ཀྱི་གྲངས་ལྡན་བཅས་བསམ་པ་དག་ཅིང་སྦྱོར་བ་གུས་པས་འབུལ་ལམ་ཞུས་པ་ལགས་ན་ཇི་ལྟར་སྨོན་པའི་གནས་ཀུན་འགྲུབ་པར་བླ་མ་རྒྱལ་བ་སྲས་དང་བཅས་པས་བྱིན་གྱིས་བརླབ་ཏུ་གསོལ། །

ཆོས་དབྱིངས་བདེ་ཆེན་ཌཱཀི་མཚོ་མོའི་ཞབས་བརྟན།


JKT001_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་ཧོ། འཆི་མེད་ཆོས་དབྱིངས་རྣམ་ཀུན་མཆོག་ལྡན་གྱི་ཡེ་ཤེས། །བདེ་ཆེན་ཌཱ་ཀི་རྒྱ་མཚོའི་གཙོ་མོ་རུ་ཤར་བའི། །རིགས་དང་དཀྱིལ་འཁོར་ཁྱབ་བདག་དཔལ་ལྡན་གྱི་བླ་མ། །ཞབས་པད་བསྐལ་པ་རྒྱ་མཚོར་བརྟན་པ་རུ་ཤོག་ཅིག །བཀོད་པ་རྩ་ཁམས་ཕྱག་རྒྱ་དབུ་མ་རུ་ཐིམ་པས། །སྣང་སྟོང་ཟུང་དུ་འཇུག་པའི་འོད་གསལ་གྱི་ངང་ནས། །


JKT001_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

གདན་གསུམ་སྒྱུ་འཕྲུལ་དྲྭ་བའི་མཚན་དཔེ་ཡི་སྣང་བརྙན། །འཆི་མེད་རྟག་པ་དམ་པའི་སྨོན་ལམ་ཞིག་ཞུའོ། །འགྲོ་འོང་སྲོག་དང་རྩོལ་བའི་དྲི་བཞོན་གྱི་རྒྱུ་བ། ཁ་སྦྱོར་རྡོ་རྗེ་ནཱ་དའི་མཁའ་དབྱིངས་སུ་སོན་པས། །ལུང་རྟོགས་ཆོས་ཕུང་རྒྱ་མཚོའི་འབྱུང་གནས་སུ་གྱུར་པའི། །དགེ་མཚན་རྒྱུན་ཆད་མེད་པའི་སྨོན་ལམ་ཞིག་ཞུའོ། །གཟོད་ནས་སྤྲོས་པའི་འཇུག་ལྡང་ཆོས་དབྱིངས་སུ་ཐིམ་པས། །བསམ་བརྗོད་བློ་ལས་འདས་པའི་རྡོ་རྗེ་ཡི་བཙུན་མོ། །དམིགས་མེད་སྙིང་རྗེ་ཆེན་པོའི་ངལ་འཚོ་དང་སྦྲགས་ནས། །སྐྱེ་འགག་མཚན་མ་བྲལ་བའི་སྨོན་ལམ་ཞིག་ཞུའོ། །ཡོན་ཏན་མཐའ་ལས་འདས་པའི་དཔག་བསམ་གྱི་འཁྲི་ཤིང་། །གང་གིས་བསྙེན་པ་ཙམ་ནས་མཆོག་ཐུན་གྱི་དངོས་གྲུབ། །འཛད་མེད་ཆར་དུ་བསྙིལ་བའི་ངོ་མཚར་གྱི་སྣང་བ། །ནམ་ཡང་འགོག་པ་མེད་པའི་སྨོན་ལམ་ཞིག་ཞུའོ། །ཕྲིན་ལས་ལྷུན་གྱིས་གྲུབ་པའི་ཟླ་ཤེལ་གྱི་བདུན་རྩིས། །འཇིག་རྟེན་གསུམ་གྱི་རྒུད་པའི་ཚ་མདུང་ཀུན་བསལ་ནས། །ཕན་བདེའི་ཆུ་གཏེར་རྒྱས་པའི་དགའ་སྟོན་གྱི་གར་མཁན། །འཆི་མེད་གོ་འཕང་འགྲུབ་པའི་སྨོན་ལམ་ཞིག་ཞུའོ། །མདོར་ན་སྲས་བཅས་རྒྱལ་བའི་ཡེ་ཤེས་ཀྱི་སྣང་བརྙན། །བསྐྱེད་དང་རོལ་པའི་ཡུམ་གཅིག་ཤེར་ཕྱིན་མའི་ངོ་བོ། །འཚོ་གཞེས་བཤད་སྒྲུབ་ལས་གསུམ་གོང་འཕེལ་གྱི་སྣང་བས། །དོན་གཉིས་ལྷུན་གྱིས་གྲུབ་


JKT001_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྨོན་ལམ་ཞིག་ཞུའོ། །འཆི་མེད་ཐོག་མའི་མགོན་པོའི་འོད་གསལ་གྱི་སྒྱུ་འཕྲུལ། །འཆི་མེད་པདྨ་ཀ་རའི་ཐུགས་རྗེ་ཡི་འཇུག་པས། །འཆི་མེད་དགེ་མཚན་གྲུབ་པའི་གྲགས་དཀར་གྱི་རོལ་མོས། །འཆི་མེད་ཤིས་པའི་པདྨོ་རྒྱས་པ་རུ་ཤོག་ཅིག། །།

ཁྱབ་བདག་རྡོ་རྗེ་བཙུན་མོའི་ཞབས་པད་ཡུན་དུ་བརྟན་པར་གསོལ་བ་འདེབས་པ་འཆི་མེད་གྲུབ་པའི་བདེན་ཚིག


JKT001_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ་བདག་རྡོ་རྗེ་བཙུན་མོའི་ཞབས་པད་ཡུན་དུ་བརྟན་པར་གསོལ་བ་འདེབས་པ་འཆི་མེད་གྲུབ་པའི་བདེན་ཚིག་ཅེས་བྱ་བ་བཞུགས་སོ། །ཨོཾ་ཨཱཿཧཱུྃ་ཧྲི་ཧྲུབཛྲ་གུ་རུ་པདྨ་སིདྡྷི་པཎྱེ་ཛྙཱ་ན་ཨ་ཡུར་སིདྡྷི་ཛ ཆོས་དབྱིངས་བདེ་ཆེན་ཤེས་རབ་ཕ་རོལ་ཕྱིན། །རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ངོ་བོ་ཉིད། །དཔལ་ལྡན་རྡོ་རྗེ་བཙུན་མོའི་གསང་བ་གསུམ། །བསྐལ་བརྒྱར་འཚོ་གཞེས་ཆོས་འཁོར་བསྐོར་གྱུར་ཅིག །ནང་གསལ་ཁྱད་ཆོས་དྲུག་ལྡན་ཕོ་བྲང་དུ། །ཆོས་སྐུ་སྣང་མཐའ་ཡས་ལ་གསོལ་བ་འདེབས། །འཆི་མེད་ཚེ་དང་ཡེ་ཤེས་བྱིན་ཕོབས་ལ། །རྗེ་བཙུན་བླ་མའི་ཞབས་པད་བརྟན་པར་མཛོད། །ཟུང་འཇུག་ངེས་པ་ལྔ་ལྡན་ཞིང་ཁམས་སུ། །ལོངས་སྐུ་ཚེ་དཔག་མེད་ལ་གསོལཌ འཆི་མེད་ཚེ་དང༴ །རྗེ་བཙུན་བླ་མའི༔ བདེ་ཆེན་རྔ་ཡབ་དཔལ་རིའི་གཞལ་ཡས་སུ། །སྤྲུལ་སྐུ་ཐོད་ཕྲེང་རྩལ་ལ༔ འཆི་མེད༔ རྗེ་བཙུན ནུབ་ཕྱོགས་པདྨ་བཀོད་པའི་ཕོ་བྲང་དུ། །བཅོམ་ལྡན་རྣམ་པར་རྒྱལ་མར་གསོལ༔ འཆི་མེད༴ རྗེ་བཙུན༔ ལྷོ་ཕྱོགས་གྲུབ་འཛིན་རི་བོའི་ཞིང་ཁམས་སུ། །འཕགས་མ་ཡིད་བཞིན་འཁོར་ལོར་གསོལ༔ འཆི་


JKT001_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

མེད༴ རྗེ་བཙུན༴ བྲག་ཕུག་མཱ་ར་ཏི་ཀའི་དགའ་ཚལ་དུ། །རྒྱལ་ཡུམ་མནྡ་ར་བར་གསོལ༔ འཆི་མེད༴ རྗེ་བཙུན༔ འཕགས་ཡུམ་ཀུ་རུ་ཀུལླེའི་རི་བོའི་སྤོར། །མ་གཅིག་གྲུབ་པའི་རྒྱལ་མོར། འཆི་མེད༴ རྗེ་བཙུན༴ བོད་ཡུལ་གནས་མཆོག་དཔལ་གྱི་ཆུ་བོ་རིར། །གྲུབ་ཆེན་ཐང་སྟོང་རྒྱལ་པོར༔ འཆི་མེད༴ རྗེ་བཙུན༔ རང་སྣང་རྣམ་པར་དག་པའི་ཞིང་ཁམས་སུ། །དྲིན་ཅན་རྩ་བའི་བླ་མར་གསོལ་བ་འདེབས། །འཆི་མེད༴ རྗེ་བཙུན༔ གཞན་ཡང་རྩ་གསུམ་ཆོས་སྲུང་རྒྱ་མཚོ་ལ། །མི་ཕྱེད་སྙིང་ནས་དད་པས་གསོལ་འདེབས་ན། །འཆི་མེད་ཚེ་དང་ཡེ་ཤེས་བྱིན་ཕོབས་ལ། །རྗེ་བཙུན་བླ་མའི་ཞབས་པད་བརྟན་པར་མཛོད། །བསོད་ནམས་ཐབས་ཀྱིས་རིང་འཚོའི་དགེ་མཚན་རྒྱས། །ཤེས་རབ་ཟབ་མོས་སྐྱེ་འཆིའི་འཁྲུལ་སྣང་ཞི། །བྱང་ཆུབ་སེམས་ཀྱིས་གདོན་བགེགས་དབང་བྱས་ནས། །ཕྱོགས་ལས་རྣམ་པར་རྒྱལ་བར་བྱིན་གྱིས་རློབས། །ཅིར་སྣང་ཚེ་མཐའ་ཡས་པའི་ཞིང་དུ་དག །སྒྲར་གྲགས་འཆི་མེད་ནཱ་དའི་དབྱངས་སུ་རྫོགས། རྟོག་ཚོགས་རིག་སྟོང་ཆེན་པོར་ཡོངས་སྨིན་པས། །ཚེ་དབང་རིག་འཛིན་འགྲུབ་པར་བྱིན༔ མཁའ་འགྲོའི་སུན་མ་ཆོས་ཀྱི་དབྱིངས་སུ་བཟློག །བར་ཆད་ཚེ་འཕྲང་སྤྲོས་བྲལ་ངང་དུ་སོལ། །སྲིད་དང་ཞི་བའི་ཚེ་བཅུད་དབུ་མར་བསྟིམ། །བསྐལ་བརྒྱར་འཚོ་གཞེས་བརྟན་པར་བྱིན༔ བཀོད་པ་


JKT001_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

རྩྭ་ཡི་མདུད་པ་དྷ་ཏིར་གྲོལ། །སྲོག་རྩོལ་རླུང་གི་འགྲོ་འོང་དབྱིངས་སུ་ཐིམ། །ཉི་ཟླའི་བགྲོད་པ་མི་ཤིགས་ཐིག་ལེར་སྨིན། །གསང་གསུམ་འཕོ་མེད་འགྲུབ་པར༔ ཆོས་དབྱིངས་གདོད་མའི་ངང་ལས་མ་གཡོས་བཞིན། །ཆོས་ཅན་བདེ་བ་ཆེན་པོའི་ཡེ་ཤེས་སྐུ། །དཀྱིལ་འཁོར་རྒྱ་མཚོའི་གཙོ་མོར་ཡོངས་ཤར་བ། །འཆི་མེད་རིག་འཛིན་བརྙེས་པར་བྱིན་གྱིས་རློབས། །མདོར་ན་བཀའ་དྲིན་མཉམ་མེད་བླ་མ་རྗེ། །སྐྱབས་ཀུན་འདུས་པའི་ངོ་བོར་ཡོངས་ཤེས་པས། །རྩེ་གཅིག་གདུང་ཤུགས་དྲག་པོས་གསོལ་འདེབས་ན། །ཚད་མེད་ཐུགས་རྗེ་ཆེན་པོའི་ཡེ་ཤེས་ཀྱིས། །བདག་སོགས་གདུལ་བྱའི་ཚོགས་ལ་ཉེར་དགོངས་ནས། །ཞིང་འདིར་བསྐལ་པ་རྒྱ་མཚོར་འཚོ་གཞེས་ཤིང་། །ཟབ་ཅིང་རྒྱ་ཆེའི་ཕྲིན་ལས་རབ་འབྱམས་ཀྱི། །ཕན་བདེའི་དགེ་མཚན་རྒྱས་པའི་བཀྲ་ཤིས་སྩོལ། །ཅེས་པ་འདི་ཡང་སྐྱབས་མགོན་གང་གི་རྡོ་རྗེའི་སློབ་མ་བློ་གྲོས་དཔལ་ལྡན་གྱིས་ཆེད་དུ་བསྐུལ་བ་དང་། རང་ཉིད་ཀྱིས་ཀྱང་མི་ཕྱེད་པའི་གུས་པས་ཀུན་ནས་བསླངས་ཏེ་རིག་འཛིན་གྱི་བཙུན་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་ཆུ་སྟོད་ཟླ་བའི་དཀར་ཕྱོགས་ཀྱི་དགའ་བ་དང་པོ་གྲུབ་པའི་སྦྱོར་བ་འཆར་བའི་སྲོད་ཐུན་ལ་བསམ་སྡིངས་ཌ་ཀི་འདུ་བའི་ཚལ་དུ་གང་ཤར་བྲིས་ཏེ་བདེན་བཞིའི་ཆོས་འཁོར་བསྐོར་བའི་དུས་ཆེན་གྱི་ཉིན་གསོལ་བ་བཏབ་པ་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག། །།

དཔལ་རི་མཆོག་སྤྲུལ་རིན་པོ་ཆེའི་ཞབས་བརྟན་གསོལ་འདེབས་ཕྱིན་དྲུག་འཆི་མེད་གྲུབ་པའི་བདེན་ཚིག


JKT001_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་རི་མཆོག་སྤྲུལ་རིན་པོ་ཆེའི་ཞབས་བརྟན་གསོལ་འདེབས་ཕྱིན་དྲུག་འཆི་མེད་གྲུབ་པའི་བདེན་ཚིག་ཅེས་བྱ་བ་བཞུགས་སོ། །ཨོཾ་སྭསྟི་སིདྡྷཾ། ཀུན་བཟང་བླ་མའི་རིང་ལུགས་རྫོགས་པ་ཆེའི། །ཟབ་རྒྱས་འཇིགས་མེད་ཆོས་ཀྱི་སྣང་བ་ཅན། །བསྟན་པའི་ཉི་མ་ཕྲིན་ལས་རྒྱ་མཚོའི་སྡེ། །བསྐལ་བརྒྱར་ཞབས་བརྟན་ཆོས་འཁོར་བསྐོར་། གྱུར་ཅིག ༡ །ཞི་བསིལ་བདུད་རྩིའི་ཆོ་གས་དགེ་བྱས་པ། །ཟང་ཟིང་མི་འཇིགས་སྦྱིན་པའི་ཟླ་སྣང་གིས། །འགྲོ་འདིའི་རྒུད་པའི་མུན་པ་ཀུན་བསལ་བཞིན། །གསང་གསུམ་རྡོ་རྗེའི་ཁམས་སུ་འཚོ་གཞེས་གསོལ། ༢ ། ཉེས་སྤྱོད་རྡུལ་ལ་ཟ་བའི་ཚུལ་གནས་ཁྲིམས། །དགེ་ཆོས་ཡོངས་སུ་སྡུད་པའི་གངྒཱ་ནི། །གཞན་ཕན་གདུལ་བྱའི་ལམ་གསུམ་ལ་ཆགས་པས། དོན་གཉིས་ངལ་འཚོ་རྟག་ཏུ་བརྟེན་གྱུར་ཅིག ༣ །གནོད་པའི་ཡུལ་གྱིས་ནམ་ཡང་མི་འཕྲོག་ཅིང་། །ཆོས་ཕྱིར་དཀའ་བ་སྤྱད་ལ་བཟོད་པ་ཡིས། །ཟབ་མོའི་དོན་ལ་འཇིགས་པ་མེད་བརྙེས་པའི། །སྙན་པས་སྲིན་ཞིའི་ཁམས་ཀུན་ཁྱབ་པར་ཤོག ༤ །རྨད་བྱུང་ཐུགས་བསྐྱེད་གོ་ཆ་བཙན་པོ་དང་། །རབ་འགྲོགས་བྱང་ཆུབ་སྤྱོད་མཆོག་མཐར་གཤེགས་ནས། །གཞན་ལ་ཕན་པར་བརྩོན་པའི་ཕྲིན་ལས་ཀྱི། །སྣང་བས་འཇིག་རྟེན་གསུམ་ན་མཛེས་གྱུར་ཅིག ༥ །བྱིས་པ་ཉེ་བར་སྤྱོད་པའི་བསམ་གཏན་ནི། །དོན་རབ་འབྱེད་པའི་ཆོ་གས་དབུགས་དབྱུང་བས། །དེ་བཞིན་གཤེགས་པ་རབ་དགའི་ཏིང་འཛིན་གྱིས། །འཆི་མེད་གཉུག་མའི་གོ་འཕང་འགྲུབ་པར་ཤོག ༦ །མདོར་ན་


JKT001_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

གསན་བསམ་སྒོམ་པའི་ཤེས་རབ་ཀྱི། །མཐར་སོན་འཆད་རྩོད་རྩོམ་པའི་ཕྲིན་ལས་དང་། །མཁས་བཙུན་བཟང་པོའི་དཔལ་གྱིས་མངོན་མཐོ་བཞིན། །བསྐལ་པ་རྒྱ་མཚོར་ཞབས་པད་བརྟན་གྱུར་ཅིག ༧ །དེ་མཐུས་བསྟན་འགྲོ་སྤྱི་དང་ཁྱད་པར་དུ། །ཐེག་མཆོག་དཔལ་གྱི་རིག་འཛིན་འདུས་པའི་སྡེ། །བཤད་སྒྲུབ་འཁོར་ལོ་གསུམ་གྱི་ཕྲིན་ལས་བཅས། །ཕན་བདེའི་དགེ་མཚན་རྒྱས་པའི་བཀྲ་ཤིས་ཤོག ༨ །ཅེས་སྔ་འགྱུར་བསྟན་པའི་སྣང་བྱེད་དཔལ་རི་མཆོག་སྤྲུལ་རིན་པོ་ཆེ་ཀུན་བཟང་འཇིགས་མེད་ཆོས་ཀྱི་ཉི་མ་ཕྲིན་ལས་རྒྱ་མཚོའི་སྡེ་ཞེས་པའི་མཚན་འབུལ་ཞབས་བརྟན་དང་འབྲེལ་བར་ཚིགས་སུ་བཅད་པ་བཀྲ་ཤིས་རྟགས་ཀྱི་གྲངས་དང་ལྡན་པ་འདིའང་། ཀུན་མཁྱེན་བླ་མ་ཡབ་སྲས་ཀྱི་ཐུགས་རྗེའི་སྙིང་ལ་ཞུགས་པས་བློ་གྲོས་ཀྱི་ཀུ་མུད་ཁ་ཅུང་ཟད་བྱེ་ཞིང་། རིས་མེད་པའི་བསྟན་པ་ལ་དག་པའི་སྣང་བ་གཅིག་ཏུ་དཀར་བའི་རྒྱལ་ཁམས་ཉུལ་བའི་བྱ་བྲལ་བ་འཇིགས་མེད་མཁྱེན་བརྩེའི་མྱུ་གུའམ། འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཞེས་བགྱི་བས་ལྷ་རྫས་ཀྱི་མེ་ཏོག་དང་བཅས་ཏེ་ལྷག་བསམ་དག་པས་གསོལ་བ་བཏབ་པ་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། །།

གནས་གསར་མཆོག་སྤྲུལ་རིན་པོ་ཆེ་བྱམས་པ་དངོས་གྲུབ་བསྟན་པའི་རྒྱལ་མཚན་ལ་ཞབས་བརྟན་དུ་གསོལ་བ་འཆི་མེད་འདུད་རྩིའི་གྲུ་ཆར།


JKT001_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

གནས་གསར་མཆོག་སྤྲུལ་རིན་པོ་ཆེ་བྱམས་པ་དངོས་གྲུབ་བསྟན་པའི་རྒྱལ་མཚན་ལ་ཞབས་བརྟན་དུ་གསོལ་བ་འཆི་མེད་འདུད་རྩིའི་གྲུ་ཆར་ཞེས་བྱ་བ། ཨོཾ་སྭསྟི་ཛཱི་བནྟུ། རྨད་བྱུང་བྱམས་པའི་བདུད་རྩིས་ཕན་བདེའི་དངོས། །གྲུབ་གཉིས་འདོད་དགུར་འཇོ་བའི་དཔག་བསམ་དབང་། །མཐའ་ཀླས་བསྟན་འགྲོའི་ཉེར་འཚོའི་གཞི་གཅིག་པུ། །མཚུངས་མེད་བསྟན་


JKT001_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྒྱལ་མཚན་ཞབས་བརྟན་གསོལ། ༡ །བསོད་ནམས་ཡེ་ཤེས་ཚོགས་གཉིས་ཆུ་གཏེར་ལས། །མཚན་དཔེའི་ཉིན་བྱེད་དང་པོར་ཤར་ཙམ་ནས། །དགེ་མཚན་ཨུཏྤལ་དགའ་ཚལ་རྒྱས་མཛད་པའི། །གཟུགས་སྐུ་འཆི་མེད་གྲུབ་པ་ཉིད་གྱུར་ཅིག ༢ །ཟབ་དང་རྒྱ་ཆེའི་ཆོས་ཕུང་ཇི་སྙེད་པ། །ཡན་ལག་དྲུག་ཅུའི་རོལ་མོར་འཁྲོལ་བའི་གསུང་། །རྣམ་མང་གདུལ་བྱའི་བསམ་པའི་རྗེས་འགྲོ་བས། །བཤད་སྒྲུབ་བསྟན་པ་ཕྱོགས་བཅུར་རྒྱས་མཛད་གསོལ། ༣ །མཁྱེན་དང་བརྩེ་བའི་ཆ་ཤས་ཡོངས་རྫོགས་པ། །གང་ཐུགས་སྤྲོས་པ་ཉེར་ཞིའི་ཟླ་ཤེལ་ནི། །གངས་ཅན་འགྲོ་འདིའི་ལེགས་བྱས་མཁའ་དབྱིངས་སུ། །ལྷག་པར་དགྱེས་པའི་ངང་ཚུལ་རྟག་ཏུ་སྟོན། ༤ །ཡོན་ཏན་ནོར་བུའི་དོ་ཤལ་ཡིད་འོང་བ། །སྐལ་བཟང་རྣ་བའི་རྒྱན་དུ་མཛེས་པ་དང་། །ཕྲིན་ལས་དོན་གཉིས་ལྷུན་གྱིས་གྲུབ་པ་ཡི། །དགའ་སྟོན་འཇིག་རྟེན་གསུམ་ན་ཁྱབ་གྱུར་ཅིག ༥ །མདོར་ན་མཚུངས་མེད་བསྟན་པའི་ཉི་མ་ཆེའི། །གསང་གསུམ་བསྐལ་པ་རྒྱ་མཚོར་འཚོ་གཞེས་ཤིང་། །རྒྱལ་བསྟན་སྤྱི་དང་ཚར་ཆེན་ཆོས་ཀྱི་རྗེའི། །རིང་ལུགས་ཕྱོགས་དུས་ཀུན་ཏུ་རྒྱས་པར་ཤོག ༦ །གང་གི་མཚན་ཙམ་ཡིད་ལ་དྲན་པས་ཀྱང་། །སྲིད་དང་ཞི་བའི་ཕུན་ཚོགས་ཀུན་སྩོལ་བ། །དཀོན་མཆོག་གསུམ་གྱི་ཐུགས་རྗེའི་སྣང་བ་ཡིས། །ཤིས་པའི་པདྨོ་རྟག་ཏུ་རྒྱས་གྱུར་ཅིག ༧ །ཅེས་པའང་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་མངོན་པར་དྭང་བའི་ཡིད་ཀྱིས་གསོལ་བ་བཏབ་པ་དགེ་ལེགས་སུ་གྱུར་ཅིག། །།

དགེའུ་མཆོག་སྤྲུལ་རིན་པོའི་ཆེའི་ཞབས་བརྟན།


JKT001_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

དགེའུ་མཆོག་སྤྲུལ་རིན་པོའི་ཆེའི་ཞབས་བརྟན་བཞུགས། ཨོཾ་སྭསྟི་སིདྡྷི་རསྟུ། ལྷན་སྐྱེས་གཏུམ་མོའི་ཉམས་བརྒྱ་རབ་འབར་བས། །བདེ་ཆེན་རྡོ་རྗེའི་དམ་ཚིག་བསྲེག་བཞུའི་ཕུལ། །ཡོངས་གྲུབ་དབུ་མའི་སྲོག་ཏུ་སོན་པ་ལས། །འཆི་མེད་གྲུབ་པའི་དགེ་མཚན་བརྙེས་གྱུར་ཅིག ༡ །གཟུང་འཛིན་དངོས་ཀུན་ཕྲ་བའི་གཉུག་མའི་སེམས། །དག་པ་སྒྱུ་མའི་ལྷ་སྐུར་རབ་བཞེངས་པ། །སྐྱེ་དང་འཇིག་པའི་མཚན་མ་བྲལ་བའི་སྐུ། །རྟག་ཁྱབ་ལྷུན་གྱིས་གྲུབ་པར་འཚོ་གཞེས་གསོལ། ༢ །ཡིད་ཀྱི་ལུས་གྱུར་རྨི་ལམ་སྣང་ཆ་ཀུན། །སྐུ་དང་ཡེ་ཤེས་རོལ་མོར་འཆར་བ་ལས། །སྒྲིབ་པའི་རྒྱུ་བ་སྤངས་པའི་ཕ་རོལ་ན། །མི་ཕྱེད་རྡོ་རྗེའི་ལང་ཚོར་འབར་གྱུར་ཅིག ༣ །འོད་གསལ་མཁའ་ཁྱབ་མཁའ་ཡི་སྙིང་པོ་ཅན། །གཟོད་ནས་འདུ་འབྲལ་མེད་པ་མངོན་གྱུར་པས། །ཟུང་འཇུག་གྲུབ་པའི་སྣང་བརྙན་སྲིད་པ་འདིར། །སྐྱེ་འཆིའི་འཇུག་ལྡང་བྲལ་བར་ཞབས་བརྟན་ཤོག ༤ །མ་དག་ཐ་མལ་རགས་པའི་སྒོ་གསུམ་པོ། །ཕྲ་བའི་སྐུ་གསུམ་ཐུགས་སུ་འཕོས་པའི་དཔྱིད། །དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་གཅིག་གྱུར་པ། །རྣམ་ཀུན་མཆོག་ལྡན་ཆེན་པོར་རྟག་བཞུགས་གསོལ། ༥ །བར་དོ་རྣམ་ལྔའི་འཁྲུལ་པའི་རྫུན་རིས་ཀུན། །རང་བཞིན་མེད་པའི་


JKT001_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས་སུ་བྱང་ཆུབ་པ། །འཕོ་ཆགས་མཚན་མ་སྤངས་པའི་ཡེ་ཤེས་སྐུ། །རྟག་ཏུ་འཆི་མེད་བདུད་རྩིས་དགྱེས་གྱུར་ཅིག ༦ །མདོར་ན་ལྷན་སྐྱེས་ཕྱག་རྒྱ་ཆེན་པོའི་ངང་། སྐྱེ་འགག་སྤྲོས་པ་བྲལ་བར་འཚོ་གཞེས་བཞིན། །ཕྲིན་ལས་སྣང་བས་ས་གསུམ་ཁྱབ་པ་དང་། །བདག་ཀྱང་བྱང་ཆུབ་བར་དུ་རྗེས་སུ་ཟུངས། ༧ །ཅེས་སྙིང་ནས་གུས་པས་གསོལ་བ་འདེབས་མཚོན་བཀྲ་ཤིས་པའི་ལྷ་གོས། རྡོ་རྗེ་མི་འཁྲུགས་པའི་སྣང་བརྙན། བཅས་བཀའ་སློབ་ཐ་ཤལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཀུན་དགའ་བསྟན་པའི་རྒྱལ་མཚན་ནས་ཕུལ་བ་དེ་དེ་བཞིན་དུ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། །

འགྲོ་འདུལ་རྒྱལ་བའི་མྱུ་གུ་ཆོས་ཀྱི་དབང་པོའི་གསོལ་འདེབས།


JKT001_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་འདུལ་རྒྱལ་བའི་མྱུ་གུ་ཆོས་ཀྱི་དབང་པོའི་གསོལ་འདེབས་བཞུགས་སོ། །འཕགས་པའི་ཡུལ་ན་སློབ་དཔོན་ཞི་བ་ལྷ། །གངས་རིའི་ཁྲོད་ན་སྤྲུལ་སྐུ་ཡེ་ཤེས་འབྱུང་། །དེང་འདིར་འགྲོ་འདུལ་ཆོས་ཀྱི་དབང་པོའི་སྡེ། །འབྲེལ་ཚད་དོན་ལྡན་ཆེན་པོར་གསོལ་བ་འདེབས། །ངེས་འབྱུང་ཆེན་པོས་སྒྲུབ་པའི་རྒྱལ་མཚན་བཙུགས། །བྱང་སེམས་ཆེན་པོས་འགྲོ་ཀུན་བུ་ལྟར་གཟིགས། །མཁྱེན་རབ་ཆེན་པོས་ཆོས་ཆར་མཐའ་ཡས་པའི། །རྣམ་ཐར་དྲན་བཞིན་སྙིང་ནས་གསོལ་བ་འདེབས། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །རྗེ་བཙུན་བླ་མ་བསྐལ་བརྒྱར་ཞབས་བརྟན་ཅིང་། །བཤད་སྒྲུབ་ཕྲིན་ལས་ཕྱོགས་བཅུར་རྒྱས་པ་དང་། །རང་གཞན་དོན་གཉིས་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་པའང་ལྕགས་ཕོ་སྤྲེའུ་ལོའི་ཆུ་སྟོད་ཟླ་བའི་ཚེས་བཞི་རྒྱལ་བས་ཆོས་འཁོར་བསྐོར་བའི་དུས་ཆེན་ཉིན་མཚོ་སྐྱེས་ཀུན་ཏུ་འཆང་བ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་འདུན་པ་རྩེ་གཅིག་པས་གསོལ་བ་བཏབ་པ་དེ་དེ་བཞིན་དུ་སིདྡྷི་རསྟུ།། །།

སྐྱབས་མགོན་ཐམས་ཅད་མཁྱེན་པ་ལ་གསོལ་འདེབས་སྨོན་ལམ་དང་བཅས་པ་དད་པའི་དབྱངས་སྙན།


JKT001_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་མགོན་ཐམས་ཅད་མཁྱེན་པ་ལ་གསོལ་འདེབས་སྨོན་ལམ་དང་བཅས་པ་དད་པའི་དབྱངས་སྙན་ཅེས་བྱ་བ་བཞུགས་སོ། །ཨོཾ་སྭསྟི་སིདྡྷཾ། །རྣམ་ཀུན་མཆོག་ལྡན་ཞི་བ་ཆོས་ཀྱི་སྐུ། །ཁ་སྦྱོར་བདེ་ཆེན་རོལ་པ་ལོངས་སྤྱོད་རྫོགས། །གང་འདུལ་སྤྲུལ་པའི་སྒྱུ་འཕྲུལ་དྲྭ་བའི་ཚུལ། །ཐམས་ཅད་མཁྱེན་པའི་ཞབས་ལ་གསོལ་བ་འདེབས། །གདུལ་བྱའི་དཀར་པོ་རྣམ་པར་འཕེལ་བ་ཡི། །བསོད་ནམས་དགེ་མཚན་ཡོངས་སུ་རྫོགས་པ་ན། །རྒྱལ་བའི་མྱུ་གུ་གཞོན་ནུའི་གཟུགས་འཆང་བའི། །ཐམས་ཅད་མཁྱེན་པའི་ཞབས་ལ་གསོལ༴ གཞོན་ནུ་ཉིད་ནས་རྨད་བྱུང་ཐེག་མཆོག་གི །རིགས་ཀྱི་དགེ་མཚན་མ་ལུས་ཡོངས་རྫོགས་པས། །དམ་པའི་སྐྱེས་བུར་མགྲིན་གཅིག་རབ་བསྔགས་པ། །ཐམས་ཅད་མཁྱེན་པའི་ཞབས་ལ༴ ཚུལ་གནས་མང་དུ་གསན་པའི་ཕ་མཐར་སོན། །དྲང་ངེས་ལྡེམ་དགོངས་འབྱེད་པའི་བསམ་བྱུང་མངའ། །སྒོམ་པས་གཟུང་དྲན་ཏིང་འཛིན་ཡོངས་རྫོགས་པའི། །ཐམས་ཅད་མཁྱེན་་པའི༴ ལེགས་པར་འཆད་ལ་སྨྲ་བའི་སྐྱོན་དང་བྲལ། །རྩོད་པས་ཕས་རྒོལ་ཁེངས་པ་ཡོངས་སུ་བསྙིལ། །རྩོམ་ཕྲེང་ཐུབ་བསྟན་མཛེས་པའི་རྒྱན་གྱུར་པ། །ཐམས་ཅད་མཁྱེན་པའི༴ མཁྱེན་པས་ཤེས་དང་ཤེས་


JKT001_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་རོ་གཅིག་གཟིགས། །བརྩེ་བའི་ཕྲིན་ལས་མཁའ་དང་སྙོམས་པར་འཇུག །ནུས་པའི་འཕྲུལ་གྱིས་ཡིད་སྲུབས་ཀུན་བཅོམ་པ། །ཐམས་ཅད་མཁྱེན་པའི༴ མདོར་ན་ཉན་རང་རྣམས་ཀྱི་བླ་མ་སྟེ། །བྱང་ཆུབ་སེམས་དཔའ་རྒྱ་མཚོའི་ཡབ་གཅིག་པུ། །སྐྱབས་གནས་ཀུན་འདུས་དཀྱིལ་འཁོར་རྒྱ་མཚོའི་བདག །ཐམས་ཅད་མཁྱེན་པའི་ཞབས་ལ་གསོལ་བ་འདེབས། །དེ་ལྟར་མགོན་པོ་ཁྱེད་ཀྱི་རྣམ་ཐར་ཕུལ། །ཡང་ཡང་ཡིད་ལ་དྲན་པས་ཕྱག་འཚལ་ཞིང་། །ལུས་དང་ལོངས་སྤྱོད་ལྟོས་མེད་མཆོད་བགྱིད་ན། །བྱིན་རླབས་ཆར་ཆེན་ཕོབས་ཞིག་ཐམས་ཅད་མཁྱེན། །ངེས་པར་འབྱུང་བའི་བརླན་གྱིས་བསྐྱེད་བསྲིད་པའི། །སོ་སོར་ཐར་པའི་སྤང་བླང་ཁྲིམས་ཀྱི་ཚལ། །ཉེས་ལྟུང་གདུང་བས་ཉམས་པར་བྱེད་པ་ཀུན། ཐུགས་རྗེའི་ཆུ་ཡིས་སྦྱོངས་ཤིག་ཐམས་ཅད་མཁྱེན། །གཞན་དོན་ཁོ་ནར་བྱང་ཆུབ་སེམས་བསྐྱེད་ཀྱང་། །རང་འདོད་ཡིད་བྱེད་དྲི་མས་སྨོན་འཇུག་གི །བསླབ་པའི་ཚོགས་དང་འགལ་བ་ཇི་སྙེད་ཀུན། །དག་ཅིང་ཚངས་པར་མཛོད་ཅིག ཁྱད་པར་རྣམ་དག་དབང་བཞིས་སྨིན་བྱས་ཀྱང་། །རྩ་བ་ཡན་ལག་དམ་ཚིག་ཉམས་ཆགས་ཀྱིས། །ལམ་དང་འབྲས་བུའི་གེགས་སུ་གྱུར་པ་ཀུན། །གཏན་ནས་བྱང་བར་མཛོད་ཅིག༴ མགོན་པོ་ཁྱོད་ཀྱི་བྱང་ཆུབ་སྤྱོད་པ་ཡིས། །མཐའ་ཀླས་འགྲོ་ཀུན་ཡོངས་སུ་སྨིན་མཛད་པར། །སྙིང་


JKT001_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

ནས་གུས་པས་རྗེས་སུ་ཡི་རང་ན། །ཚོགས་ཟུང་འཕེལ་བར་མཛོད་ཅིག དོན་དམ་དབྱིངས་ལ་སྐྱེ་འགག་ལས་འདས་ཀྱང་། །ཀུན་རྫོབ་གཟུགས་སྐུ་མཚན་དཔེའི་དཀྱིལ་འཁོར་ནི། །བདག་ཅག་སྙིགས་མའི་ཀླུ འགྲོ་བའི་མགོན་གཅིག་པུར། །བསྐལ་བརྒྱར་འཚོ་གཞེས་མཛོད་ཅིག༔ ཞི་བ་འགོག་བདེན་ནོར་བུའི་སྤྲིན་ཆེན་པོས། །ལམ་བདེན་ལུང་གི་ཆོས་ཆར་བསྙིལ་བ་ཡིས། །རིགས་ཅན་གསུམ་གྱི་འགྲོ་བ་མ་ལུས་@ཀུན། །ཡོངས་སུ་ཚིམ་པར་མཛོད་ཅིག༴ གང་ཐུགས་མཚན་མའི་སྤྲོས་པ་ལས་འདས་ཀྱང་། །དམིགས་པ་མེད་པའི་སྙིང་རྗེའི་གཟིགས་པ་ནི། །ཞིང་ཁམས་འདི་ལས་གཞན་དུ་ཡོལ་མེད་པས། །སྐལ་པ་བཟང་པོར་མཛོད་ཅིག ལེགས་བྱས་འདིས་མཚོན་དུས་གསུམ་རྣམ་དཀར་ཀུན། །བྱང་ཆུབ་སྙིང་པོའི་ཐིག་ལེར་ཡོངས་བསྡོམ་པས། །ཉན་རང་དམན་པའི་འབྲས་བུར་མི་ལྟུང་བར། །མཁྱེན་གཉིས་རྒྱས་པར་མཛོད་ཅིག༤ གནས་སྐབས་ཀུན་ཏུ་ངེས་འབྱུང་སྙིང་རྗེར་ལྡན། །ཚུལ་ཁྲིམས་དག་ཅིང་ཐོས་བསམ་སྒོམ་པར་བརྩོན། །རང་གཞན་དོན་གཉིས་ལྷུན་གྱིས་གྲུབ་པ་ཡི། །དགེ་མཚན་རྫོགས་པར་མཛོད་ཅིག མཐར་ཐུག་སྒྲིབ་གཉིས་བག་ཆགས་བཅས་ཀུན་བྱང་། །སྐུ་དང་ཡེ་ཤེས་བསམ་མི་ཁྱབ་པ་བརྙེས། །ཕྲིན་ལས་རྒྱལ་བ་ཀུན་དང་དབྱེར་མེད་པའི། །སྨོན་ལམ་འགྲུབ་པར་མཛོད་ཅིག འཇིག་རྟེན་ཀུན་ཏུ་ནད་མུག་


JKT001_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

མཚོན་འཁྲུག་ཞི། བདེ་སྐྱིད་ཆོས་ལྡན་འབྱོར་བ་ངང་གིས་འཕེལ། །བཤད་སྒྲུབ་བསྟན་པ་ཕྱོགས་བཅུར་རྒྱས་པ་ཡི། །བཀྲ་ཤིས་སྣང་བ་སྩོལ་ཅིག་ཐམས་ཅད་མཁྱེན། །ཅེས་པའང་སྐྱབས་མགོན་ཐམས་ཅད་མཁྱེན་པའི་གསུང་གི་བདུད་རྩིས་ཐར་བདེའི་ལང་ཚོ་ཡོངས་སུ་རྒྱས་པའི་ཐུབ་པའི་བརྟུལ་ཞུགས་དྲི་མ་མེད་པ་འཆང་བ་ཟུང་ནས་གསོལ་འདེབས་སྨོན་ལམ་དང་བཅས་པ་འདི་ལྟ་བུ་བྲིས་ཤིག་ཅེས་བསྐུལ་བ་དོན་ཡོད་པར་བྱ་བའི་ཕྱིར་བྱ་བྲལ་བ་ཆོས་རྗེ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་གང་ཤར་གསོལ་བ་བཏབ་པའི་ཡི་གེའི་འདུ་བྱེད་པ་ནི་དགེ་སློང་སྡེ་སྣོད་འཛིན་པ་ཀརྨ་མངྒ་ལས་གཡར་དམ་དུ་བཞེས་པ་དགེ་ལེགས་སུ་གྱུར་ཅིག །

རིག་འཛིན་འཆི་མེད་གྲུབ་པའི་དཔའ་བོར་ཞབས་བརྟན་དུ་གསོལ་བ་ཕྱིན་དྲུག་སྒྲ་མའི་ཏམྦུ།


JKT001_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

རིག་འཛིན་འཆི་མེད་གྲུབ་པའི་དཔའ་བོར་ཞབས་བརྟན་དུ་གསོལ་བ་ཕྱིན་དྲུག་སྒྲ་མའི་ཏམྦུ་ཞེས་བྱ་བ། ཨོཾ་སྭསྟི་ཛིཝནྟུ། འཆི་མེན་རིག་འཛིན་པདྨ་སཾ་བྷ་ཝའི། །འཆི་མེད་རྡོ་རྗེའི་སྣང་བརྙན་སྲིད་པ་ན། །འཆི་མེད་གྲུབ་པའི་དཔའ་བོར་ཡོངས་ཤར་བ། །འཆི་མེད་རྟག་པ་དམ་པར་ཞབས་བརྟན་གསོལ། ༡ །ཧཾ་ཡིག་བདེ་ཆེན་དམ་ཚིག་བསྲེག་བཞུའི་ཕུལ། །རྩ་ཁམས་དཔའ་བོ་ཌཱ་ཀིའི་གྲོང་ཁྱེར་དུ། །ཡོངས་ཁྱབ་སྦྱིན་པའི་ཕ་རོལ་མཐར་སོན་པ། །རྣམ་ཀུན་མཆོག་ལྡན་ཆེན་པོར་ཞབས ༢ ཀུན་ཏུ་འཕོ་བའི་བག་ཆགས་རྒྱུན་བཅས་པ། །འཕོ་མེད་དབུ་མའི་སྲོག་ཏུ་ཡོངས་གྲུབ་པས། །ཟག་བྲལ་ཚུལ་གནས་ཁྲིམས་ཀྱི་གཟི་འབར་བ། །སྐྱེ་འཆིའི་མཚན་མ་བྲལ་བར་ཞབས ༣ ཡུལ་ཅན་བདེ་བ་ཆེན་པོས་རབ་དྲངས་པའི། །


JKT001_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་གྱིས་མི་ཁྱབ་ཡེ་ཤེས་ཐུགས་ཆུད་པས། །ཟབ་མོའི་དོན་ལ་བཟོད་པའི་མཆོག་བརྙེས་པ། །འཁོར་འདས་དབྱེར་མེད་ཆོས་པོར་ཞབས རིམ་གཉིས་ཡན་ལག་བཅས་པའི་རྣམ་འབྱོར་ལ། །བརྩོན་འགྲུས་གོ་ཆ་བརྟན་པོས་ཉམས་བཞེས་པས། །ནང་གི་ལམ་ནས་སྐུ་བཞིའི་རྒྱལ་སྲིད་ལ། །དབང་འབྱོར་རྡོ་རྗེ་འཛིན་དངོས་ཞབས༴ ༥ ཀ་དག་གཉུག་མའི་ངང་ལས་མ་གཡོས་བཞིན། །ལྷུན་གྲུབ་སྣང་བ་རྣམ་བཞིའི་བསམ་གཏན་གྱིས། །ཟུང་འཇུག་གོ་འཕང་བརྙེས་པའི་ཡེ་ཤེས་སྐུ། །འཇའ་ལུས་རྡོ་རྗེའི་ངོ་བོར་ཞབས་བརྟན་གསོལ། ༦ །མདོར་ན་སོ་སོར་རྟོག་པའི་ཤེས་རབ་དང་། །དམིགས་མེད་སྙིང་རྗེའི་དབང་གིས་སྲིད་པ་འདིར། །བསྐལ་བརྒྱར་ཞབས་བརྟན་ཕྲིན་ལས་སྣང་བ་ཡིས། །ཕན་བདེའི་པདྨོ་རྒྱས་པའི་བཀྲ་ཤིས་སྩོལ། ༧ །ཅེས་སྔ་འགྱུར་བསྟན་པའི་སྲོག་ཤིང་མཚུངས་མེད་མཆོག་སྤྲུལ་རིན་པོ་ཆེ་གང་ཉིད་ཞབས་པད་བསྐལ་པ་རྒྱ་མཚོར་འཚོ་ཞིང་གཞེས་པའི་སླད། རིག་འཛིན་འཆི་མེད་གྲུབ་པའི་དཔའ་བོ་ཞེས་མཚན་གསར་འབུལ་གྱི་རྟེན་འབྱུང་དང་འབྲེལ་བར་ཟབ་གསང་རྡོ་རྗེ་ཐེག་པའི་ཐུན་མོང་མ་ཡིན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་བརྗོད་བྱར་བྱས་པའི་ཚིགས་སུ་བཅད་པ་འདིའང་། ཐེག་པ་མཆོག་གི་རྣལ་འབྱོར་པ་འཇིགས་པ་མེད་པའི་སྡེས་ལྷག་བསམ་དག་པས་ཕུལ་བ་དེ་དེ་བཞིན་དུ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། །ཨོཾ་སྭསྟི་བི་ཛ་ཡནྟུ། མཁའ་ཁྱབ་མཁའ་ཡི་རྡོ་རྗེ་འཛིན་པའི་དབྱངས། །རྣམ་པ་ཉི་ཤུས་བྱང་ཆུབ་ཡེ་ཤེས་སྐུ། །


JKT001_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་ན་རྗེས་ཆགས་སྙིང་རྗེའི་གཟི་འབར་བའི། །མཚན་བཟང་བསྐལ་པ་རྒྱ་མཚོར་འཚོ་གཞེས་གསོལ། ༡ །རྡོ་རྗེ་མི་ཤིགས་ནཱ་དའི་སྤྲིན་ཆེན་ལས། །ཟབ་རྒྱས་ཆོས་ཀྱི་ཆར་པ་འབེབས་མཁས་གསུང་། །རིགས་ཅན་གསུམ་གྱི་གདུལ་བྱའི་དཔྱིད་གཅིག་པུའི། །སྐལ་བཟང་ནུབ་པ་མེད་པར་འཚོ་གཞེས་གསོལ། ༢ །གཟུང་དང་འཛིན་པའི་སྤྲོས་ཀུན་ལས་རྒྱལ་བའི། །དགེ་མཚན་མངོན་སུམ་གཟིགས་པའི་ཡེ་ཤེས་ཐུགས། །གངས་ཅན་ལྗོངས་འདིར་ལྷག་པར་དགོངས་མཛད་པའི། །གཞན་དོན་དུས་ལས་ཡོལ་མེད་འཚོ་གཞེས་གསོལ། ༣ །མདོར་ན་བྲལ་དང་སྨིན་པའི་ཡོན་ཏན་ཚོགས། །སྲས་བཅས་རྒྱལ་བ་ཀུན་དང་མི་ཕྱེད་ཕྱིར། །རྟག་ཅིང་ཁྱབ་དང་ལྷུན་གྱིས་གྲུབ་པ་ཡི། །ཕྲིན་ལས་བསམ་མི་ཁྱབ་པར་འཚོ་གཞེས་གསོལ། ༤ །བདག་ཀྱང་འདི་ནས་བྱང་ཆུབ་སྙིང་པོའི་བར། །མགོན་པོར་ཁྱོད་ཀྱིས་འབྲལ་མེད་རྗེས་བཟུང་ནས། །ལམ་བཟང་གྲུབ་པའི་འགལ་རྐྱེན་ཀུན་ཞི་ཞིང་། །དོན་གཉིས་ཕ་མཐར་ཕྱིན་པའི་བཀྲ་ཤིས་སྩོལ།། །།

རྒྱལ་བའི་མྱུ་གུ་འགྲོ་འདུལ་ཚེ་དབང་གྲགས་པའི་ཞབས་བརྟན་གསོལ་འདེབས་འཆི་མེད་དོན་ཀུན་གྲུབ་པའི་བཀྲ་ཤིས་ཀྱི་དབྱངས་སྙན།


JKT001_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བའི་མྱུ་གུ་འགྲོ་འདུལ་ཚེ་དབང་གྲགས་པའི་ཞབས་བརྟན་གསོལ་འདེབས་འཆི་མེད་དོན་ཀུན་གྲུབ་པའི་བཀྲ་ཤིས་ཀྱི་དབྱངས་སྙན་ཅེས་བྱ་བ་བཞུགས་སོ། །ཨོཾ་སྭསྟི་སིདྡྷཾ། འཕགས་པའི་ཡུལ་དུ་སྐལ་ལྡན་རྒྱལ་པོ་ཛཿ གངས་ཅན་གྲུབ་པའི་སློབ་དཔོན་ནམ་མཁའི་སྙིང་། །དེང་འདིར་ཚེ་དབང་རིག་འཛིན་སྲས་ཀྱི་ཚུལ། །གྲགས་པའི་


JKT001_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་མཚན་འཛིན་ཁྱོད་ཞབས་བརྟན་གསོལ། །སྡོམ་པ་གསུམ་ལྡན་གསན་བསམ་བསྒོམ་གསུམ་རྫོགས། །འཆད་རྩོད་རྩོམ་པའི་ལེགས་མཛད་ཕ་མཐའ་ཡས། །མཁྱེན་བརྩེ་ནུས་པས་བོད་ཁམས་མཐའ་དག་གི། །ཕན་བདེའི་འབྱུང་གནས་གཅིག་པུར་ཞབས་བརྟན་གསོལ། །རིག་འཛིན་ཡབ་སྲས་ཞབས་པད་བསྐལ་བརྒྱར་བརྟན། །བསྟན་འཛིན་སྐྱེས་བུའི་སྐུ་ཚེ་མཛད་ཕྲིན་འཕེལ། །བརྒྱུད་འཛིན་བུ་སློབ་དབྱར་མཚོ་བཞིན་དུ་རྒྱས། །གསང་འཛིན་དཔའ་བོའི་གོ་འཕང་མྱུར་ཐོབ་ཤོག །ཅེས་པའང་དད་དམ་ཕུལ་བྱུང་ཀརྨ་ཟླ་བའི་དབང་པོས་གསོལ་བ་བཏབ་པ་ལ་བརྟེན་ནས། འཆི་མེད་གྲུབ་པའི་གནས་མཆོག་གཡུང་དྲུང་རྡོ་རྗེ་དཔལ་གྱི་རི་བོའི་མགུལ། །རང་བྱུང་ཚེ་ཆུའི་རྒྱུན་བཟང་མངོན་པར་འབབས་པའི་འགྲམ་ངོགས་སུ་རྡོ་བའི་སྤྱིལ་པོ་ལ་བརྟེན་ནས་རིན་འཛིན་བླ་མ་ཡབ་སྲས་ཀྱི་ཞབས་བརྟན་དུ་དམིགས་ཏེ་ཚེ་སྒྲུབ་ཟབ་མོ་བགྱིས་པའི་སྐབས་རབ་བྱུང་བཅོ་ལྔ་པའི་ཐོག་མ་མེ་ཡོས་དབོ་ཟླ་བའི་ཤེར་ཕྱོགས་ཀྱི་རྒྱལ་བ་དང་པོའི་ཉི་མ་འཆར་ཀའི་ཚེ། སངས་རྒྱས་གཉིས་པ་པདྨ་སཾ་བྷ་ཝའི་ཞབས་རྡུལ་ལ་སྤྱི་བོས་རེག་པའི་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོ་རྡོ་རྗེ་གཟི་བརྗིད་ཀྱིས་བྲིས་པ་དོན་དང་ལྡན་པར་གྱུར་ཅིག། །།

ཚེ་དབང་གྲགས་པའི་ཞབས་བརྟན།


JKT001_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་མེད་ཡོངས་གྲུབ་ཚེ་དབང་སྟོབས་རྫོགས་པས། །ཀུན་བརྟགས་གཟུང་འཛིན་འཁྲུལ་པ་དབྱིངས་སུ་ཐིམ། །གཞན་དབང་དག་པ་རབ་འབྱམས་སྒྱུ་འཕྲུལ་གྱིས། །གྲགས་པའི་རྒྱལ་མཚན་སྒྲེང་ཁྱོད་འཚོ་གཞེས་གསོལ། །རྡོ་རྗེའི་གཟུགས་སྐུ་འཕོ་མེད་རྒྱུན་གྱིས་


JKT001_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

རྟག །ལེགས་གསུང་ཆོས་སྒྲས་འཇིག་རྟེན་ཀུན་ཏུ་ཁྱབ། །ཐུགས་རྗེའི་འཇུག་པ་ལྷུན་གྱིས་གྲུབ་པ་ཡི། །རྣམ་ཐར་སྲིད་ཞིའི་ཁམས་ན་སྙན་པར་ཤོག །བསྟན་པའི་སྒྲོན་མེ་རྒྱལ་པའི་མྱུ་གུ་མཆོག ། བསྟན་འགྲོའི་དཔལ་དུ་བསྐལ་བརྒྱར་ཞབས་བརྟན་ཅིང་། །བསྟན་འཛིན་བུ་སློབ་རྒྱ་མཚོའི་མཐར་ཁྱབ་པས། །བསྟན་པ་རིན་ཆེན་ཕྱོགས་བརྒྱར་འབར་གྱུར་ཅིག །ཅེས་པའང་དངོས་པོའི་ལོའི་ས་ག་ཟླ་བའི་དཀར་ཕྱོགས་ཀྱི་ཚེས་བཅུར་འཆི་མེད་ཚེ་དཔག་དཀར་པོའི་བསྙེན་སྒྲུབ་ཡན་ལག་བཞི་ལྡན་གྱི་ཚོམ་བུ་ཚོགས་ཀྱི་སྒྲུབ་ཆེན་གནང་སྐབས། མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོ་པདྨ་འོད་གསལ་མདོ་སྔགས་གླིང་པའི་སྡེས་གསོལ་བ་བཏབ་པ་དེ་དེ་བཞིན་དུ་འགྲུབ་པར་བླ་མ་རྒྱལ་བ་སྲས་དང་བཅས་པས་བྱིན་གྱིས་ཏུ་གསོལ།། །།

བླ་མ་ལ་གསོལ་བ་འདེབས་པ་ཞལ་གདམས་དང་འབྲེལ་པ།


JKT001_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་ལ་གསོལ་བ་འདེབས་པ་ཞལ་གདམས་དང་འབྲེལ་པ་བཞུགས་སོ། །ན་མའི་ནཱཾ་གུ་རུ་བྷྱ༔ སྲས་བཅས་ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ཀྱི། །མཁྱེན་བརྩེ་ནུས་པའི་ཡེ་ཤེས་གཅིག་བསྡུས་ནས། འགྲོ་བ་འདྲེན་ཕྱིར་བཤེས་གཉེན་མཆོག་གི་སྐུར། །ཡོངས་ཤར་དཔལ་ལྡན་བླ་མར་གསོལ་བ་འདེབས། །ཁྱོད་སྐུ་དགེ་འདུན་གསུང་གསང་དམ་པའི་ཆོས། །ཐུགས་ནི་སངས་རྒྱས་ཡོན་ཏན་ཕྲིན་ལས་རྣམས། །མཁའ་འགྲོ་ཆོས་སྐྱོང་ངོ་བོར་ཤེས་པའི་བློས། །སྙིང་ནས་འབོད་དོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །བདག་དང་མགོན་མེད་འགྲོ་བ་མ་ལུས་ལ། །རྗེ་བཙུན་ཁྱོད་ལས་སྐྱབས་གཞན་མ་དམིགས་


JKT001_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར། །འདི་ནས་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །འབྲལ་མེད་བྱིན་གྱིས་རློབས་ཤིག་བླ་མ་རྗེ། །དར་འབྱོར་རྙེད་དཀའ་ནམ་འཆི་ངེས་མེད་དྲན། །ཁམས་གསུམ་འཁོར་བ་སྡུག་བསྔལ་ཕུང་པོར་རི། །ལས་འབྲལ་བླང་དོར་ཚུལ་བཞིན་གོམས་པ་ཡིས། །ཐུན་མོང་སྔོན་འགྲོ་འབྱོང་བར་བྱིན་གྱིས་རློབས། །བླ་མ་དཀོན་མཆོག་བསླུ་མེད་སྐྱབས་སུ་ཤེས། །བྱམས་པ་སྙིང་རྗེ་བྱང་ཆུབ་སེམས་གཉིས་བསྐྱེད། །ཚོགས་བསགས་སྒྲིབ་སྦྱང་བླ་མར་མོས་གུས་ཀྱིས། ཁྱད་པར་སྔོན་འགྲོ་འབྱོང་བར་བྱིན་གྱིས་རློབས། །འཁོར་འདས་ཆོས་ཀུན་སེམས་ཀྱིས་བཏགས་པ་སྟེ། །སེམས་ཙམ་སྐྱེ་འགག་གནས་གསུམ་སྤྲོས་པ་བྲལ། སྤྲོས་བྲལ་ངང་ལས་གསལ་རིག་འགག་མེད་པའི། །ཡེ་ཤེས་ཉམས་སུ་མྱོང་བར་བྱིན་གྱིས་རློབས། །མཉམ་གཞག་ཀུན་རྟོག་རླུང་གིས་མི་གཡོ་ཞིང་། །རྗེས་ཐོབ་ཉམས་མྱོང་རྩི་དང་མ་བྲལ་བར། །ཞི་ལྷག་ཟུང་དུ་འཇུག་པའི་རྣལ་འབྱོར་གྱིས། །མཆོག་དངོས་ཚེ་འདིར་འགྲུབ་པར་བྱིན་གྱིས༔ མདོར་ན་རྣམ་ཀུན་ཆོས་བཞིན་སྤྱོད་པ་ལ། །བར་ཆད་མཚན་མ་ནམ་ཡང་མི་འབྱུང་ཞིང་། །ཐོས་བསམ་སྒོམ་པའི་ཆོས་སྤྱོད་མཐར་ཕྱིན་ནས། །དོན་གཉིས་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབས། །ཞེས་བླ་མ་ལ་གསོལ་འདེབས་ཞལ་གདམས་དང་འབྲེལ་བ་འདིའང་། དོན་གཉེར་ཅན་གྱི་ངོར་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེས་ཆུ་བྱི་དབོ་ཟླ་བའི་དཀར་ཕྱོགས་ཀྱི་དགའ་བ་དང་པོར་གང་ཤར་བྲིས་པ་འགྲུབ་པར་གྱུར་ཅིག། །།

གངས་ཅན་བསྟན་འགྲོའི་དཔལ་མགོན་བྲག་གཡབ་མཆོག་སྤྲུལ་རིན་པོ་ཆེའི་མྱུར་འབྱོན་གསོལ་འདེབས།


JKT001_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་མགོན་དགྱེས་པའི་ཡེ་ཤེས་སྐུར་སྣང་བ། །འཇམ་དཔལ་སྙིང་པོའི་བསྟན་འཛིན་ཡོངས་ཀྱི་ཕུལ། །འཇམ་དབྱངས་རྒྱལ་སྲས་གཞོན་ནུའི་ཚུལ་འཆང་བ། །སྐྱབས་གཅིག་བླ་མ་འབོད་དོ་བརྩེ་བས་དགོངས། །དམ་པའི་དོན་དུ་སྐྱེ་འགག་ལས་འདས་ཀྱང་། །ཚུར་མཐོང་གདུལ་བྱའི་བསོད་ནམས་དམན་པའི་མཐུས། །ཆོས་དབྱིངས་ཞི་བ་ཆེན་པོར་ཐིམ་པ་ཡིས། །བདག་སོགས་བཟོད་དཀའི་གདུང་བའི་ཚུལ་འདིར་གཟིགས། །བསྟན་དང་འགྲོ་བའི་དོན་ཆེན་མཛད་པའི་སླད། །དྭངས་གསལ་འཁྲུལ་བྲལ་མཆོག་གི་སྤྲུལ་པའི་སྐུ། །མྱུར་དུ་འབྱོན་ཅིང་ཕྱི་ནང་བར་ཆད་ཀྱི། །བདུད་སྡེའི་གཡུལ་ལས་རྣམ་པར་རྒྱལ་བ་དང་། །ཚེ་དཔག་མེད་བཞིན་སྐུ་ཚེ་བསྐལ་བརྒྱར་བརྟན། །ཚུལ་གནས་གསན་བསམ་སྒོམ་པའི་ཡོན་ཏན་རྫོགས། །ཕན་བདེའི་ཕྲིན་ལས་མཁའ་ཁྱབ་རྒྱས་པ་ཡིས། །གངས་ཅན་བསྐལ་བཟང་དཔལ་ལ་འགོད་མཛད་གསོལ། །བླ་མ་ལྷ་དང་མཁའ་འགྲོའི་བྱིན་རླབས་དང་། །རྡོ་རྗེའི་ཆོས་སྲུང་རྒྱ་མཚོའི་མཐུ་སྟོབས་ཀྱིས། །གསོལ་བཏབ་འབྲས་བུ་ཡོངས་སུ་སྨིན་པ་ཡིས། ས་གསུམ་དགེ་ལེགས་འཕེལ་བའི་བཀྲ་ཤིས་ཤོག །ཅེས་པའང་གངས་ཅན་བསྟན་འགྲོའི་དཔལ་མགོན་བྲག་གཡབ་མཆོག་སྤྲུལ་རིན་པོ་ཆེའི་མཚན་དཔེའི་ཟླ་ཞལ་གསར་དུ་ཚེས་པ། སླར་ཡང་ཆོས་དབྱིངས་ཞི་བར་ཐིམ་པའི་ཚུལ་བསྟན་སྐབས། །སྐྱབས་མགོན་


JKT001_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་གི་ཆོས་ཀྱི་དབྱིངས་ཀྱི་གདུགས་དཀར་མངོན་མཐོར་བཏེག་པའི་མཛོད་དར་མཁན་རིན་པོ་ཆེས་འདི་ལྟར་བྲིས་ཞེས་བཀྲ་ཤིས་པའི་ལྷ་རྫས་དང་། རིན་ཆེན་དཀར་པོ་སྲང་འཁོར་གསུམ་བཅས་ཆེད་དུ་སྩལ་བ་ལྟར། །བྱ་བྲལ་ཆོས་རྗེ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་གདུང་ཤུགས་དྲག་པོས་གསོལ་བ་བཏབ་པ་དེ་དེ་བཞིན་དུ་འགྲུབ་པར་བླ་མ་རྒྱལ་བ་སྲས་དང་བཅས་པས་བྱིན་གྱིས་བརླབ་ཏུ་གསོལ། །

སྐྱབས་མགོན་རྫོགས་ཆེན་རིན་པོ་ཆེ་བཞི་པའི་མཆོག་སྤྲུལ་མྱུར་འབྱོན་གྱི་གསོལ་འདེབས་དོན་ཀུན་གྲུབ་པའི་དབྱངས་སྙན།


JKT001_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་མགོན་རྫོགས་ཆེན་རིན་པོ་ཆེ་བཞི་པའི་མཆོག་སྤྲུལ་མྱུར་འབྱོན་གྱི་གསོལ་འདེབས་དོན་ཀུན་གྲུབ་པའི་དབྱངས་སྙན་ཅེས་བྱ་བ་བཞུགས་སོ། །མི་འགྱུར་ནམ་མཁའ་རྡོ་རྗེ་ཆོས་ཀྱི་དབྱིངས། །ཚེ་དབང་གྲུབ་པའི་རྩལ་འཆང་ལོངས་སྤྱོད་རྫོགས། །གང་འདུལ་སྒྱུ་འཕྲུལ་དྲྭ་བ་སྤྲུལ་པའི་སྐུ། །སྐྱབས་གཅིག་བླ་མ་འབོད་དོ་བརྩེ་བས་དགོངས། །མགོན་ཁྱོད་གདོད་ནས་རྟག་པའི་མཆོག་བརྙེས་པས། །སྐྱེ་དང་འགག་པའི་མཚན་མ་ལས་འདས་ཀྱང་། །ཀུན་རྫོབ་གདུལ་བྱའི་ཚོགས་རྣམས་དྲང་བའི་ཕྱིར། །ཆོས་དབྱིངས་ཞི་བ་ཆེན་པོར་མཉམ་བཞག་པས། །འཛམ་གླིང་བསྟན་འགྲོ་སྤྱི་དང་ཁྱད་པར་དུ། །སྔ་འགྱུར་ཐེག་པའི་བཤད་སྒྲུབ་ཉམས་པ་དང་། །བདག་ཅག་རྗེས་འཇུག་སློབ་མའི་ཚོགས་རྣམས་ཀུན། །ཉམ་ཐག་གདུང་བས་འབོད་ལ་དེང་འདིར་དགོངས། །གཞན་དོན་ཐུགས་བསྐྱེད་དམ་བཅའ་མཐར་ཕྱིན་ནས། །བྱང་ཆུབ་མཆོག་གི་གོ་འཕང་མངོན་མཛད་པའི། །ཡེ་ཤེས་སྙིང་རྗེའི་རྩལ་ཤུགས་སྤྲུགས་ནས་ཀྱང་། །འཁྲུལ་མེད་སྤྲུལ་པའི་སྒྱུ་འཕྲུལ་མྱུར་དུ་སྟོན། །


JKT001_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

ཕུན་སུམ་ཚོགས་པའི་གཟིགས་པ་རྣམ་པ་ལྔས། །བསྐལ་བཟང་སྒྲོན་མེ་སྟོང་གི་ངོ་མཚར་དང་། །རྣམ་ཐར་ཕྲིན་ལས་མཐའ་དག་ཡོངས་རྫོགས་པས། །ལྷར་བཅས་འཇིག་རྟེན་རྒྱས་པར་འགེངས་མཛད་གསོལ། །མཆོག་གི་སྤྲུལ་པའི་སྣང་བརྙན་གསལ་བར་ཤར། །ཚུལ་གནས་གསན་བསམ་སྒོམ་པའི་ཕ་མཐར་སོན། །རྨད་བྱུང་འཁོར་ལོ་གསུམ་གྱི་མཛད་པ་ཡིས། །བསྟན་འགྲོའི་ཕན་བདེ་འཕེལ་བར་བྱིན་གྱིས་རློབས། །དཀོན་མཆོག་རྩ་གསུམ་རྒྱ་མཚོའི་བདེན་སྟོབས་དང་། །ཆོས་ཉིད་ཆོས་ཅན་རྒྱུ་འབྲས་བསླུ་མེད་མཐུས། །ཇི་ལྟར་གསོལ་བ་བཏབ་བཞིན་མྱུར་འགྲུབ་ནས། །ས་གསུམ་བཀྲ་ཤིས་སྣང་བས་ཁྱབ་གྱུར་ཅིག །ཅེས་མཚུངས་བྲལ་བསྟན་འགྲོའི་དཔལ་མགོན་རྫོགས་ཆེན་མཆོག་སྤྲུལ་རིན་པོ་ཆེ་བཞི་པ་རྡོ་རྗེ་འཆང་མི་འགྱུར་ནམ་མཁའི་མཚན་ཅན་ཆོས་དབྱིངས་ཞི་བ་ཆེན་པོར་ཐུགས་གཞོལ་བའི་ཚུལ་སྟོན་པའི་སྐབས། འཁྲུལ་མེད་སྤྲུལ་པའི་ཟླ་སྣང་མྱུར་དུ་འཆར་བའི་གསོལ་འདེབས་དོན་ཀུན་གྲུབ་པའི་དབྱངས་སྙན་ཅེས་བྱ་བ་འདིའང་། སྔ་འགྱུར་བསྟན་པའི་གསལ་བྱེད་དཔོན་སློབ་མཆོག་གི་སྤྲུལ་པའི་སྐུས་བཀྲ་ཤིས་པའི་ལྷ་རྫས་དང་། །རིན་ཆེན་དང་པོའི་གནང་སྐྱེས་བཅས་བཀའ་སྩལ་ནོར་བུའི་ཕྲེང་བས་བསྐུལ་བ་སྤྱི་བོར་མཆོད་དེ། །བྱ་བྲལ་ཆོས་རྗེ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་གང་ཤར་ཤུགས་འབྱུང་དུ་བྲིས་ཏེ་གསོལ་བ་བཏབ་པ་དེ་དེ་བཞིན་དུ་འགྲུབ་པར་བླ་མ་རྒྱལ་བ་སྲས་དང་བཅས་པས་བྱིན་གྱིས་བརླབ་ཏུ་གསོལ།། །།

སྐྱབས་མགོན་རྫོགས་ཆེན་ལྔ་པ་རིན་པོ་ཆེའི་ཞབས་བརྟན་གསོལ་འདེབས་འཆི་མེད་གྲུབ་པའི་བདེན་ཚིག


JKT001_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་མགོན་རྫོགས་ཆེན་ལྔ་པ་རིན་པོ་ཆེའི་ཞབས་བརྟན་གསོལ་འདེབས་འཆི་མེད་གྲུབ་པའི་བདེན་ཚིག་ཅེས་བྱ་བ་བཞུགས་སོ། །བརྟན་གཡོའི་དྭངས་བཅུད་སྙིང་པོར་དྲིལ་བའི་སྲོག །ཁ་སྦྱོར་བདུན་ལྡན་མཐའ་ཀླས་དཀྱིལ་འཁོར་བདག །ཚེ་དང་ཡེ་ཤེས་དངོས་ཀུན་སྩོལ་བའི་ལྷས། །རིང་པོར་འཚོ་བའི་དཔལ་གྱི་སྐབས་དབྱེ་ཤོག །ཀུན་བཟང་རྡོ་རྗེ་འཆང་དབང་པདྨ་འབྱུང་། །གྲུབ་པའི་རིག་འཛིན་མཆོག་ཏུ་རོལ་པའི་གར། །བསྟན་འགྲོར་རྗེས་སུ་བརྩེ་བའི་ཡ་མཚན་ཕུལ། །རིམ་བྱོན་སྐྱེ་བའི་ཕྲེང་བར་གསོལ་བ་འདེབས། །རྒྱལ་དབང་པདྨའི་རིང་ལུགས་བཀའ་གཏེར་གྱི། །ཐེག་མཆོག་བསྟན་པ་འཛིན་ལ་ཟླ་བྲལ་བ། །འཇིགས་མེད་ཕྱོགས་ལས་རྣམ་རྒྱལ་གྲུབ་པའི་སྡེ། །བསྐལ་བརྒྱར་ཞབས་བརྟན་ཆོས་འཁོར་བསྐོར་གྱུར་ཅིག །ཚུལ་གནས་གསན་བསམ་སྒོམ་པའི་ཡོན་ཏན་རྫོགས། །མདོ་སྔགས་རབ་འབྱམས་འཆད་རྩོད་རྩོམ་པ་དང་། །མཁྱེན་བརྩེ་ནུས་པའི་སྣང་བས་ས་གསུམ་ཁྱབ། །མཁས་བཙུན་བཟང་པོའི་ཕྲིན་ལས་རྒྱས་གྱུར་ཅིག །སྣ་ཚོགས་ཤེས་བྱའི་ཆོས་ཚུལ་མཐའ་ཀླས་པ། །མཁྱེན་པའི་མེ་ལོང་གཙང་མར་ལེགས་འཕོས་ནས། །ཇི་སྙེད་གདུལ་བྱ་འདྲེན་པའི་རྣམ་ཐར་གཟི། །བསྐལ་མཐའི་བར་དུ་ཉམས་མེད་ཞབས་བརྟན་གསོལ། །ཟབ་དང་རྒྱ་ཆེའི་ཆོས་ཀྱི་ཡང་ཞུན་མཆོག །ངེས་གསང་གདམས་པའི་དྲོད་རླངས་འཐུལ་བའི་བཅུད། །ཉམས་བཞེས་དགོངས་པའི་གྲུབ་གཉིས་དགའ་སྟོན་གྱིས། །བསྟན་འགྲོའི་


JKT001_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

ཕན་བདེའི་སྤེལ་ཕྱིར་ཞབས་བརྟན་གསོལ། །མཆོག་གསུམ་རྒྱ་མཚོའི་ཐུགས་རྗེའི་འོད་སྣང་གིས། །བསྟན་འགྲོའི་རྒུད་མུན་མིང་མཐར་ཡོངས་བཏང་ནས། །རྫོགས་ལྡན་མགྲོན་དུ་འགུགས་བའི་དགེ་མཚན་གྱིས། །བསྟན་འགྲོའི་དབུ་འཕང་སྲིད་པའི་བླར་མཐོ་ཤོག །རང་བཞིན་ཡེ་དག་ཆོས་ཉིད་བདེན་པའི་སྟོབས། །བསླུ་མེད་ཆོས་ཅན་རྟེན་འབྲེལ་དགེ་བའི་མཐུས། །ཇི་ལྟར་སྨོན་པ་ཇི་བཞིན་ཡོངས་གྲུབ་ནས། །ལེགས་དགུའི་དཔལ་གྱིས་ཀུན་ནས་ཤིས་གྱུར་ཅིག །ཅེས་བསྐལ་བཟང་རྣམ་འདྲེན་ཡོངས་ཀྱི་ཕྲིན་ལས་གཅིག་ཏུ་བསྡུས་པ་མདོ་ཁམས་པ་རྫོགས་ཆེན་ལྔ་པ་རིན་པོ་ཆེའི་ཞབས་བརྟན་གསོལ་འདེབས་འདིའང་མཁས་མཙུན་གྲུབ་པའི་དབང་ཕྱུག་ནམ་མཁའ་ཚེ་དབང་མཆོག་གྲུབ་ཀྱི་རྡོ་རྗེའི་བདེན་ཚིག་བྱིན་རླབས་ཀྱི་སྤྲིན་ཕུང་འཕྲོ་བ་ལ། མཚན་གསར་འབུལ་དང་འབྲེལ་བར་སྐབས་སུ་བབས་པའི་ཚིགས་བཅད་ཟུང་གིས་ཁ་བསྐང་སྟེ་ཤཱཀྱའི་དགེ་སྦྱོང་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོ་པདྨ་མདོ་སྔགས་གླིང་པའི་སྡེས་གསོལ་བ་བཏབ་པ་དེ་དེ་བཞིན་དུ་འགྲུབ་པར་བླ་མ་རྒྱལ་བ་སྲས་དང་བཅས་པས་བྱིན་གྱིས་བརླབ་ཏུ་གསོལ། །

བསྟན་འགྲོའི་དཔལ་མགོན་ཞེ་ཆེན་རབ་འབྱམས་མཆོག་གི་སྤྲུལ་པའི་སྐུའི་ཞབས་བརྟན།


JKT001_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭསྟི་སིདྡྷཾ། འགྱུར་མེད་ཀུན་ཏུ་བཟང་པོའི་ཡེ་ཤེས་ནི། །བསྟན་པ་རྒྱ་མཚོའི་མགོན་དུ་ལེགས་བཞེངས་པ། །སྨྲ་བའི་ཉི་མ་ཕྱོགས་ལས་རྣམ་རྒྱལ་དཔལ། །འདྲེན་མཆོག་བཟང་པོ་བསྐལ་བརྒྱར་ཞབས་བརྟན་གསོལ། །འཕོ་འགྱུར་ལས་འདས་དམིགས་མེད་ཐུགས་རྗེའི་རྩལ། །པདྨའི་རིང་ལུགས་བསྟན་འཛིན་མཆོག་


JKT001_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཚུལ། །མཁས་གྲུབ་རྒྱ་མཚོའི་དབང་པོར་ཡོངས་ཤར་བའི། །གསང་གསུམ་འཆི་མེད་གྲུབ་པ་ཉིད་གྱུར་ཅིག །རྣམ་འདྲེན་ཡབ་སྲས་རྟག་ཏུ་འཚོ་གཞེས་ཤིང་། །བཤད་སྒྲུབ་བསྟན་པ་གཉིས་ལྡན་དར་ཞིང་རྒྱས། །འཛམ་གླིང་ཡངས་པའི་རྒྱལ་ཁམས་ཐམས་ཅད་དུ། །ཕན་བདེའི་སྣང་བས་ས་གསུམ་ཁྱབ་གྱུར་ཅིག །ཅེས་མཚུངས་བྲལ་བསྟན་འགྲོའི་དཔལ་མགོན་ཞེ་ཆེན་རབ་འབྱམས་མཆོག་གི་སྤྲུལ་པའི་སྐུའི་ཟླ་ཞལ་གསར་དུ་ཚེས་པ་ལ་འགྱུར་མེད་ཀུན་བཟང་བསྟན་པའི་ཉི་མ་ཕྱོགས་ལས་རྣམ་རྒྱལ་དཔལ་བཟང་པོ་དང་། དབོན་སྤྲུལ་རིན་པོ་ཆེ་འགྱུར་མེད་པདྨ་བསྟན་འཛིན་མཁས་གྲུབ་རྒྱ་མཚོའི་དབང་པོ་ཞེས་མཚན་འབུལ་ཞབས་བརྟན་སྨོན་ཚིག་དང་བཅས་པ་འདིའང་རྣམ་འདྲེན་རྒྱལ་ཚབ་རིན་པོ་ཆེའི་བཀའ་སྩལ་ནོར་བུའི་ཕྲེང་བ་སྤྱི་བོར་ཕེབས་པ་གུས་པས་མཆོད་དེ། བྱ་བྲལ་སྤོང་བ་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་གསོལ་བ་བཏབ་པ་དེ་དེ་བཞིན་དུ་འགྲུབ་པར་བླ་མ་རྒྱལ་བ་སྲས་དང་བཅས་པས་བྱིན་གྱིས་བརླབ་ཏུ་གསོལ།། །།

མཚུངས་བྲལ་བསྟན་འགྲོའི་དཔལ་མགོན་རྒྱལ་ཚབ་མཆོག་སྤྲུལ་རིན་པོ་ཆེའི་མྱུར་འབྱོན་གསོལ་འདེབས་དོན་ཀུན་གྲུབ་པའི་དབྱངས་སྙན།


JKT001_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

མཚུངས་བྲལ་བསྟན་འགྲོའི་དཔལ་མགོན་རྒྱལ་ཚབ་མཆོག་སྤྲུལ་རིན་པོ་ཆེའི་མྱུར་འབྱོན་གསོལ་འདེབས་དོན་ཀུན་གྲུབ་པའི་དབྱངས་སྙན་ཅེས་བྱ་བ་བཞུགས་སོ། །ཨོཾ་སྭསྟི་སིདྡྷཾ། །ཨོ་རྒྱན་ཆེན་པོས་བྱིན་བརླབས་རིག་པ་འཛིན། །རང་བྱུང་ཡེ་ཤེས་མངོན་འགྱུར་ནམ་མཁའི་སྙིང་། །རྡོ་རྗེའི་སློབ་དཔོན་མཆོག་ཏུ་རྣམ་རོལ་པའི། །ཁྱབ་བདག་བླ་མ་འབོད་དོ་བརྩེ་བས་དགོངས། །མགོན་ཁྱོད་གདོད་ནས་འཕོ་འགྱུར་ལས་འདས་པ། །འཆི་མེད་རྟག་པའི་གོ་འཕང་མངོན་བརྙེས་ཀྱང་། །གདུལ་བྱའི་


JKT001_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་ངོར་ཞིང་གཞན་གཤེགས་པ་ཡིས། །བདག་ཅག་ཉམ་ཐག་གྱུར་པ་འདི་གཟིགས་སོ། །དེ་ཕྱིར་ཟག་མེད་ཐུགས་ཀྱི་དགོངས་པ་མཆོག །དོན་གྱི་འོད་གསལ་དབྱིངས་སུ་རྫོགས་པ་དང་། །མི་སློབ་ཟུང་འཇུག་ཡེ་ཤེས་སྒྱུ་མའི་གར། །སྤྲུལ་པའི་སྣང་བརྙན་མྱུར་དུ་འབྱོན་མཛད་གསོལ། །ཕུན་སུམ་ཚོགས་པའི་གཟིགས་པ་རྣམ་པ་ལྔས། །བསམས་བཞིན་སྲིད་པ་ཉེ་བར་བཟུང་བ་ལ། །བར་ཆད་ཀུན་ཞི་གསན་གསམ་སྒོམ་གསུམ་རྫོགས། །བསྟན་དང་འགྲོ་བའི་དོན་ཀུན་ལྷུན་གྲུབ་ཤོག །རྩ་བརྒྱུད་བླ་མ་མཆོག་གསུམ་ཡི་དམ་ལྷ། །མཁའ་འགྲོ་ཆོས་སྐྱོང་སྲུང་མའི་བདེན་སྟོབས་དང་། །ཆོས་ཉིད་ཆོས་ཅན་རྒྱུ་འབྲས་བསླུ་མེད་མཐུས། །ཇི་ལྟར་གསོལ་བ་བཏབ་བཞིན་འགྲུབ་གྱུར་ཅིག །ཅེས་པའང་སྔ་འགྱུར་བསྟན་པའི་རྩ་ལག་ཆེན་པོ་ཞེ་ཆེན་བླ་བྲང་པས་གསུང་བསྐུལ་གནང་བ་ལྟར། ཤཱཀྱའི་བཙུན་པ་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་རྩེ་གཅིག་གུས་པའི་གདུལ་ཤུགས་དྲག་པོས་གང་ཤར་གསོལ་བ་བཏབ་པ་དེ་དེ་བཞིན་དུ་འགྲུབ་པར་བླ་མ་རྒྱལ་མ་སྲས་དང་བཅས་པས་བྱིན་གྱིས་བརླབ་ཏུ་གསོལ།། །།

རྒྱལ་སྲས་ཨོ་རྒྱན་བསྟན་འཛིན་འཇིགས་མེད་ཆོས་ཀྱི་སྣང་བའི་ཞབས་བརྟན།


JKT001_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་སྲས་བྱེ་བའི་དབུས་ན་མངོན་མཐོ་བ། །ཨོ་རྒྱན་བླ་མའི་བསྟན་འཛིན་རྒྱ་མཚོའི་ཕུལ། །འཇིགས་མེད་ཆོས་ཀྱི་སྣང་བ་རྨད་བྱུང་ཆེ། །བསྐལ་པ་རྒྱ་མཚོར་འཚོ་གཞེས་བརྟན་གྱུར་ཅིག །ཚུལ་གནས་གསན་བསམ་སྒོམ་པའི་ཡོན་ཏན་རྫོགས། །མཁས་བཙུན་བཟང་པོའི་ངོ་མཚར་སྲིད་ན་


JKT001_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

བརྗིད། །འཆད་རྩོད་རྩོམ་པས་རྒྱལ་བསྟན་སྤེལ་བ་ལ། །ཤིང་རྟ་ཆེན་པོའི་རྣམ་ཐར་འཛིན་གྱུར་ཅིག །དཀོན་མཆོག་རྩ་གསུམ་རྒྱ་མཚོའི་བྱིན་རླབས་ཀྱིས། །རྒྱལ་བའི་མྱུ་གུ་དཔལ་ལྡན་བླ་མ་ཡི། །བར་ཆད་ཀུན་ཞི་བཞེད་དོན་ལྷུན་གྱིས་གྲུབ། །བསྟན་འགྲོའི་ཕན་བདེ་རྒྱས་པའི་བཀྲ་ཤིས་ཤོག །ཅེས་རྣམ་འདྲེན་སྤྲུལ་པའི་སྐུ་མཆོག་དམ་པར་རྒྱལ་སྲས་ཨོ་རྒྱན་བསྟན་འཛིན་འཇིགས་མེད་ཆོས་ཀྱི་སྣང་བ་ཞེས་པའི་མཚན་འབུལ་ཞབས་བརྟན་དང་འབྲེལ་བ་འདིའང་གངས་ཅན་བོད་ཀྱི་རྡོ་རྗེ་གདན་དཔལ་ཀཿཐོག་ནས་སྐྱབས་མགོན་སྐུ་ཞབས་རིན་པོ་ཆེའི་རྡོ་རྗེའི་བཀའ་ལུང་སྤྱི་བོར་སྩལ་བ་གུས་པས་མཆོད་དེ། བྱ་བྲལ་བ་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོ་པདྨ་འོད་གསལ་མདོ་སྔགས་གླིང་པའི་སྡེས་གསོལ་བ་བཏབ་པ་དེ་དེ་བཞིན་དུ་འགྲུབ་པར་བླ་མ་རྒྱལ་བ་སྲས་དང་བཅས་པས་བྱིན་གྱིས་བརླབ་ཏུ་གསོལ། །

རྒྱལ་བའི་མྱུ་གུ་གླིང་སྤྲུལ་པའི་སྐུ་རིན་པོ་ཆེ་འཇིགས་མེད་ཚེ་དབང་ཕྲིན་ལས་ཐུབ་བསྟན་ཕྱོགས་ལས་རྣམ་རྒྱལ་དཔལ་བཟང་པོའི་ཞབས་བརྟན་གསོལ་འདེབས་འཆི་མེད་དགེ་ལེགས་མཆོག་སྩོལ།


JKT001_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བའི་མྱུ་གུ་གླིང་སྤྲུལ་པའི་སྐུ་རིན་པོ་ཆེ་འཇིགས་མེད་ཚེ་དབང་ཕྲིན་ལས་ཐུབ་བསྟན་ཕྱོགས་ལས་རྣམ་རྒྱལ་དཔལ་བཟང་པོའི་ཞབས་བརྟན་གསོལ་འདེབས་འཆི་མེད་དགེ་ལེགས་མཆོག་སྩོལ་ཅེས་བྱ་བ་བཞུགས་སོ། །འཇིགས་མེད་ཚེ་ལ་དབང་བའི་རིག་འཛིན་ཆེ། །མཚོ་སྐྱེས་བླ་མའི་བྱིན་རླབས་བདེན་སྟོབས་ཀྱིས། །རྒྱལ་བའི་ཕྲིན་ལས་ཐུབ་བསྟན་རྒྱ་མཚོའི་བདག །མཆོག་གི་སྤྲུལ་སྐུ་བསྐལ་བརྒྱར་འཚོ་གཞེས་གསོལ། །གང་གི་གསང་གསུམ་མི་མཐུན་ཕྱོགས་ཀུན་ལས། །རྣམ་པར་རྒྱལ་བའི་དགེ་མཚན་གྲུབ་པ་དང་། །གསན་བསམ་སྒོམ་པའི་དཔལ་འབྱོར་རབ་རྒྱས་ཤིང་། །མཁས་བཙུན་


JKT001_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་པོ་ཡོན་ཏན་ཡོངས་རྫོགས་ཤོག །རྗེ་བཙུན་བླ་མའི་ཞབས་པད་རྟག་ཏུ་བརྟན། །ཕན་བདེའི་ལེགས་མཛད་མཁའ་དང་མཉམ་པར་བརྡལ། །བཤད་སྒྲུབ་བསྟན་པའི་སྣང་བས་ས་གསུམ་ཁྱབ། །འཇིག་རྟེན་དགེ་ལེགས་འཕེལ་བའི་བཀྲ་ཤིས་སྩོལ། །ཅེས་མཆོག་སྤྲུལ་རྡོ་རྗེ་འཆང་ཐུབ་བསྟན་རྒྱལ་མཚན་དཔལ་བཟང་པོའི་སྤྲུལ་པའི་ཟླ་རིས་གསར་དུ་བཞད་པར། །དཔལ་ཀཐོག་རྡོ་རྗེ་གདན་གྱི་སྐུ་ཞབས་རིན་པོ་ཆེ་འཇིགས་མེད་ཚེ་དབང་ཕྲིན་ལས་ཐུབ་བསྟན་ཕྱོགས་ལས་རྣམ་རྒྱལ་དཔལ་བཟང་པོ་ཞེས་པའི་མཚན་འབུལ་དང་འབྲེལ་བར་ཞབས་བརྟན་གསོལ་འདེབས་འདི་ལྟ་བུ་ཞིག་བྲིས་ཤིག་ཅེས་བསླབ་གསུམ་རྣམ་པར་དག་པའི་རྗེ་དབོན་དམ་པ་ཟུང་ནས་བཀྲ་ཤིས་པའི་ལྷ་རེག་དང་བཅས་ཏེ་གསུང་བསྐུལ་གནང་བ་བཞིན། མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་གསོལ་བ་བཏབ་པ་དེ་དེ་བཞིན་དུ་འགྲུབ་པར་བླ་མ་རྒྱལ་བ་སྲས་དང་བཅས་པས་བྱིན་གྱིས་བརླབ་ཏུ་གསོལ།། །།

མཆོག་སྤྲུལ་རིན་པོ་ཆེ་ཀརྨ་བསྟན་འཛིན་ཆོས་ཀྱི་རྒྱལ་པོའི་ཡང་སྲིད་མྱུར་འབྱོན་གྱི་གསོལ་འདེབས་དོན་ཀུན་གྲུབ་པའི་རོལ་མོ།


JKT001_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་སྤྲུལ་རིན་པོ་ཆེ་ཀརྨ་བསྟན་འཛིན་ཆོས་ཀྱི་རྒྱལ་པོའི་ཡང་སྲིད་མྱུར་འབྱོན་གྱི་གསོལ་འདེབས་དོན་ཀུན་གྲུབ་པའི་རོལ་མོ་ཞེས་བྱ་བ་བཞུགས་སོ། །རྩ་གསུམ་ཀུན་འདུས་པདྨ་ཐོད་ཕྲེང་དང་། །དབྱེར་མེད་སྐྱབས་གནས་རྒྱ་མཚོའི་ཚོགས་རྣམས་ཀྱིས། །མཁྱེན་བརྩེ་ནུས་པའི་བྱིན་རླབས་རྩལ་ཆེན་པོས། །གསོལ་འདེབས་སྨོན་པའི་གནས་འདིར་མྱུར་འགྲུབ་མཛོད། །སྔ་འགྱུར་བསྟན་འཛིན་ཆོས་ཀྱི་རྒྱལ་པོ་ཆེ། །རིག་འཛིན་འཇིགས་མེད་རང་གྲོལ་དཔལ་བཟང་པོ། །གང་ཁྱོད་ངེས་དོན་སྐྱེ་འགག་ལས་འདས་ཀྱང་། །དྲང་དོན་


JKT001_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་བར་གཟིམས་པའི་ཚུལ་བསྟན་པ། །བདག་ཅག་རྗེས་འཇུག་གདུལ་བྱའི་ཚོགས་རྣམས་ཀུན། །བཟོད་མེད་སྡུག་བསྔལ་དྲག་པོས་མནར་བ་ལ། །སྟོང་ཉིད་སྙིང་རྗེའི་ཡེ་ཤེས་རོལ་མོ་ཡིས། །སྤྲུལ་པའི་སྣང་བརྙན་མྱུར་དུ་འབྱོན་མཛད་གསོལ། །དེ་ཡང་ཕུན་སུམ་ཚོགས་པའི་གཟིགས་པ་ལྔའི། །སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་ངོ་མཚར་གྱིས། །འཁྲུལ་མེད་ཡིད་ཆེས་ངེས་པ་རྙེད་པ་དང་། །བར་ཆད་ཕྱོགས་ལས་རྒྱལ་བར་བྱིན་གྱིས་རློབས། །དཔལ་ལྡན་བླ་མའི་མཆོག་སྤྲུལ་མྱུར་དུ་སྣང་། །ཁྲིམས་ལྡན་གསན་བསམ་སྒོམ་པའི་ཡོན་ཏན་རྫོགས། །མོས་ལྡན་བསྟན་འགྲོའི་གདུང་བ་ཀུན་སེལ་ཞིང་། །དོན་ལྡན་ཕྲིན་ལས་ས་གསུམ་ཁྱབ་གྱུར་ཅིག །ཅེས་དཔལ་ཡུལ་དབོན་སྤྲུལ་རིན་པོ་ཆེ་རྡོ་རྗེ་འཛིན་པ་ཆེན་པོ་ཀརྨ་བསྟན་འཛིན་ཆོས་ཀྱི་རྒྱལ་པོའམ། །རིག་འཛིན་འཇིགས་མེད་རང་གྲོལ་དཔལ་བཟང་པོ་ཆོས་དབྱིངས་ཞི་བ་ཆེན་པོར་ཐུགས་གཞོལ་བའི་སྐབས་མཆོག་གི་སྤྲུལ་པའི་སྣང་བརྙན་གསར་དུ་འཆར་བའི་གསོལ་འདེབས་འདི་ལྟ་བུ་བྲིས་ཤིག་ཅེས་དད་ལྡན་སློབ་འབངས་ཚོགས་ཀྱིས་ཆེད་དུ་བསྐུལ་བ་ལྟར། མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་སྒོ་གསུམ་གུས་པས་གསོལ་བ་བཏབ་པ་དོན་དང་ལྡན་པར་གྱུར་ཅིག །

རྡོ་རྗེ་འཛིན་དབང་འཇམ་དཔལ་བཟང་པོའི་སྤྲུལ་སྐུ་མྱུར་འབྱོན་མའི་གསོལ་འདེབས་ཕན་བདེའི་དཔལ་སྟེར།


JKT001_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་འཛིན་དབང་འཇམ་དཔལ་བཟང་པོའི་སྤྲུལ་སྐུ་མྱུར་འབྱོན་མའི་གསོལ་འདེབས་ཕན་བདེའི་དཔལ་སྟེར་ཅེས་བྱ་བ་བཞུགས་སོ། །ཨོཾ་སྭསྟི་སིདྡྷཾ། འཇམ་དཔལ་གཞོན་ནུ་རྗེ་བཙུན་ས་སྐྱ་པའི། །བཟང་པོའི་ཕྲིན་ལས་ཕྱོགས་བརྒྱར་སྤེལ་མཁས་པ། །


JKT001_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

མཁྱེན་བརྩེ་ནུས་གཏེར་རྣམ་འདྲེན་བླ་མ་ཡི། །ཟག་མེད་ཐུགས་ཀྱི་དགོངས་པ་ཡོངས་རྫོགས་ཤོག །ཁྱད་པར་ཚད་མེད་ཐུགས་རྗེའི་གཞན་དབང་གིས། །བདག་སོགས་གདུལ་བྱ་རྣམས་ལ་བརྩེར་། །དགོངས་ནས། །ཕུན་སུམ་ཚོགས་པའི་གཟིགས་པ་རྣམ་པ་ལྔས། །སྤྲུལ་པའི་སྣང་བརྙན་མྱུར་དུ་འབྱོན་མཛད་གསོལ། །བླ་མ་ལྷ་དང་མཁའ་འགྲོ་ཆོས་སྐྱོང་གི། །བདེན་པའི་སྟོབས་ཀྱིས་རྒྱལ་བའི་མྱུ་གུ་མཆོག ། །བསྟན་འགྲོའི་མགོན་དུ་གེགས་མེད་སྣང་བ་དང་། །ཕན་བདེའི་ཕྲིན་ལས་རྒྱས་པའི་བཀྲ་ཤིས་ཤོག །ཅེས་པའང་གཙང་དགོན་ཐུབ་བསྟན་དར་རྒྱས་གླིང་གི་བླ་གྲྭ་རྣམས་ཀྱི་བཞེད་ངོར་དུ། བྱ་བྲལ་སྤོང་བ་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་གསོལ་བ་བཏབ་པ་དེ་དེ་བཞིན་དུ་འགྲུབ་པར་བླ་མ་རྒྱལ་བ་སྲས་དང་བཅས་པས་བྱིན་གྱིས་བརླབ་ཏུ་གསོལ། །

ཀུན་བཟང་འཇིགས་མེད་བསྟན་པའི་ཉི་མ་ཕྲིན་ལས་ཀུན་ཁྱབ་དཔལ་བཟང་པོའི་ཞབས་བརྟན།


JKT001_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭསྟི་སིདྡྷཾ། ཀུན་བཟང་འཇིགས་མེད་གྲུབ་པའི་ཡེ་ཤེས་འཕྲུལ། །བསྟན་པའི་ཉི་མ་རྒྱལ་བའི་མྱུ་གུ་ཆེ། །ཕྲིན་ལས་ཀུན་ཏུ་ཁྱབ་པའི་དཔལ་ལྡན་པ། །མཁས་བཙུན་བཟང་པོའི་མཆོག་ཏུ་འཚོ་གཞེས་གསོལ། །རྡོ་རྗེའི་གཟུགས་སྐུ་འཆི་མེད་མགོན་པོར་བརྟན། །ཕྱོགས་ལས་རྣམ་རྒྱལ་ལེགས་གསུང་སྲིད་ན་སྙན། །ཡིད་བཞིན་འདོད་པ་འཇོ་བའི་འཁོར་ལོའི་ཐུགས། །བསྐལ་པ་རྒྱ་མཚོར་མི་གཡོ་བརྟན་པར་བཞུགས། །ཚུལ་གནས་གསན་བསམ་སྒོམ་པའི་མཐར་སོན་ཅིང་། །རབ་འབྱམས་འཆད་རྩོད་རྩོམ་པའི་དགེ་མཚན་གྱིས།


JKT001_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

ཐུབ་པའི་བསྟན་ལ་སྟོན་པ་གཉིས་པ་ཡི། །ལེགས་མཛད་ས་གསུམ་རྒྱས་པའི་བཀྲ་ཤིས་སྩོལ། ཅེས་གྲུབ་དབང་བླ་མ་རིན་པོ་ཆེའི་མཆོག་གི་སྤྲུལ་པའི་སྐུ་པདྨ་དཀར་པོ་ལྟ་བུར་བཞད་པ་ལས། །ཀུན་བཟང་འཇིགས་མེད་བསྟན་པའི་ཉི་མ་ཕྲིན་ལས་ཀུན་ཁྱབ་དཔལ་བཟང་པོ་ཞེས་པའི་མཚན་འབུལ་བརྟན་བཞུགས་དང་འབྲེལ་བའི་ཚིགས་སུ་བཅད་པ་བཀྲ་ཤིས་པའི་ལྷ་རྫས་དཀར་པོ། འཆི་མེད་སྐུ་གསུམ་ཐུགས་རྡོ་རྗེའི་སྣང་བརྙན། བཅས་དབང་བཅུའི་གྲངས་ལྡན་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་ཕུལ་བ་ཇི་ལྟར་སྨོན་པའི་དོན་ཐམས་ཅད་ཡོངས་སུ་འགྲུབ་པར་བླ་མ་རྒྱལ་བ་སྲས་དང་བཅས་པས་བྱིན་གྱིས་བརླབ་ཏུ་གསོལ། །

རིག་འཛིན་འཇིགས་མེད་བསྟན་པའི་ཉི་མ་གྲགས་པ་ཀུན་ཁྱབ་དཔལ་བཟང་པོའི་ཞབས་བརྟན།


JKT001_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭསྟི་སིདྡྷཾ། ཚེ་མཐའ་ཡས་དངོས་རྩ་གསུམ་རྒྱ་མཚོའི་བདག །རིག་འཛིན་ཆེན་པོར་པདྨ་ཐོད་ཕྲེང་གིས། །བྱིན་རླབས་གཏེར་ཆེན་མཆོག་གི་སྤྲུལ་པའི་སྐུ། །འཇིགས་མེད་སེང་གེའི་ཁྲི་ལ་ཞབས་བརྟན་གསོལ། །རིམ་དགུའི་བསྟན་པའི་ཉི་མ་འོད་པོ་ཆེས། །སྲིད་དང་ཞི་བའི་རྒུད་པ་ཀུན་སེལ་ཞིང་། །ཕན་བདེའི་པདྨོ་རྒྱས་མཛད་ལེགས་བཤད་གསུང་། །འཇིག་རྟེན་ཁམས་སུ་རྟག་ཏུ་སྣང་གྱུར་ཅིག །ཚུལ་གནས་གསན་བསམ་སྒོམ་ལ་དབང་འབྱོར་ཞིང་། །འཆད་རྩོད་རྩོམ་པའི་གྲགས་པས་ས་གསུམ་ཀུན། །ཁྱབ་མཛད་ཐུགས་རྗེའི་དཔལ་མངའ་མགོན་པོ་ཆེའི། །བཟང་པོའི་ཕྲིན་ལས་རྒྱས་པའི་བཀྲ་ཤིས་སྩོལ། །ཞེས་གཏེར་ཆེན་ཉི་མ་གྲགས་པའི་མཆོག་གི་སྤྲུལ་པའི་སྐུ་རིན་པོ་ཆེ་པདྨ་རྒྱས་པ་ལྟ་བུ་གསར་དུ་བཞད་པར། །རིག་འཛིན་འཇིགས་མེད་བསྟན་པའི་ཉི་


JKT001_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

མ་གྲགས་པ་ཀུན་ཁྱབ་དཔལ་བཟང་པོ་ཞེས་པའི་མཚན་འབུལ་དང་འབྲེལ་བར་ཞབས་པད་བསྐལ་བརྒྱར་བརྟན་པའི་གསོལ་བ་འདེབས་མཚོན་བཀྲ་ཤིས་ལྷ་གོས། འཆི་མེད་སྐུ་གསུམ་ཐུགས་རྡོ་རྗེའི་སྣང་བརྙན། ༠ བཅས་མདོ་ཁམས་སྡེ་དགེ་རྫོང་གསར་བཀྲ་ཤིས་ལྷ་རྩེའི་བསམ་གཏན་གྱི་ཁང་བུ་ནས་ཤཱཀྱའི་དགེ་སྦྱོང་རྒན་པོ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོར་ན་ཚོན་ལྡན་གྱི་ལོའི་སྣོན་ཟླ་བའི་དཀར་ཕྱོགས་རྒྱལ་བ་དང་པོས་བསམ་པ་དག་ཅིག་སྦྱོར་བ་གུས་པས་ཕུལ་བ་སརྦ་དཱ་ཤེ་ཡནྟུ། །

འཆི་མེད་ནམ་མཁའི་རྡོ་རྗེ་ཕྲིན་ལས་ཀུན་ཁྱབ་དཔལ་བཟང་པོའི་ཞབས་བརྟན།


JKT001_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭསྟི་ཛཱི་ཝནྟ། འཆི་མེད་ནམ་མཁའི་རྡོ་རྗེ་འདུས་མ་བྱས། །ཚེ་དབང་གྲུབ་པ་པདྨ་སཾ་བྷ་དང་། །དབྱེར་མེད་ཕྲིན་ལས་ཀུན་ཁྱབ་དཔལ་བཟང་པོ། །བསྐལ་བརྒྱར་འཚོ་གཞེས་ཆོས་འཁོར་བསྐོར་མཛད་གསོལ། །གང་སྐུ་ཚེ་མཐའ་ཡས་པའི་གཟུགས་སུ་རྟག །གསུང་གསང་ཡིད་བཞིན་འདོད་འཇོའི་འཁོར་ལོས་ཁྱབ། །རྡོ་རྗེའི་ཐུགས་མཆོག་སྲིད་ཞིའི་ཕྱོགས་ཀུན་ལས། །རྣམ་པར་རྒྱལ་མའི་ངོ་བོར་ཞབས་བརྟན་གསོལ། །བདག་ཅག་ཀུན་ཏུ་རྣམ་པ་ཐམས་ཅད་དུ། །ཡེ་ཤེས་གཟིགས་པའི་སྐྱབས་ཀྱི་འཇུག་པ་ལ། །བརྟེན་ནས་ཕན་བདེའི་དགེ་མཚན་རྒྱས་པ་དང་། །མྱུར་དུ་བྱང་ཆུབ་ཐོབ་པའི་བཀྲ་ཤིས་སྩོལ། །ཅེས་རྩེ་གཅིག་ཏུ་གུས་ཤིང་དྭངས་བ་ཆེན་པོས་གསོལ་བ་འདེབས་པའི་རྟེན་འབྱུང་གི་མཎྜལ་མཚོན་པར་བཀྲ་ཤིས་པའི་ལྷ་གོས་རབ་དཀར། སྐུ་གསུང་ཐུགས་རྡོ་རྗེའི་སྣང་བརྙན་བྱིན་ཅན། ༠ བཅས་རྣམ་གྲངས་འཆི་མེད་གྲུབ་པ་ཉེར་བདུན་གྱིས་མཚོན་པ་འདི་


JKT001_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

དག་ཤཱཀྱའི་དགེ་སྦྱོང་རྒན་པོ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་འཆི་མེད་ལྷ་མོ་ཙཎྜ་ལིའི་སྨིན་ཆོག་དང་འབྲེལ་བར་དུས་ཚེས་མཆོག་ཏུ་དགེ་བའི་སྔ་ཆར་བསམ་པ་དག་ཅིང་སྦྱོར་བ་གུས་པས་འབུལ་ལམ་ཞུས་པ་ལགས་ན། ཡེ་ཤེས་གཟིགས་པའི་སྤྱན་རས་ཀྱིས་ཡུད་ཙམ་བཙས་པ་དང་། ཇི་ལྟར་གསོལ་བ་བཏབ་པའི་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ།། །།

གླིང་རྗེ་དྲུང་སྤྲུལ་པའི་སྐུའི་ཞབས་བརྟན།


JKT001_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭསྟི་སིདྡྷཾ། འགྱུར་མེད་སྐུ་བཞིའི་དེ་ཉིད་མངོན་གྱུར་པའི། །པདྨའི་རྒྱལ་ཚབ་གངས་ཅན་བསྟན་འགྲོའི་དཔལ། །རིག་འཛིན་མཆོག་གི་སྤྲུལ་པའི་གསང་བ་གསུམ། །བསྐལ་བརྒྱར་འཚོ་གཞེས་ཕྲིན་ལས་རྒྱས་གྱུར་ཅིག །ཚུལ་གནས་གསན་བསམ་སྒོམ་པའི་ཕ་མཐར་སོན། །མཁྱེན་བརྩེ་ནུས་པའི་གཟི་བརྗིད་ལྷམ་མེར་གསལ། །འཆད་རྩོད་རྩོམ་པས་རྒྱལ་བསྟན་སྤེལ་བ་ལ། །སངས་རྒྱས་གཉིས་པའི་རྣམ་ཐར་ཡོངས་རྫོགས་ཤོག །དཔལ་ལྡན་བླ་མའི་ཞབས་པད་རྟག་ཏུ་བརྟན། །ཁྲིམས་ལྡན་འདུས་པའི་བཤད་སྒྲུབ་ངང་གིས་འཕེལ། །ཆོས་ལྡན་རྒྱལ་པའི་མངའ་ཐང་ཕྱོགས་བཅུར་རྒྱས། །བསིལ་ལྡན་བཀྲ་ཤིས་སྣང་བས་ཁྱབ་གྱུར་ཅིག །ཅེས་གླིང་རྗེ་དྲུང་མཔའི་གི་སྤྲུལ་པའི་སྐུའི་མཚན་དཔེའི་ཟླ་ཞལ་གསར་དུ་ཚེས་པ་རང་གནས་གདན་སར་མངའ་གསོལ་བའི་སྐབས་ཆེད་དུ་བསྐུལ་བ་བཞིན་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ། །ཨོཾ་སྭསྟི་སིདྡྷཾ་ཛི་བནྟ། ཀུན་བཟང་དགོངས་པའི་རྩལ་ཆེན་མངོན་དུ་གྱུར། །ཐེག་མཆོག་ཆོས་


JKT001_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྲིད་ལ་རང་དབང་བསྒྱུར། །རྡོ་རྗེ་འཛིན་པ་ཡོངས་ཀྱི་གཙུག་གི་རྒྱན། །བསྐལ་པ་རྒྱ་མཚོར་ཞབས་པད་བརྟན་གྱུར་ཅིག །ཚེ་མཐའ་ཡས་པའི་ངོ་བོར་བྱང་ཆུབ་སྐུ། །དམ་ཆོས་ཆར་འབེབས་ཡིད་བཞིན་འཁོར་ལོའི་གསུང་། །སྲིད་ཞིའི་ཕྱོགས་ལས་རྣམ་པར་རྒྱལ་མའི་ཐུགས། །གསང་གསུམ་རྡོ་རྗེའི་ཁམས་སུ་འཚོ་གཞེས་གསོལ། །མཁས་བཙུན་བཟང་པོའི་རྣམ་ཐར་རྒྱུན་གྱིས་རྟག །མཁྱེན་བརྩེ་ནུས་པའི་ཡོན་ཏན་སྲིད་ན་ཁྱབ། །འཆད་རྩོད་རྩོམ་པའི་ཕྲིན་ལས་ལྷུན་གྱིས་གྲུབ། །ཕན་བདེའི་དགེ་མཚན་མཆོག་ཏུ་རྒྱས་གྱུར་ཅིག །ཅེས་རྩེ་གཅིག་གུས་པས་གསོལ་བ་འདེབས་མཚོན་བཀྲ་ཤིས་པའི་ལྷ་གོས་དཀར་པོ། འཆི་མེད་སྐུ་གསུམ་ཐུགས་རྡོ་རྗེའི་སྣང་བརྙན། བཅས་བཀྲ་ཤིས་རྟགས་ཀྱི་གྲངས་ལྡན་འདི་དག་བྱ་བྲལ་ཆོས་རྗེ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བསམ་པ་དག་ཅིང་སྦྱོར་བ་གུས་པས་འབུལ་ལམ་ཞུས་པ་ཇི་ལྟར་གསོལ་བ་བཏབ་པའི་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་བླ་མ་རྒྱལ་བ་སྲས་དང་བཅས་པས་བྱིན་གྱིས་བརླབ་ཏུ་གསོལ། །ཀུན་བཟང་ཐེག་རྩེ་མཆོག་གི་རྒྱལ་ཐབས་ལ། །དབང་བསྒྱུར་རིགས་ཀུན་ཁྱབ་བདག་རྡོ་རྗེ་འཆང་། །ཆོས་དབྱིངས་ཞི་བ་ཆེན་པོར་ཐུགས་གཞོལ་བས། །བདག་ཅག་སྡུག་བསྔལ་མེ་ཡིས་གདུང་གྱུར་པར། །དམིགས་མེད་བརྩེ་བ་ཆེན་པོས་རྗེས་དགོངས་ནས། །ཆོས་སྐུའི་དབྱིངས་ལས་ཡེ་ཤེས་སྤྲུལ་པའི་སྐུ། །ཕུན་སུམ་ཚོགས་པའི་གཟིགས་པ་རྣམ་པ་ལྔས། །དྭངས་


JKT001_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་འཕྲུལ་བྲལ་མྱུར་དུ་སྣང་མཛད་གསོལ། །དཀོན་མཆོག་རྩ་གསུམ་བདེན་པའི་བྱིན་རླབས་ཀྱིས། །མཆོག་གི་རྣམ་འཕྲུལ་མྱུར་དུ་འབྱོན་པ་དང་། །སྐུ་ཚེ་བརྟན་ཅིང་ཕྲིན་ལས་ཕྱོགས་བཅུར་ཁྱབ། །ཕན་བདེའི་དགེ་མཚན་རྒྱས་པའི་བཀྲ་ཤིས་སྩོལ། །ཅེས་པའང་རྗེ་དབོན་བླ་སྤྲུལ་ཟུང་ནས་འདི་ལྟར་བྲིས་ཤིག་ཅེས་གསུང་བསྐུལ་གནང་བ་ལྟར་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བྲིས་ཤིང་གསོལ་བ་བཏབ་པ་དེ་དེ་བཞིན་དུ་འགྲུབ་པར་བླ་མ་རྒྱལ་བ་སྲས་དང་བཅས་པས་བྱིན་གྱིས་བརླབ་ཏུ་གསོལ།། །།

ཀུན་བཟང་འཆི་མེད་རྡོ་རྗེ་གཟི་བརྗིད་ཐེག་མཆོག་བསྟན་པའི་རྒྱལ་མཚན་ཕྲིན་ལས་ཀུན་ཁྱབ་དཔལ་བཟང་པོའི་ཞབས་བརྟན།


JKT001_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭསྟི་ཛི་ཝནྟ། །རྒྱལ་དབང་པདྨའི་རིང་ལུགས་འཛིན་པ་ཆེ། །འཆི་མེད་རྡོ་རྗེའི་ཁམས་སུ་འཚོ་གཞེས་ཤིང་། །ཕྲིན་ལས་ས་གསུམ་ཀུན་ཏུ་ཁྱབ་ཅིང་རྟག །ལྷུན་གྱིས་གྲུབ་པའི་དགེ་མཚན་རྒྱས་གྱུར་ཅིག །ཅེས་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་གསུང་སྤྲུལ་ཐམས་ཅད་མཁྱེན་གཟིགས་རིན་པོ་ཆེར་ཇི་སྲིད་བྱམས་བསྟན་མ་ཤར་བར་དུ་རྡོ་རྗེའི་གསང་གསུམ་འཚོ་ཞིང་གཞེས་པའི་རྟེན་འབྱུང་དུ་ཀུན་བཟང་འཆི་མེད་རྡོ་རྗེ་གཟི་བརྗིད་ཐེག་མཆོག་བསྟན་པའི་རྒྱལ་མཚན་ཕྲིན་ལས་ཀུན་ཁྱབ་དཔལ་བཟང་པོ་ཞེས་མཚན་འབུལ་དང་འབྲེལ་བར་ཀུན་མཁྱེན་ཆེན་པོའི་དུས་ཀྱི་མཆོད་པའི་ཚེས་བཟང་པོར་བཀྲ་ཤིས་པའི་ལྷ་རེག །འཆི་མེད་སྐུ་གསུམ་ཐུགས་རྡོ་རྗེའི་སྣང་བརྙན་བཅས་ཤཱཀྱའི་དགེ་སློང་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་པདྨ་འོད་གསལ་མདོ་སྔགསཱ་གླིང་པས་ཕུལ་བ་དོན་དང་ལྡན་པར་བླ་མ་རྒྱལ་བ་སྲས་དང་བཅས་པས་བྱིན་གྱིས་བརླབ་ཏུ་གསོལ།། །།

གཏེར་ཆེན་རྡོ་རྗེ་གླིང་པའི་རྣམ་རོལ་རྦ་ཁ་མཆོག་གི་སྤྲུལ་པའི་སྐུ་རིན་པོ་ཆེའི་ཞབས་བརྟན།


JKT001_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭསྟི་ཛཱི་ཝནྟ། །པདྨའི་རིང་ལུགས་འཛིན་པའི་རྣམ་འདྲེན་མཚན། །འཆི་མེད་གྲུབ་པའི་རྡོ་རྗེར་བྱང་ཆུབ་ཅིང་། །རྨད་བྱུང་ཕྲིན་ལས་ཀུན་ཏུ་ཁྱབ་ཅིང་རྟག །ཕྱོགས་ལས་རྣམ་རྒྱལ་དགེ་མཚན་རྒྱས་གྱུར་ཅིག །ཅེས་སྤྲུལ་པའི་གཏེར་ཆེན་རྡོ་རྗེ་གླིང་པའི་རྣམ་རོལ་རྦ་ཁ་མཆོག་གི་སྤྲུལ་པའི་སྐུ་རིན་པོ་ཆེ་བསྐལ་བརྒྱལ་འཚོ་གཞེས་ཕྲིན་ལས་རྒྱས་པའི་རྟེན་འབྱུང་དུ་པདྨ་འཆི་མེད་གྲུབ་པའི་རྡོ་རྗེ་ཐེག་མཆོག་བསྟན་འཕེལ་ཕྱོགས་ལས་རྣམ་རྒྱལ་དཔལ་བཟང་པོ་ཞེས་པའི་མཚན་འབུལ་བར་བཀྲ་ཤིས་པའི་ལྷ་རེག །འཆི་མེད་སྐུ་གསུང་ཐུགས་རྡོ་རྗེའི་སྣང་བརྙན་བྱིན་ལྡན་བཅས་ཤཱཀྱའི་དགེ་སྦྱོང་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་པདྨ་འོད་གསལ་མདོ་སྔགས་གླིང་པས་ཀུན་མཁྱེན་དྲི་མེད་འོད་ཟེར་གྱི་དུས་དྲན་མཆོད་པའི་ཚེས་བཟང་པོར་ཕུལ་བ་དེ་དེ་བཞིན་དུ་འགྲུབ་པར་བླ་མ་རྒྱལ་བ་སྲས་དང་བཅས་པས་བྱིན་གྱིས་བརླབ་ཏུ་གསོལ།། །།

བདུད་འདུལ་ནུས་ལྡན་རྡོ་རྗེའི་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་རྣམ་རོལ་རྗེ་དབོན་མཆོག་གི་སྤྲུལ་པའི་སྐུ་རིན་པོ་ཆེའི་ཞབས་བརྟན།


JKT001_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭསྟི་སིདྡྷཾ། ཀུན་ཏུ་བཟང་མོའི་རྡོ་རྗེའི་རྒྱལ་ཐབས་ལ། །དབང་བསྒྱུར་འཇིགས་མེད་ཆོས་ཀྱི་ཉི་མ་ཆེ། །ཕྲིན་ལས་ས་གསུམ་ཀུན་ཁྱབ་དཔལ་བཟང་པོའི། །ཞབས་པད་རྡོ་རྗེའི་ཁམས་སུ་བརྟན་གྱུར་ཅིག ༡ །ཚུལ་གནས་གསན་བསམ་སྒོམ་པའི་ཕ་མཐར་སོན། །མཁས་བཙུན་གྲུབ་པའི་ཡོན་ཏན་སྲིན་ན་བརྗིད། །འཆད་རྩོད་རྩོམ་པའི་རྣམ་ཐར་རྨད་བྱུང་བཞིན། གསང་གསུམ་བསྐལ་པ་རྒྱ་མཚོར་འཚོ་གཞེས་གསོལ། ༢ །དེ་ལྟར་གུས་པས་གསོལ་བ་བཏབ་པ་དང་། །རྩ་གསུམ་ཆོས་སྲུང་རྒྱ་མཚོའི་བྱིན་རླབས་ཀྱིས། །བསྟན་འཛིན་ཞབས་བརྟན་བཤད་སྒྲུབ་བསྟན་པ་རྒྱས། །ཕན་བདེའི་དགེ་མཚན་རྟག་ཏུ་སྣང་གྱུར་ཅིག ༣ །ཅེས་བདུད་འདུལ་ནུས་


JKT001_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་རྡོ་རྗེའི་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་རྣམ་རོལ་རྗེ་དབོན་མཆོག་གི་སྤྲུལ་པའི་སྐུ་རིན་པོ་ཆེ་གང་ཉིད་ཕུན་སུམ་ཚོགས་པ་རྣམ་པ་ལྔའི་སྒོ་ནས་ལྷར་བཅས་བསྟན་འགྲོའི་དཔལ་མགོན་དམ་པར་སྤྱན་དྲངས་ཤིང་མངའ་གསོལ་བའི་སྐབས། བཀྲ་ཤིས་པའི་ལྷ་རེག །འཆི་མེད་སྐུ་གསུམ་ཐུགས་རྡོ་རྗེའི་སྣང་བརྙན། ༠ བཅས་རྟེན་འབྱུང་གི་རྫས་སུ་ཕུལ་བ་དང་། ཀུན་བཟང་འཇིགས་མེད་ཆོས་ཀྱི་ཉི་མ་ཕྲིན་ལས་ཀུན་ཁྱབ་དཔལ་བཟང་པོ་ཞེས་པའི་མཚན་འབུལ་ཞབས་བརྟན་སྨོན་ཚིག་དང་འབྲེལ་བ་འདིའང་། །མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་གསོལ་བ་བཏབ་པ་ཇི་ལྟར་སྨོན་པའི་དོན་ཐམས་ཅད་ཡོངས་སུ་འགྲུབ་པར་བླ་མ་རྒྱལ་བ་སྲས་དང་བཅས་པས་བྱིན་གྱིས་བརླབ་ཏུ་གསོལ།། །།

མཚུངས་མེད་བསྟན་འགྲོའི་དཔལ་མགོན་རིག་འཛིན་གྲགས་པའི་མཆོག་སྤྲུལ་བཞི་པ་ཨོ་རྒྱན་བསྟན་འཛིན་ཆོས་ཀྱི་ཉི་མའི་མྱུར་འབྱོན་གསོལ་འདེབས།


JKT001_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་གཉིས་པ་ཨོ་རྒྱན་བླ་མ་དང་། །དབྱེར་མེད་བསྟན་འཛིན་ཆོས་ཀྱི་ཉི་མ་ཆེ། །འོད་གསལ་ཞི་བ་ཆོས་སྐུའི་དབྱིངས་ཉིད་ལས། །ཡེ་ཤེས་གཟུགས་སྐུའི་སྒྱུ་འཕྲུལ་མྱུར་དུ་སྟོན། །ཕུན་སུམ་ཚོགས་པའི་གཟིགས་པ་རྣམ་པ་ལྔས། །རྒྱལ་བའི་མྱུ་གུ་མཆོག་ཏུ་ཡོངས་བཞེངསམཁས་མཙུན་བཟང་པོའི་ཕྲིན་ལས་མཐའ་ཡས་པས། །རབ་འབྱམས་བསྟན་འགྲོའི་ཕན་བདེ་རྒྱས་མཛད་གསོལ། །དེ་ལྟར་རྩེ་གཅིག་གུས་པས་གསོལ་བཏབ་དང་། །རྩ་གསུམ་ཆོས་སྲུང་རྒྱ་མཚོའི་བྱིན་རླབས་མཐུས། །རིག་འཛིན་མཆོག་གི་སྤྲུལ་པའི་སྣང་བ་ཡིས། །ས་གསུམ་དགེ་ལེགས་འཕེལ་བའི་བཀྲ་ཤིས་ཤོག །ཅེས་མཚུངས་མེད་བསྟན་འགྲོའི་དཔལ་མགོན་རིག་འཛིན་གྲགས་པའི་མཆོག་སྤྲུལ་བཞི་པ་ཨོ་རྒྱན་བསྟན་འཛིན་ཆོས་ཀྱི་ཉི་མ་གང་ཉིད་ཆོས་དབྱིངས་ཞི་


JKT001_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཆེན་པོར་སྐུར་བཞེངས་པའི་སྐབས་འཁྲུལ་མེད་སྤྲུལ་པའི་ཟླ་ཞལ་མྱུར་དུ་འཆར་བའི་གསོལ་འདེབས་རྗེ་དབོན་མཆོག་སྤྲུལ་རིན་པོ་ཆེས་རྒྱང་རིང་མོ་ནས་བཀའ་སྩལ་ཆེད་དུ་གནང་བ་ལྟར། མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོ་པདྨ་འོད་གསལ་མདོ་སྔགས་གླིང་པའི་སྡེས་རབ་ཚེས་དཀར་པོའི་ལོ་ཆོ་འཕྲུལ་ཟླ་བའི་དམར་ཕྱོགས་མཁའ་འགྲོ་འདུ་བའི་ཚེས་བཅུའི་མཆོད་པའི་སྐབས་སུ་གསོལ་བ་ཏབ་པ་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག། །།

གནས་མཆོག་དཔལ་སྤུངས་དེ་ཝི་ཀོ་ཊ་ཙཱ་འདྲ་རིན་ཆེན་བྲག་གི་གསོལ་འདེབས་སྨོན་ལམ་དང་བཅས་པ་དོན་གཉིས་ལྷུན་གྲུབ།


JKT001_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

གནས་མཆོག་དཔལ་སྤུངས་དེ་ཝི་ཀོ་ཊ་ཙཱ་འདྲ་རིན་ཆེན་བྲག་གི་གསོལ་འདེབས་སྨོན་ལམ་དང་བཅས་པ་དོན་གཉིས་ལྷུན་གྲུབ་ཅེས་བྱ་བ། ཁྱབ་བདག་འཁོར་ལོ་སྡོམ་པའི་ཕོ་བྲང་དངོས། །གྲོལ་བ་བཞི་ལྡན་གནས་མཆོག་ཙཱ་རི་ཏྲ། །དེ་དང་དབྱེར་མེད་དེ་ཝི་ཀོ་ཊའི་ཡུལ། །རྟེན་དང་བརྟེན་པར་བཅས་ལ་གསོལ་བ་འདེབས། །བདག་སོགས་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །དམ་ཆོས་སྒྲུབ་པའི་འགལ་རྐྱེན་ཀུན་དང་བྲལ། །མཐུན་རྐྱེན་ཚེ་བསོད་དཔལ་འབྱོར་ཡེ་ཤེས་རྒྱས། །སྣང་སེམས་དབང་དུ་འདུས་པར་བྱིན་གྱིས་རློབས། །ཁྱད་པར་ནག་ཕྱོགས་ཀླ་ཀློའི་འཚུབས་འགྱུར་དང་། །ནད་མུན་འཁྲུགས་སོགས་དུས་ཀྱི་རྒུད་པ་ཞི། །ཆར་ཆུ་དུས་འབེབས་ལོ་ཕྱུགས་རྟག་ཏུ་ལེགས། །འཇིག་རྟེན་ཕན་བདེས་འཚོ་བར་བྱིན༔ འགྲོ་ཀུན་དད་དང་ངེས་འབྱུང་བྱང་སེམས་འབྱོངས། །སྨིན་གྲོལ་ཟབ་མོའི་ཉམས་ལེན་ལ་བརྟེན་ནས། །སློབ་དང་མི་སློབ་ཟུང་འཇུག་ཡེ་ཤེས་སྐུ། །ཚེ་འདིར་མངོས་སུམ་འགྲུབ་པར་བྱིན་


JKT001_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་འཛིན་སྐྱེས་བུ་ཐམས་ཅད་ཞབས་པད་བརྟན། །བསྟན་པའི་སྦྱིན་བདག་སྡེ་བཞིའི་དཔལ་འབྱོར་རྒྱས། །བཤད་སྒྲུབ་བསྟན་པ་ཕྱོགས་མཐར་ཁྱབ་ཅིང་རྟག །ས་གསུམ་དགེ་ལེགས་འཕེལ་བའི་བཀྲ་ཤིས་སྩོལ། །ཅེས་པའང་དོན་གཉེར་ཅན་དག་གི་ངོར་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོ་པདྨ་འོད་གསལ་མདོ་སྔགས་གླིང་པས་ལྕགས་མོ་ལུག་གི་ལོའི་ཆུ་སྟོད་ཟླ་བའི་དཀར་ཕྱོགས་ཀྱི་དགའ་བ་དང་པོར་གསོལ་བ་བཏབ་པ་དགེ་ལེགས་སུ་གྱུར་ཅིག །།

རྒྱལ་བའི་མྱུ་གུ་རྗེ་བཙུན་སོགས།


JKT001_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

ཨོ་སྭསྟི་སིདྡྷཾ། རྒྱལ་བའི་མྱུ་གུ་རྗེ་བཙུན་སྤྲུལ་པའི་སྐུ། །མཚོ་སྐྱེས་ཞབས་བཞིན་སྐུ་ཚེ་ཕྲིན་ལས་རྒྱས། །མཁན་ཆེན་ཇི་བཞིན་སྟོན་པ་གཉིས་པར་གྱུར། །ཆོས་རྒྱལ་ཆེན་པོའི་ཐུགས་བསྐྱེད་ཡོངས་རྫོགས་ཤོག ། ཅེས་རྩེ་གཅིག་གུས་པས་གསོལ་བ་འདེབས་མཚོན་བཀྲ་ཤིས་པའི་ལྷ་གོས། འཆི་མེད་སྐུ་གསུམ་ཐུགས་རྡོ་རྗེའི་སྣང་བརྙན། ༠ བཅས་བཀྲ་ཤིས་པའི་རྟགས་ཀྱི་གྲངས་ལྡན་འདི་དག་བྱ་བྲལ་ཆོས་རྗེ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་ཐོག་མའི་རྟེན་འབྱུང་དུ་ཕུལ་བ་ཇི་ལྟར་སྨོན་པའི་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་བླ་མ་རྒྱལ་བ་སྲས་དང་བཅས་པས་བྱིན་གྱིས་བརླབ་ཏུ་གསོལ། །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། །།

བསྐལ་བཟང་རྣམ་འདྲེན་བཞི་པ་སོགས།


JKT001_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭསྟི་སིདྡྷཾ། བསྐལ་བཟང་རྣམ་འདྲེན་བཞི་པ་ཤཱཀྱའི་ཏོག །མ་ཕམ་མགོན་སོགས་རྒྱལ་བ་སྲས་བཅས་དང་། །འཕགས་པའི་དགེ་འདུན་དཀར་ཕྱོགས་སྐྱོང་བའི་ལྷས། །དགེ་ལེགས་ཤིས་པའི་མེ་ཏོག་ཆར་དུ་བསྙིལ། །འཇམ་དབྱངས་བླ་མས་རྗེས་བཟུང་དམ་ཆོས་ཀྱི། །འབྱོར་པས་མངོན་མཐོ་བསླབ་


JKT001_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་དབང་པོ་མཆོག །སྲིད་ཞིའི་ཕུན་ཚོགས་འཆི་མེད་གྲུབ་པའི་དཔལ། །མཁས་བཙུན་བཟང་པོའི་ཕྲིན་ལས་རྒྱས་གྱུར་ཅིག །ཚུལ་གནས་ཁྲིམས་ཀྱི་ཟླ་བའི་བདུད་རྩི་ཡིས། །ཉེས་པར་སྤྱོད་པའི་གདུང་བ་རིང་བཅིལ་ནས། །ཐར་པ་དམ་པའི་ངལ་འཚོས་རབ་བརྒྱན་པ། །ལྷར་བཅས་འཇིག་རྟེན་མཆོད་འོས་ཉིད་གྱུར་ཅིག །མང་དུ་ཐོས་པའི་ཟིལ་དངར་བཏུང་བ་ལས། །ཁ་ན་མ་ཐོའི་གནས་ལས་ལྡོག་པ་དང་། །རྣམ་པར་གཡེང་བའི་ཕྱོགས་ཀྱིས་མི་བརྫི་བར། །མྱ་ངན་འདས་པའི་ཉེ་རྒྱུར་སྨིན་གྱུར་ཅིག །བསམ་བྱུང་རིག་པ་འཁྲུལ་མེད་ལ་བརྟེན་ནས། །སྡེ་སྣོད་རྒྱ་མཚོའི་དེ་ཉིད་ཁོང་ཆུད་ཅིང་། །གཞུང་ལུགས་གདམས་པར་ཤར་བའི་བློ་གྲོས་ཀྱི། །ངོ་མཚར་སྣང་བ་རྟག་ཏུ་རྒྱས་གྱུར་ཅིག །བསམ་གཏན་ནོར་བུའི་ལྗོན་པའི་གྲིབ་བསིལ་དུ། །ཉེས་པ་ལྔ་སྤོང་འདུ་བྱེད་བརྒྱད་བསྟེན་པས། །སེམས་གནས་རྣམ་པ་དགུ་ཡི་མཐར་སོན་ནས། །ཤིན་ཏུ་སྦྱངས་པའི་དགའ་སྟོན་འཕེལ་གྱུར་ཅིག །ཤེས་རབ་ཟབ་མོའི་གཟིགས་པ་དྲི་མེད་པས། །མཐའ་ཡས་ཤེས་བྱའི་གནས་ལུགས་མངོན་གྱུར་ཅིང་། །ལམ་ལྔ་ས་བཅུའི་ཐེམ་སྐས་ལ་འཛེགས་ནས། །མི་སློབ་གོ་འཕང་མཆོག་ལ་རེག་གྱུར་ཅིག །མདོར་ན་མཐོ་རིས་ཡོན་ཏན་ཐམས་ཅད་དང་། །འཕགས་པའི་ནོར་གྱི་འབྱོར་པ་ཕུན་ཚོགས་ཤིང་། །རྒྱལ་བ་དགྱེས་པའི་རྣམ་ཐར་རྨད་


JKT001_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བས། །རང་གཞན་དོན་གཉིས་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་དཔལ་ལྡན་སའི་དབང་ཕྱུག་བྱང་ཆུབ་སེམས་དཔའི་རིགས་ཡོངས་སུ་སད་པར་རྒྱལ་བ་སྲས་དང་བཅས་པས་བསྔགས་འོས་མཆོག་གཅིག་ཏུ་གྲུབ་པ་གང་ཉིད། །ཐུབ་བསྟན་རིན་པོ་ཆེའི་སྒོར་ཞུགས་བའི་སྐལ་བཟང་གི་དགེ་མཚན་སྲིད་ན་ལམ་མེར་གསལ་བའི་རབ་ཚེས་དཀར་པོའི་ལོ་ཆུ་སྟོད་ཟླ་བའི་དཀར་ཕྱོགས། བདག་ཅག་གི་སྟོན་པ་ཤཱཀྱའི་དབང་པོས་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ་ལྔ་སྡེ་བཟང་པོའི་འཁོར་ལ་ཞི་བསིལ་ཆོས་ཀྱི་བདུད་རྩི་ཐོག་མར་སྩལ་བའི་དུས་ཀྱི་དགེ་མཚན་ཕུན་སུམ་ཚོགས་པའི་སྔ་ཆར། ཐོག་མཐའ་བར་གསུམ་དུ་དགེ་བའི་ཕྱིར་བཀྲ་ཤིས་པའི་ལྷ་གོས་རབ་དཀར། བསླབ་པ་གསུམ་གྱི་ཡོན་ཏན་ཡོངས་སུ་རྫོགས་པའི་རྟེན་འབྲེལ་དུ་སྟོན་མཆོག་ཤཱཀྱའི་རྒྱལ་པོའི་སྣང་བརྙན་ལི་དམར་ལས་གྲུབ་པའི་བྱིན་ཅན། བཅས་མདོངས་གསོལ་དུ་ཕུལ་བ་དང་ཆབ་གཅིག་ལྷག་བསམ་རྣམ་པར་དག་པའི་ཆུ་གཏེར་ལས་བྱུང་བའི་ཤིས་བརྗོད་ཀྱི་མེ་ཏོག་དཀར་པོའི་ཆར་སིལ་མར་བསྙིལ་བ་འདིའང་། ཤཱཀྱའི་དགེ་སློང་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་གསོལ་བ་བཏབ་པ་དེ་དེ་བཞིན་དུ་འགྲུབ་པར་བླ་མ་དང་མཆོག་གསུམ་རིན་པོ་ཆེའི་ཡེ་ཤེས་གཟིགས་པ་དམ་པས་བྱིན་གྱིས་བརླབ་ཏུ་གསོལ། །

འཇམ་པའི་དབྱངས་སོགས།


JKT001_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

ན་མསྶརྦ་བུདྡྷ་བོ་དྷི་སཏྭཱ་ཡ་སུ་ཤེ་ཡནྟུ། །འཇམ་པའི་དབྱངས་སོགས་སྲས་བཅས་རྒྱལ་ཀུན་གྱིས། །ཆོས་ཀྱི་དབང་པོ་མཆོག་ཏུ་མངའ་གསོལ་བས། ཕུན་ཚོགས་འཆི་མེད་གྲུབ་པའི་དགེ་མཚན་དང་། །ཐར་བདེའི་དཔལ་འབྱོར་བཟང་པོ་རྒྱས་གྱུར་ཅིག །དཀར་པོའི་རིགས་ཀྱི་ས་བོན་མ་སྨད་པ། །


JKT001_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ལ་མོས་པའི་བདུད་རྩིས་བྲན་པ་ལས། །སྨོན་འཇུག་བྱང་ཆུབ་སེམས་ཀྱི་དཔག་བསམ་དབང་། །རྒྱལ་བའི་མྱུ་གུའི་ཚལ་དུ་སྐྱེད་བསྲིང་ཤོག །ཟང་ཟིང་སྦྱིན་པའི་རྫོགས་ལྡན་སྤྲིན་ཆེན་པོ། །འཇིགས་བཅས་གདུང་བ་སེལ་བའི་གྲིབ་བསིལ་ཅན། །ཟབ་རྒྱས་ཆོས་ཀྱི་འདོད་རྒུའི་ཆར་འབེབས་པས། །ཀུན་ལ་ཕན་བདེའི་དགའ་སྟོན་འཇོ་གྱུར་ཅིག །ཉེས་སྤྱོད་ཆ་བཅས་སྡོམ་པའི་པདྨ་དཀར། །དགེ་ཆོས་ཡོངས་སུ་སྡུད་པའི་དྲི་བསུང་དང་། །སེམས་ཅན་དོན་བྱེད་སྦྲང་རྩིའི་ཟིལ་དངར་ཅན། །ཚུལ་ཁྲིམས་དཔྱིད་ཀྱི་དགེ་མཚན་རྫོགས་པར་ཤོག །གནོད་པའི་ཡུལ་གྱིས་ནམ་ཡང་མི་བརྫི་བར། །ཆོས་ཕྱིར་དཀའ་བ་སྤྱོད་ལ་བཟོད་པ་དང་། །ཟབ་མོའི་དོན་ལ་སྐྲག་པ་མེད་པ་ཡིས། །ཡིད་སྲུབས་དཔུང་བཅས་ཁེངས་པ་སྙིལ་གྱུར་ཅིག །བསམ་པ་གོ་ཆའི་བརྩོན་འགྲུས་རབ་ཏུ་བརྗིད། །སྦྱོར་བ་ཆོས་སྡུད་གཟི་འོད་འི ཆེས་ཆེར་འབར། །གཞན་ཕན་སྣང་བ་ཕྱོགས་ཀྱི་མཐར་འགྲོ་བས། །རྒྱལ་བ་དགྱེས་པའི་རྣམ་ཐར་འཛིན་པར་ཤོག །བྱིས་པ་ཉེ་བར་སྤྱོད་པའི་བསམ་གཏན་ལ། །བརྟེན་ནས་དོན་རབ་རྣམ་འབྱེད་མི་ཐོབ་སྟེ། །དེ་བཞིན་གཤེགས་པ་རབ་དགའི་ཡེ་ཤེས་ཀྱིས། །འཕགས་པའི་ལམ་གྱི་དེ་ཉིད་གྲུབ་གྱུར་ཅིག །མང་དུ་ཐོས་པས་ཚིག་གི་ཡུལ་ལ་འཇུག །ཚུལ་བཞིན་བསམ་པས་དོན་སྤྱི་སྒྲོ་འདོགས་ཆོད། །རྩེ་གཅིག་


JKT001_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམས་པས་དོན་གྱི་དེ་ཉིད་རྟོགས། །ཤེས་རབ་ཟབ་མོའི་ཕ་རོལ་ཕྱིན་པར་ཤོག །བསྡུ་དངོས་བཞི་ཡིས་སེམས་ཅན་ཡོངས་སུ་སྨིན། །སྐྱོན་མེད་ཐར་པའི་ལམ་དང་ས་ལ་འཇུག །ཞིང་རྣམས་ཡོངས་སྦྱོང་སྲིད་། དང་ཞི་བའི་མཐར། །མི་གནས་མྱ་ངན་འདས་པ་ཉིད་གྱུར་ཅིག །སྟོབས་བཅུ་མི་འཇིགས་བཞི་དང་མ་འདྲེས་སོགས། །བྱང་ཆུབ་མཆོག་གི་ཡོན་ཏན་ཡོངས་རྫོགས་ཤིང་། །གདུལ་བྱ་རྣམས་ལ་ཐར་ལམ་རབ་སྟོན་པའི། །མཛད་པ་ཕྲིན་ལས་རྒྱུན་མི་འཆད་པར་ཤོག །མདོར་ན་རིང་པོར་འཚོ་བའི་ལྗོན་བཟང་ལ། །བྱང་ཆུབ་སེམས་གཉིས་འབྲས་བུ་རབ་དུད་པས། །འབྲེལ་ཚད་དོན་དང་ལྡན་པའི་གྲགས་དཀར་གྱིས། སྲས་བཅས་རྒྱལ་བའི་དགེ་མཚན་གྲུབ་གྱུར་ཅིག །ཅེས་ཤཱཀྱའི་གཙོ་བོའི་རྗེས་སུ་སློབ་པའི་སྐྱེས་བུ་དམ་པ་མཆོག་ཉིད་རྒྱལ་སྲས་བྱང་ཆུབ་སེམས་དཔའ་ཆེན་པོར་གདོད་ནས་གྲུབ་པ་ཆོ་གའི་མཐུས་སླར་ཡང་རིགས་ཀྱི་ནུས་པ་ཆེས་ཆེར་རྒྱས་པར་སྤེལ་བའི་སྐབས། རབ་ཚེས་དཀར་པོའི་ལོའི་རྒྱལ་བས་ཆོས་འཁོར་བསྐོར་བའི་དུས་མཆོག་ཏུ་དགེ་བར་རྒྱལ་བའི་སྲས་པོའི་མིང་གིས་དགེ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་བློ་གྲོས་རྒྱ་མཚོ་དྲི་མ་མེད་པའི་འོད་ཅེས་བགྱི་བས་བཀྲ་ཤིས་པའི་ལྷ་རྫས་དང་དཔལ་ལྡན་ས་སྐྱ་པཎྜི་ཏའི་གསུང་ཕ་རོལ་ཏུ་ཕྱིན་པའི་གཞུང་རྒྱ་ཆེར་སྟོན་པ་རྒྱལ་སྲས་ལམ་བཟང་གི་གླེགས་བམ་དང་། བཅས་ཕུལ་བ་དོན་དང་ལྡན་པ་བླ་མ་རྒྱལ་བ་སྲས་དང་བཅས་པས་མཐུན་འགྱུར་མཛད་དུ་གསོལ།། །།

བཀྲ་ཤིས་གང་ཞིང་དཔལ་ལྡན་བླ་མ་སོགས།


JKT001_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

ཤྲཱི་བཱི་ཤྲཱི་སྭསྟི་བི་ཛ་ཡནྟུ། བཀྲ་ཤིས་གང་ཞིང་དཔལ་ལྡན་བླ་མ་དང་། །དབྱེར་མེད་རབ་འབྱམས་དཀྱིལ་འཁོར་ལྷ་ཚོགས་ཀྱིས། །རོལ་མོའི་སྒྲ་དང་མེ་ཏོག་ཆར་འབེབས་བཞིན། །ཁྱོད་ལ་རྟག་ཏུ་དགེ་ལེགས་སྦྱིན་གྱུར་ཅིག འཇམ་པའི་དབྱངས་བཞིན་བློ་གྲོས་མཆོག་གྱུར་པས། །ཆོས་ཀྱི་དབང་པོ་སྐལ་པ་ཕུན་སུམ་ཚོགས། །བདེ་ཆེན་འཆི་མེད་གྲུབ་པའི་དཔལ་དང་ལྡན། །བཟང་པོའི་ལེགས་མཛད་རྟག་ཏུ་འཕེལ་བར་ཤོག །སྲིད་ལས་ངེས་འབྱུང་སོ་ཐར་ཁྲིམས་ཀྱིས་བཙུན། གཞན་ཕན་བྱང་ཆུབ་སེམས་གཉིས་གཏིང་ནས་འབྱོངས། གསང་ཆེན་དབང་ཐོབ་དམ་ཚིག་རྣམ་པར་དག །རྡོ་རྗེ་འཛིན་པའི་མཆོག་ཏུ་གྲུབ་གྱུར་ཅིག །བཀའ་དྲིན་སུམ་ལྡན་རྗེ་བཙུན་བླ་མ་རྣམས། །བསམ་དང་སྦྱོར་བས་ཚུལ་བཞིན་བསྟེན་པ་ལས། །བྱིན་རླབས་བདུད་རྩིའི་རང་བཞིན་ལྷན་སྐྱེས་ཀྱི། །ཡེ་ཤེས་ཆེན་པོའི་དེ་ཉིད་མངོན་གྱུར་ཤོག །བསྐྱེད་རིམ་ཐབས་ཀྱིས་ཐ་མལ་སྣང་ཞེན་སྦྱངས། །རྫོགས་རིམ་ཟབ་མོས་རླུང་སེམས་དབུ་མར་ཐིམ། །བདེ་སྟོང་མཆོག་གི་དགྱེས་པའི་གར་མཛད་པས། །སྤྱོད་དང་ཉེ་རྒྱུའི་བརྟུལ་ཞུགས་རྫོགས་གྱུར་ཅིག །ཞི་སོགས་ལས་དང་གྲུབ་པ་ཆེན་པོ་བརྒྱད། །དབང་ཕྱུག་ཡོན་ཏན་དུ་མའི་སྒེག་འཆང་བས། །རིག་འཛིན་བྱེ་བའི་ཚོགས་དང་ལྷན་ཅིག་ཏུ། །ལམ་ལྔ་ས་བཅུ་མིག་འཕྲུལ་ལྟར་བགྲོད་ཤོག །མཐར་ཐུག་སྐུ་དང་ཡེ་ཤེས་དབྱེར་མེད་པ། །ཁ་སྦྱོར་བདུན་ལྡན་དཔལ་ལ་


JKT001_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་པ་དང་། །རྣམ་མང་སྤྲུལ་པའི་སྒྱུ་འཕྲུལ་དྲྭ་བ་ཡིས། །འགྲོ་ཀུན་བྱང་ཆུབ་ལམ་ལ་འགོད་གྱུར་ཅིག །མཁའ་འགྲོ་ཆོས་སྲུང་རྒྱ་མཚོའི་ཚོགས་ཀྱིས་སྐྱོངས། །ལམ་མཆོག་བསྒྲུབ་པའི་འགལ་རྐྱེན་ཀུན་བསལ་ནས། །མཐུན་རྐྱེན་རྒྱལ་བ་དགྱེས་པའི་དགེ་མཚན་གྱིས། །སྲིད་ཞིའི་ལེགས་ཚོགས་རྒྱས་པའི་བཀྲ་ཤིས་སྩོལ། །ཅེས་བོད་ཆེན་པོར་ལྗོངས་ཀྱི་བསྟན་འགྲོ་མཐའ་དག་ལ་བླ་ན་མེད་པའི་བཀའ་དྲིན་ཅན་ཤཱཀྱའི་སྲས་པོ་རྒྱལ་བའི་མྱུ་གུ་མཆོག་ཉིད་རྡོ་རྗེ་འཛིན་པའི་རྒྱལ་ཐབས་ཆེན་པོར་མངའ་གསོལ་བའི་སྐབས་་བཀྲ་ཤིས་པའི་ལྷ་རེག །ཐབས་ཤེས་ཟུང་འཇུག་དམ་ཚིག་གི་རྡོ་རྗེ་དང་དྲིལ་བུ། འཆི་མེད་བདུད་རྩིའི་བཅུད་ཀྱིས་གཏམས་པའི་བཞེས་སྤྱད་བཅས་རིག་པ་འཛིན་པའི་མིང་གིས་སྙན་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བསམ་པ་དག་ཅིང་སྦྱོར་བ་གུས་པས་ཕུལ་དོན་དང་ལྡན་པར་བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ།། །།

པཎ་གྲུབ་རྣམས་ཀྱི་དབུ་ཡི་ཅོད་པན་སོགས།


JKT001_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭསྟི། པཎ་གྲུབ་རྣམས་ཀྱི་དབུ་ཡི་ཅོད་པན་འདིས། །རྒྱལ་སྲས་སེམས་དཔའ་ཆེན་པོར་མངའ་གསོལ་བས། །སྐུ་ཚེ་བརྟན་ཅིང་མདོ་སྔགས་རབ་འབྱམས་ཀྱི། །བཤད་སྒྲུབ་ལེགས་མཛད་རྒྱས་པའི་བཀྲ་ཤིས་ཤོག །སརྦ་དཱ་མངྒ་ལཾ་བྷ་བ་ཏུ། །འཇིག་བྲལ་དཔལ་ལྡན་བསྟན་པའི་ཉི་མ་འཆི་མེད་རྟག་པའི་རྡོ་རྗེ་སྲིད་ཞིའི་དབང་ཕྱུག་དོན་ཐམས་ཅད་ཡོངས་སུ་གྲུབ་པའི་སྡེ། །ཨོཾ་སྭསྟི་སིདྡྷཾ། འཇིགས་བྲལ་དཔལ་ལྡན་བསྟན་པའི་ཉི་མ་སྐལ་བཟང་གླིང་བཞིའི་འཆི་མེད་ལམ། །རྟག་པ་དམ་པའི་རྡོ་རྗེའི་སྣང་


JKT001_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

བས་ཡིད་སྲུབས་མུན་པར་མཐར་མཛད་དེ། །སྲིད་ཞིའི་ཕུན་ཚོགས་པདྨོ་དར་བབས་དབང་བཅུའི་འབྲས་བུས་མངོན་ཕྱུག་པས། །དོན་ཀུན་ཐམས་ཅད་ཡོངས་སུ་གྲུབ་པའི་སྡེ་བཞིའི་དགེ་མཚན་རྒྱས་གྱུར་ཅིག ༡ །མཚན་བཟང་འཇམ་དཔལ་གཞོན་ནུའི་རོལ་སྒེག་དང་། །གསུང་ལ་དབྱངས་ཅན་ལྷ་མོའི་བྱིན་ཞུགས་པས། །ཕྱི་ནང་ཤེས་བྱའི་གནས་ཀུན་སྒྲིབ་མེད་དུ། །གཟིགས་ལ་སྲིན་ན་མཚུངས་ཟླས་དབེན་གྱུར་ཅིག ༢ །བསྐལ་བརྒྱར་ཞབས་བརྟན་རྡོ་རྗེའི་ཆོས་སུ་བརྟན། །ལེགས་བྱས་ཕྲིན་ལས་ས་གསུམ་ཀུན་ཏུ་ཁྱབ། །དེས་ཀྱང་བསྟན་འགྲོའི་ཕན་བདེ་རབ་འཕེལ་བའི། །བཀྲ་ཤིས་སྣང་བ་རྟག་ཏུ་ཅིག ༣ །ཅེས་འཇམ་པའི་དབྱངས་དངོས་ཁྲི་སྲོང་ལྡེའུ་བཙན་གྱི་རིགས་ཀྱི་ཐིག་ལེ་ས་བཅུའི་དབང་ཕྱུག་རྒྱལ་སྲས་སེམས་དཔའ་ཆེན་པོ་འཇིང་ཡོན་སད་ན་ལེགས་སམ། རྒྱལ་པོ་མུ་ཏིག་བཙན་པོ་དགེ་བ་དཔལ་ཞེས་ཡོངས་སུ་གྲགས་པའི་རྣམ་འཕྲུལ་དུ་དུས་གསུམ་མཁྱེན་པ་དཔལ་ཨོ་རྒྱན་ཆེན་པོས་འཁྲུལ་མེད་རྡོ་རྗེའི་ལུང་གིས་མངོན་པར་བསྔགས་ཤིང་། བོད་ཁམས་ཀྱི་ལྗོངས་ཙམ་ན་མངོན་པར་མཐོ་བའི་སྤྲུལ་པའི་ཆོས་རྒྱལ་ཆེན་པོ་མཚན་མཆོག་དོན་དང་ལྡན་པ་སྡེ་བཞི་དགེ་བཅུའི་རྒྱལ་ཐབས་ལ་དབང་བསྒྱུར་བའི་བདག་པོ་ལྷ་སྲས་གཅེན་རིན་པོ་ཆེར་ཕུན་སུམ་ཚོགས་པའི་ཡོན་ཏན་མཐའ་དག་གི་ཕྱི་མོ་ཡི་གེའི་སྦྱོར་བ་ཐོག་མར་འབུལ་བའི་སྐབས། རྟེན་འབྲེལ་གྱི་ཆེད་དུ་མཚན་གསོལ་ཞབས་བརྟན་སྨོན་ཚིག་དང་འབྲེལ་བ་འདིའང་། བཀྲ་ཤིས་པའི་ལྷ་གོས་རས་དཀར། ༠ བཅས་ཤཱཀྱའི་དགེ་སྦྱོང་བྱ་བྲལ་


JKT001_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའམ། གཙུག་ལག་སྨྲ་བའི་ཉི་མ་མཚོ་སྐྱེས་གཞོན་ནུའི་ལང་ཚོ་ཞེས་ཀྱང་བགྱི་བས་ལྷག་བསམ་རྣམ་པར་དཀར་བས་ཕུལ་བ་དེ་དེ་བཞིན་དུ་འགྲུབ་པར་བླ་མ་རྒྱལ་བ་སྲས་དང་བཅས་པས་བྱིན་གྱིས་བརླབ་ཏུ་གསོལ།། ༈ །།དྷརྨ་རཱ་ཛ་སྱ་ཏིཏྟཾ་སྦྲ་ན་སྱ་བཎ་ཤུ་བྷཾ། །ཤཱི་སཱསྟི་བི་ཛ་ཡནྟུ། དབང་བཅུ་མངའ་བ་རྣམས་ཀྱི་ཡེ་ཤེས་བྱིན། །ཆེན་པོའི་རིགས་ཀྱི་ཐིག་ལེར་དབབ་པ་ལས། །ཆོས་སྲིད་དཔལ་གྱི་འབྱོར་པས་ཁོར་ཡུག་ལྗོངས། །སྐྱོང་བཞིན་འཚོ་གཞེས་ཡུན་རིང་བརྟན་གྱུར་ཅིག །འཆི་མེད་མགོན་པོས་བདུད་རྩིས་དབང་བསྐུར་ཞིང་། །རྣམ་པར་རྒྱལ་མས་མི་མཐུན་ཕྱོགས་ཀུན་ཐུལ། །ཡིད་བཞིན་འཁོར་ལོས་ཕྲིན་ལས་རྨད་བྱུང་བ། །ཁྱེད་ལ་རྟག་ཏུ་ཤིས་པ་མཛད་གྱུར་ཅིག །བདག་ཀྱང་རིང་པོར་འཚོ་ཞིང་དོན་གཉིས་གྲུབ། །ཆོས་རྒྱལ་མཆོག་ཀྱང་སྐུ་ཚེ་ཆབ་སྲིད་རྒྱས། །འཇིག་རྟེན་ཁམས་ཀུན་བདེ་སྐྱིད་དཔལ་རབ་འབར། །རྩ་གསུམ་རྒྱ་མཚོའི་ཤིས་པས་སྐྱོར་གྱུར་ཅིག །ཅེས་མི་རྗེ་དམ་པ་གང་ནས་ངོས་ཅག་ལ་བོང་བ་གསེར་གཟིགས་ཀྱིས་བརྟན་བཞུགས་ཀྱི་ཚིགས་སུ་བཅད་པ། ལྷ་རྫས་རྒྱས་པའི་མདངས་ལྡན། ཚེ་དཔག་མེད་སྤྲུལ་སྐུའི་སྣང་བརྙན་བྱིན་ཅན།་སྣ་ཚོགས་རྡོ་རྗེའི་རེ་ཁཱས་བཀྲ་བའི་ཟ་འོག་གི་དྲིལ་གདན་བཅས་ཆེད་སྩལ་ལྟར། སྨིན་དྲུག་ཟླ་བའི་དཀར་ཕྱོགས་ཀྱི་དུས་བཟང་པོ་ཚེས་བཅུའི་ཉི་ཤར་ལ་འབྱོར་པ་རྟེན་འབྱུང་མཆོག་ཏུ་དགེ་བར་མངོན་པར་སྤྲོ་བའི་ཡིད་ཀྱིས་སླར་ཡང་མིའི་དབང་པོ་གང་ལ་ཤིས་པ་བརྗོད་པའི་ཚིགས་སུ་


JKT001_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

བཅད་པ་དང་། འཆི་མེད་སྐུ་གསུང་ཐུགས་རྡོ་རྗེའི་སྣང་བརྙན། སྐུ་ཚེའི་ཚེ་རྫས་རིལ་བུ་བཅས་དེ་འཕྲལ་དུ་འཇམ་དབྱངས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་ཕུལ་བ་དགེ་ལེགས་ཀྱི་སྣང་བས་ཕྱོགས་དུས་ཐམས་ཅད་དུ་རྟག་ཅིང་ཁྱབ་པར་གྱུར་ཅིག། །།ཨོཾ་སྭ་སྟི་ཛཱི་པཾ་ཏིཥྛནྟུ། འཇིག་རྟེན་དབང་ཕྱུག་སྙིང་རྗེའི་ཉི་མ་ནི། །སྲིད་ན་སྲིད་པ་བཞིན་དུ་འཇུག་བརྩོན་པས། །ཕན་བདེའི་སྣང་བ་སྦྱིན་པའི་གྲགས་དཀར་ཅན། །རྣམ་ཀུན་འཆི་མེད་གྲུབ་པ་ཉིད་གྱུར་ཅིག །ཚུལ་གནས་ཁྲིམས་ཀྱི་མཐོ་རིས་དགའ་ཚལ་དུ། །བསླབ་གཞིའི་ནོར་བུའི་སྙེ་མ་གཡུར་ཟ་བས། །ས་གསུམ་སྐྱེ་རྒུའི་རྒུད་པ་ཀུན་སེལ་བའི། །ཞབས་པད་རྡོ་རྗེའི་ཁམས་སུ་འཚོ་གཞེས་གསོལ། ༢ །སྙིགས་མའི་འགྱུར་བས་རབ་གཟིངས་ངང་ཚུལ་གྱིས། །མི་འཁྲུགས་བཟོད་པའི་གོ་ཆ་བརྟན་པ་ལས། །ཡིད་སྲུབས་དཔུང་བཅས་ཕྱོགས་ལས་རྣམ་རྒྱལ་བའི། །དགེ་མཚན་ནམ་ཡང་ནུབ་པ་མེད་གྱུར་ཅིག ༣ །གཅིག་ཏུ་གཞན་དོན་ཁོ་ནར་རབ་དགྱེས་པའི། །དཀར་པོའི་ཡོན་ཏན་བྱེ་བའི་བརྩོན་འགྲུས་མཐུ། །སྲས་བཅས་རྒྱལ་བ་ཀུན་དང་སྙོམས་འཇུག་པ། །རྟག་ཅིང་ཁྱབ་དང་ལྷུན་གྱིས་གྲུབ་པར་གསོལ། ༤ །ཟག་མེད་བསམ་གཏན་བདུད་རྩིས་དགེ་བྱས་པའི། །ཏིང་འཛིན་སྒོ་བརྒྱར་འཇུག་ཅིང་ལྡང་བ་ཡིས། །མི་བཟད་ཉི་བུའི་དཔུང་པ་མཐར་བྱས་ནས། །འཆི་མེད་གྲུབ་པའི་རྒྱལ་རྔ་བརྡུང་གྱུར་ཅིག ༥ །གཟོད་ནས་སྐྱེ་བའི་ཚུ་


JKT001_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་ལས་འདས་ཕྱིར། མཐར་གྱིས་འགགས་པའི་ཕ་མཐར་སུ་ཞིག་དྲངས། །དེ་སླད་ཤེས་རབ་ཟབ་མོའི་སྒེག་འཆང་བའི། །གཟིགས་པས་བསིལ་ལྡན་འགྲོ་འདིར་གཅིག་ཏུ་དགོངས། ༦ །ལྷག་པར་གྲུབ་པས་བསྙེན་པའི་གནས་མཆོག་ཏུ། བཞེད་རྒུའི་ལེགས་མཛད་གེགས་མེད་སྤེལ་ནས་སླར། །ཕྱོགས་འདིར་དགྱེས་པའི་ཟླ་ཤེལ་སྣང་བ་ཡིས། །དོན་གཉིས་ཀུ་མུད་ཁོང་ནས་རྒྱས་པར་མཛོད། ༧ ། བདག་ཀྱང་ཡེ་ཆེན་པོའི་འཇུག་པ་ཡིས། །རྣམ་པ་ཀུན་ཏུ་རྗེས་སུ་བཟུང་བ་ལས། །ལམ་བཟང་སྒྲུབ་པའི་འགལ་རྐྱེན་ཀུན་ཞི་ཞིང་། །སྲིད་ཞིའི་དགེ་ལེགས་རྒྱས་པའི་བཀྲ་ཤིས་སྩོལ། ༨ །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། །།ཤུབྷཾ།། །།

འཆི་མེད་ཚེ་ལྷ་རྣམ་གསུམ་གྱི་བསྟོད་པ།


JKT001_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

ཏྲི བྱ མཱ རཱ ཡུ རྡེ བསྟུ ཏི བི ཧ ར ཏི སྨ།
འཆི་མེད་ཚེ་ལྷ་རྣམ་གསུམ་གྱི་བསྟོད་པ་བཞུགས་སོ།


JKT001_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨ་པ་རི་མི་ཏཱ་ཡུ་རཾ་སྟོ་ཏྲ། བོད་སྐད་དུ། ཚེ་དཔག་མེད་ལ་བསྟོད་པ། ཆོས་ཀྱི་འཁོར་ལོ་རྒྱ་ཆེན་བསྐོར། །སེམས་ཅན་སྡུག་བསྔལ་སྣ་ཚོགས་ཀུན། །མ་ལུས་པར་ནི་སེལ་མཛད་པའི། །སངས་རྒྱས་ཚེ་དཔག་མེད་ཕྱག་འཚལ། །རྡོ་རྗེ་སེམས་དཔའ་ལས་བྱུང་ཞིང་། །ཉེས་པའི་དྲི་མ་ཀུན་བཅོམ་པ། །རྡོ་རྗེའི་ལུས་ཅན་རྡོ་རྗེ་ཅན། །རྡོ་རྗེ་ཚེ་དཔག་མེད་ཕྱག་འཚལ། །བསམ་པའི་དོན་ཀུན་སྐད་ཅིག་གིས། །རང་འདོད་བཞིན་དུ་ཚིམ་མཛད་དཔལ། །མཆོག་གི་བདག་པོ་ཆེན་པོ་སྟེ། །རིན་ཆེན་ཚེ་དཔག་མེད་ཕྱག་འཚལ། །ཇི་ལྟར་ཉོན་མོངས་དྲི་མ་ཡིས། །ཀུན་ནས་གོས་པར་མི་འགྱུར་ཞིང་། །ཐུགས་རྗེས་ཆགས་ཚུལ་སྟོན་མཛད་པའི། །པདྨ་ཚེ་དཔག་


JKT001_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཕྱག་འཚལ། །འདོད་པའི་ལས་རྣམས་མ་ལུས་པ། །སྐད་ཅིག་ཉིད་ཀྱིས་རྫོགས་པའི་དཔལ། །བསམ་ཀུན་འཕེལ་བྱེད་དཔག་བསམ་ཤིང་། །ལས་ཀྱི་ཚེ་དཔག་མེད་ཕྱག་འཚལ། །ཉེས་པ་ཀུན་ལས་ཁྱོད་གྲོལ་ནས། །སྣ་ཚོགས་ཡོན་ཏན་ཀུན་གྱིས་བརྒྱན། །འཁོར་བའི་སྐྱབས་མཛད་དཔའ་བོ་སྟེ། །ཀུན་གཟིགས་ཚེ་དཔག་མེད་ཕྱག་འཚལ། །སྟོབས་ཆེན་རྣམས་ཀྱིས་རབ་བརྒྱན་ཏེ། །མི་མཐུན་ཕྱོགས་རྣམས་མ་ལུས་འཇོམས། །སྟོན་པ་སྲེད་མེད་བུ་ཡི་སྟོབས། །ཡོན་ཏན་ཚེ་དཔག་མེད་ཕྱག་འཚལ། །མེ་ལོང་མཉམ་ཉིད་ལ་སོགས་པའི། །ཡེ་ཤེས་མང་པོའི་མཛོད་འཛིན་པ། །རྟོག་པ་མ་ལུས་ཁྱོད་ཀྱིས་སྤངས། །ཡེ་ཤེས་ཚེ་དཔག་མེད་ཕྱག་འཚལ། རྣམ་པར་


JKT001_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་ལས་ཁྱོད་གྲོལ་ནས། །མཐའ་བྲལ་ཏིང་འཛིན་ཞི་བ་སྟེ། །བདུད་དང་མུ་སྟེགས་འཇོམས་མཛད་པའི། །མི་གཡོ་ཚེ་དཔག་མེད་ཕྱག་འཚལ། །འཁོར་བའི་སེམས་ཅན་གང་ཡང་རུང་། །ཁྱོད་ཀྱི་མཚན་ཙམ་འཛིན་པ་ལ། །ཚེ་དང་ཡེ་ཤེས་སྩོལ་མཛད་པའི། །ཚེ་དཔག་མེད་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ཛེ་ཏཱ་རི་དགྲ་ལས་རྣམ་པར་རྒྱལ་བས་མཛད་པའོ། །འཆི་མེད་མགོན་པོའི་ལྷ་ཚོགས་ལ། །@གུས་པས་ཕྱག་འཚལ་བསྟོད་པའི་མཐུས། །བདག་གི་རྒྱུད་ལ་ངེས་འབྱུང་དང་། །བྱང་ཆུབ་སེམས་གཉིས་རྒྱས་གྱུར་ཅིག །ཚོགས་ཟུང་ཆུ་གཏེར་ལས་འཁྲུངས་པའི། །ཚེ་མཐའ་ཡས་པའི་ལྷ་སྔགས་དང་། །ཏིང་འཛིན་སྣང་བས་གྲུབ་གཉིས་ཀྱི། །པདྨོ་མཆོག་ཏུ་རྒྱས་པར་ཤོག །རྣམ་སྣང་རྡོ་རྗེ་རིན་ཆེན་དང་། །པདྨ་ལས་རིགས་ཡེ་ཤེས་ཀྱི། །བདུད་རྩིའི་རྒྱུན་གྱིས་དབང་བསྐུར་བའི། །སྐལ་བཟང་ལྷག་པར་གྲུབ་གྱུར་ཅིག །སྐྱེ་ཀུན་དུག་ལྔས་བསགས་པ་ཡི། །འཚོ་བ་ཐུང་བའི་སྒྲིབ་བྱང་ནས། །རིགས་ལྔ་ཚེ་དཔག་མེད་མགོན་གྱི། །གོ་འཕང་རྒྱུད་ལ་འཇོག་པར་ཤོག །ཀུན་གཟིགས་ཡོན་ཏན་ཡེ་ཤེས་དང་། །མི་གཡོའི་རང་བཞིན་ཟིལ་དངར་གྱིས། །འགལ་རྐྱེན་བཀྲུ་ཞིང་བྱང་བ་དང་། །རྡོ་རྗེའི་སྲུང་བ་མཆོག་གྱུར་ཅིག །བདག་གི་སྙིང་དབུས་པདྨོ་དང་། །སྤྱི་བོར་བཞུགས་པའི་ཡེ་ཤེས་ལྷ། །བདེ་འཐུང་བཅུད་དུ་ཞུ་


JKT001_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཡིས། །ལུས་སེམས་འཆི་མེད་གྲུབ་པར་ཤོག །རིན་ཆེན་བདུན་དང་རྫས་བརྒྱད་སོགས། །སྲིད་ཞིའི་འབྱོར་པས་དགེ་བྱས་མཐུས། །འཇིག་རྟེན་འཇིག་རྟེན་འདས་པ་ཡི། །བཀྲ་ཤིས་སྣང་བ་འབར་གྱུར་ཅིག །མདོར་ན་འདི་ནས་བྱང་ཆུབ་བར། །དཔག་མེད་མགོན་པོས་རྗེས་བཟུང་ནས། །དེ་དང་བསོད་ནམས་ཡེ་ཤེས་ཀྱི། །གྲུབ་གཉིས་དགེ་མཚན་འཕེལ་བར་ཤོག །ཅེས་པའི་འདོད་གསོལ་སྨོན་ཚིག་འདིའང་གཞུང་དང་མཐུན་པར་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ་ལེགས་སུ་གྱུར་ཅིག། །།རྒྱ་གར་སྐད་དུ། བྷ་ག་ཝ་ཏཱི་ཨུཏྟི་ཥ་བི་ཛ་ཡཱི་སྟོ་ཏྲ། བོད་སྐད་དུ། བཅོམ་ལྡན་འདས་མ་གཙུག་ཏོར་རྣམ་པར་རྒྱལ་མ་ལ་བསྟོད་པ། །མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །གཙོ་མོ་བཅོམ་ལྡན་འདས་མ་ནི། །པུཎྜ་རཱི་ཀའི་མེ་ཏོག་ལྟར། །སྐྱོན་གྱིས་མ་གོས་སྐུ་མདོག་དཀར། །ཞལ་གསུམ་ཕྱག་བརྒྱད་སྤྱན་གསུམ་མངའ། །དབུ་རྒྱན་མགུལ་རྒྱན་སྙན་ཆར་བཅས། །རིན་ཆེན་སྣ་ཚོགས་མཛེས་པར་བརྒྱན། །པདྨ་ཟླ་བའི་གདན་ལ་བཞུགས། །དབུས་དཀར་གཡས་སེར་གཡོན་ཞལ་སྔོ། །ཁྲོ་མོའི་ཆ་ལུགས་མཆེ་བ་གཙིགས། །ཕྱག་གཡས་སྣ་ཚོགས་རྡོ་རྗེ་དང་། །པད་སྟེང་རྒྱལ་བ་འོད་དཔག་མེད། །མདའ་དང་མཆོག་སྦྱིན་ཕྱག་རྒྱའོ། །གཡོན་པ་སྡིགས་མཛུབ་ཞགས་པ་དང་། །གཞུ་དང་མི་འཇིགས་ཕྱག་


JKT001_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་དང་། །བུམ་པ་དག་ནི་ལེགས་པར་བསྣམས། །རྣམ་པར་སྣང་མཛད་དབུ་བརྒྱན་ཅིང་། །འོད་ཟེར་དཀར་པོ་འཕྲོ་ཞིང་འདུ། །སྟོད་གཡོགས་ལྷ་ཡི་ན་བཟའ་ཅན། །བློ་དང་ཚེ་འཕེལ་མཛད་པ་མོ། །པུ་རིའི་ནང་དུ་མཛེས་པར་བཞུགས། །བཅོམ་ལྡན་འདས་མ་ཉིད་ལ་བསྟོད། །གཡས་ན་རྗེ་བཙུན་སྤྱན་རས་གཟིགས། །སྐུ་མདོག་དཀར་པོ་སྐྱོན་མ་གོས། །གཡོན་ན་པད་བསྣམས་གཡས་པ་ན། །རྔ་ཡབ་འཛིན་ལ་བདག་ཕྱག་འཚལ། །གཡོན་གྱི་གསང་བའི་བདག་པོ་ནི། །ཨུཏྤལ་མདོག་འདྲ་རྡོ་རྗེ་གཡོན། །གཡས་པ་རྔ་ཡབ་མཛེས་འཛིན་པ། །མཐུ་སྟོབས་ཅན་ལ་ཕྱག་འཚལ་ལོ། །ཤར་ལྷོ་ནུབ་བྱང་ཕྱོགས་བཞི་ཡི། །ཁྲོ་བོའི་རྒྱལ་པོ་བཞི་པོ་ནི། །མདུན་ན་ཁྲོ་རྒྱལ་མི་གཡོ་བ། །སྔོ་བསངས་གཡས་ན་རལ་གྲི་འཛིན། །གཡོན་ན་སྡིགས་མཛུབ་སྐྲ་བརྗེས་པ། །སྦྲུལ་རྒྱན་སྟག་གི་ཤམ་ཐབས་ཅན། །པདྨ་ཉི་མའི་གདན་ལ་བཞུགས། །མ་རུངས་འདུལ་ལ་ཕྱག་འཚལ་ལོ། །ཁྲོ་ཆེན་འདོད་པའི་རྒྱལ་པོ་ནི། །སྔོ་བསངས་ལྕགས་ཀྱུ་འབར་བ་བསྣམས། །མ་རུངས་འདུལ་བའི་རྒྱན་ཆ་ཅན། །ཐམས་ཅད་འགུགས་ལ་ཕྱག་འཚལ་ལོ། །ཁྲོ་ཆེན་དབྱུག་པ་སྔོན་པོ་ནི། །ཞལ་གཅིག་ཕྱག་གཉིས་གཡས་པ་ནི། །དབྱུག་ཏོ་གཡོན་པ་སྡིགས་མཛུབ་མཛད། །སྔོ་བསངས་ཀུན་འདུལ་ཁྱོད་ལ་བསྟོད། །ཁྲོ་བོའི་རྒྱལ་པོ་སྟོབས་པོ་ཆེ། །ཨུཏྤལ་མདོག་འདྲ་


JKT001_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་གཉིས་པ། །གཡས་པ་རྡོ་རྗེ་སྡིགས་མཛུབ་གཡོན། །བདུད་འདུལ་དྲག་པོ་ཁྱོད་ལ་བསྟོད། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་སྔོ། །ཀུན་ཀྱང་སྟག་དང་སྦྲུལ་གྱིས་བརྒྱན། །པདྨ་ཉི་མའི་གདན་ལ་བཞུགས། །བར་ཆད་ཞི་མཛད་ཁྱེད་ལ་བསྟོད། །སྟེང་གི་ཕྱོགས་ན་མཛེས་པ་ཡི། །གནས་གཙང་ལྷ་ཡི་བུ་གཉིས་པོ། །ལྷ་ཡི་བུ་ནི་གཉིས་པོ་ཡང་། །ལྷ་ཡི་རྒྱན་དང་ན་བཟས་མཛེས། །ཕྱག་ན་བདུད་རྩིའི་བུམ་པ་བསྣམས། །བདུད་རྩིའི་ཆར་འབེབས་ཀུན་ལ་སྙོམས། །དག་པའི་སྐུ་ལ་ཕྱག་འཚལ་བསྟོད། །གང་ཞིག་ནངས་ནངས་སྔར་ལངས་ཏེ། །བསྟོད་པ་འདི་ཡིས་དུས་ཀུན་ཏུ། །འཁོར་དང་བཅས་ལ་བསྟོད་གྱུར་ན། །བློ་དང་ཚེ་རྣམས་འཕེལ་བ་དང་། །དཔལ་དང་འབྱོར་པའི་དངོས་གྲུབ་སྟེར། །མཆོག་གི་དངོས་གྲུབ་འགྲུབ་པར་འགྱུར། །གུས་པས་སེམས་ཀྱིས་སྔར་ལངས་ནས། །རྩེ་གཅིག་སེམས་ཀྱིས་བསྟོད་པར་བྱ། །གཙུག་ཏོར་རྣམ་པར་རྒྱལ་མའི་བསྟོད་པ། སློབ་དཔོན་ཙནྡྲ་གོ་མཱིས་མཛད་པ་རྫོགས་སོ།། །།རྒྱ་གར་སྐད་དུ། ཨཱརྨ་ཏཱ་རཱ་སྟོ་ཏྲ། བོད་སྐད་དུ། །འཕགས་མ་སྒྲོལ་མ་ལ་བསྟོད་པ། ཨོ། འཁོར་བ་ལས་སྒྲོལ་ཏཱ་རེ་མ། །ཏུཏྟཱ་རེ་ཡིས་འཇིགས་བརྒྱད་སྒྲོལ། །ཏུ་རེས་ན་བ་རྣམས་ལ་སྒྲོལ། །སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །པདྨ་དཀར་པོའི་དབུས་གནས་པའི། །ཟླ་བའི་གཟུགས་ཀྱི་གདན་སྟེང་དུ། །རྡོ་རྗེ་


JKT001_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱིལ་ཀྲུང་བཅས་མཛད་མ། །མཆོག་སྦྱིན་མ་ལ་ཕྱག་འཚལ་ལོ། །སྟོན་ཀའི་ཟླ་བའི་མདངས་འདྲ་ཞིང་། །ཟླ་བ་ལ་ནི་རྒྱབ་བརྟེན་མ། །རྒྱན་རྣམས་ཐམས་ཅད་ཡོངས་སུ་རྫོགས། །ཨུཏྤལ་བསྣམས་ལ་ཕྱག་འཚལ་ལོ། བཅུ་དྲུག་ལོ་ལོན་ལུས་དང་ལྡན། །རྫོགས་སངས་རྒྱས་ཀུན་དེ་ཡི་སྲས། །འདོད་སྦྱིན་སྐུ་ནི་འཆང་བའི་ཡུམ། །འཕགས་མ་སྒྲོལ་མར་ཕྱག་འཚལ་ལོ། །འཁོར་ལོ་དཀར་པོ་འོད་ཟེར་དཀར། །རྩི་བའི་རྣམ་པ་ཅན། །འཁོར་ལོ་ཅན་ལ་ཕྱག་འཚལ་ལོ། །ཞེས་འཆི་མེད་གྲུབ་པའི་སློབ་དཔོན་ཆེན་པོ་ངག་གི་དབང་ཕྱུག་གྲགས་པའི་འཆི་བདག་སླ་བའི་རྟོག་པའི་མངོན་རྟོགས་བསྟོད་པར་ཁ་བསྒྱུར་བའོ། །གློག་དང་འདྲ་བའི་སྤྱན་མངའ་མ། །དཔའ་མོ་ཏཱ་རེ་ཏུཏྟཱ་རེ། །སངས་རྒྱས་ཞལ་གྱི་པདྨ་ཡི། །གེ་སར་ལས་བྱུང་ཁྱོད་ལ་འདུད། །སྟོན་ཀའི་ཟླ་བ་རྒྱས་པ་ཡི། །དཀྱིལ་འཁོར་དང་མཚུངས་ཞལ་མངའ་མ། །མཆོག་སྦྱིན་ཕྱག་རྒྱས་ཨུཏྤ་ལ། །བསྣམས་མ་ཁྱེད་ལ་ཕྱག་འཚལ་ལོ། །འཁོར་བའི་གཟེབ་ལས་ཏུཏྟཱ་རེ། སྭཱ་ཧཱས་ཉོན་མོངས་ཞི་བར་མཛད། །ཨོཾ་གྱི་ངོ་བོར་ཉིད་ཀྱིས་ནི། །ཚངས་པའི་སྒོ་འབྱེད་མ་ལ་འདུད། །འཇིགས་པ་ཆེན་པོ་བརྒྱད་རྣམས་ལས། །འཇིག་རྟེན་ཐམས་ཅད་སྐྱོབ་པར་མཛད། །ཀུན་གྱི་མར་གྱུར་བཅོམ་ལྡན་འདས། །སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །


JKT001_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པའང་ངག་དབང་གྲགས་པས་མཛད། ༈ །འཕགས་མ་སྒྲོལ་མ་སྒྲོལ་མཛད་ཡུམ། །ཡིད་བཞིན་འཁོར་ལོ་ཚེ་འཕེལ་མ། །ལྷ་མོ་ཁྱོད་ལ་གསོལ་བ་ནི། །བདག་གི་ཚེ་ཡི་བར་ཆད་དང་། །ནད་དང་སྡུག་བསྔལ་ཐམས་ཅད་ལས། །ནུས་ལྡན་ཁྱོད་ཀྱིས་བསྐྱབ་ཏུ་གསོལ། །མཆོག་དང་ཐུན་མོང་དངོས་གྲུབ་ཀུན། །མ་ལུས་བདག་ལ་གནང་བར་མཛོད། །འཕགས་མ་ཁྱེད་ལ་དད་བྱེད་པ། །དེ་ལ་རྟག་ཏུ་བུ་བཞིན་དགོངས། །བདག་ཀྱང་ཁྱོད་ལ་གསོལ་བ་འདེབས་ཀྱི། །ཐུགས་རྗེའི་ལྕགས་ཀྱུས་གཟུང་དུ་གསོལ། །ལྷ་མོ་སྐུ་མདོག་ཟླ་འདྲའི་མདོག །སྒེག་ཅིང་དུལ་བའི་ཆ་བྱད་ཅན། །གཟུགས་ལྡན་རིན་ཆེན་རྒྱན་གྱིས་སྤྲས། །མཛེས་པ་དར་གྱི་སྨད་གཡོགས་ཅན། །པདྨ་ཟླ་བའི་དབུས་གནས་སུ། །ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་མཛད། །ཞལ་གཅིག་ཕྱག་གཉིས་འཛུམ་བག་ཅན། །དུས་གསུམ་སངས་རྒྱས་སྐྱེད་པའི་ཡུམ། །ལྷ་མོ་ཁྱོད་ལ་རྟག་ཏུ་འདུད། །ཁྱེད་ལ་ཆ་ཙམ་བསྟོད་པ་ཡིས། །བདག་ཅག་བྱང་ཆུབ་སྒྲུབ་པ་ལ། །དུས་འདི་ནས་བཟུང་བྱང་ཆུབ་བར། །མི་མཐུན་རྐྱེན་རྣམས་ཞི་གྱུར་ཏེ། །མཐུན་རྐྱེན་ཕུན་སུམ་ཚོགས་པར་ཤོག །འདོད་གསོལ་འདི་འབྲོམ་སྟོན་པའི་གསུང་བྱིན་རླབས་ཅན་ཡིན་པར་ཡོངས་སུ་གྲགས་སོ།། །།

བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ལ་བསྟོད་པ་འཆི་མེད་ཟླ་གཞོན་གསར་པའི་རོལ་མོ།


JKT001_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ལ་བསྟོད་པ་འཆི་མེད་ཟླ་གཞོན་གསར་པའི་རོལ་མོ་ཞེས་བྱ་བ་བཞུགས་སོ།། །།རྒྱ་གར་སྐད་དུ། །ཏ་ཐཱ་ག་ཏཱ་པ་རི་མི་ཏཱ་ཨ་ཡུཛྙཱ་ན་སུ་བི་ནི་ཙིཏྟ་ཏེ་ཛོ་རཱ་ཛྷེ་སྟོ་ཏྲ་ནཱ་མ། བོད་སྐད་དུ། དེ་བཞིན་གཤེགས་པ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཤིན་ཏུ་རྣམ་པར་ངེས་པ་གཟི་བརྗིད་ཀྱི་རྒྱལ་པོ་ལ་བསྟོད་པ་ཞེས་བྱ་བ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཟག་མེད་ཡེ་ཤེས་དམ་པའི་སྣོད་གྱུར་ངོ་མཚར་མཚན་དཔེའི་འཇོ་སྒེག་ཅན། །གདུལ་བྱའི་དབང་པོར་འཚམས་པར་འཇུག་པའི་གསུང་གསང་བརྗོད་བྲལ་ནཱ་དའི་དབྱངས། །སྤྲོས་པའི་མཐའ་དང་མཛའ་བ་མ་ཡིན་རྣམ་པ་ཀུན་གྱི་མཆོག་ལྡན་ཐུགས། །མི་ཟད་རྒྱན་ཀྱི་འཁོར་ལོར་དགྱེས་རོལ་བདེ་ལྡན་ཞིང་གཙོ་ཚེ་མཐའ་ཡས། །གང་མཚན་ནོར་བུའི་དོ་ཤལ་གཡོ་བ་ལུས་ཅན་བསོད་ནམས་རྣ་ལུང་དུ། །དཔྱངས་པ་ཙམ་གྱིས་སྡུག་བསྔལ་གསུམ་གྱི་མྱ་ངན་གྲོང་ལས་དབུགས་འབྱིན་ནས། །འཆི་མེད་ཚེ་དང་ཡེ་ཤེས་མཆོག་གི་འདོད་དོན་ཅི་དགར་འཇོ་བ་ཡིས། །རེ་བའི་ཤིང་རྟ་ཕྱུར་བུར་འགེངས་ཕྱིར་སུ་ཞིག་རབ་ཏུ་བསྟོད་མི་བྱེད། །ཆོས་ཀྱི་འབྱུང་གནས་རྣམ་དག་བདེན་སྨོན་སྤྲིན་དཀར་མེ་ཏོག་འཇོ་བ་ལས། །གནས་ངན་ལེན་གྱི་རྡུལ་དང་མི་མཛའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག །བརྒྱད་ཅུ་རྩ་གཅིག་སངས་རྒྱས་ཞིང་བཀོད་ཡོན་ཏན་གཅིག་བསྡོམས་ཟ་མ་ཏོག །དག་པ་རབ་འབྱམས་དགའ་ཚལ་དམ་པར་


JKT001_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

ཕུལ་བྱུང་བསྔགས་འོས་བརྗོད་མི་ལོང་། །ཤིན་ཏུ་གཞོན་ཤ་ཆགས་པའི་ལག་མཐིལ་ཛམྦུ་ནཱ་དས་མདངས་པའི་དབྱིག །གང་གི་གཞིར་ཆགས་ཨཏྤལ་གྱིས་བསྲུངས་མནན་ནེམ་བཏེག་འཕར་ས་འཛིན་ངོས། །ཡན་ལག་བརྒྱད་ལྡན་ཅ་ཅོ་རྣམ་སྤངས་ཞི་བསིལ་བདེན་གཉིས་ཆོས་ཀྱི་སྒྲས། །ཀུན་རྨོངས་མ་རིག་གཉིད་ལས་སད་མཛད་བདེ་འཐུང་ཆུ་གཏེར་གཡོ་བའི་འགྲམ། །ཁེཌཱུརྨ་དང་ཨིནྡྲ་ནཱི་ལ་ཤེལ་དང་མརྒད་ལ་སོགས་པའི། །རིན་ཆེན་སྣ་ཚོགས་མན་ར་བ་ཡིད་འོང་གཡོ་བའི་བར་བར་ནས། །གསེར་གྱི་དྲ་བས་རྣམ་པར་སྦྲེལ་གྱུར་དྲི་བཞོན་ཕོ་ཉས་བསྐུལ་བ་ལས། །མཉན་པར་འོས་པའི་སྒྲ་དབྱངས་ཟད་མེད་ཆོག་མི་ཤེས་པར་ཀུན་ཏུ་སྒྲོགས། །དེ་དག་རྣམས་ཀྱི་ཡལ་འདབ་གཞོན་ནུས་བསྟི་སྟང་བྱས་པའི་དོ་ཀེར་རྩེར། །ཤིན་ཏུ་རབ་སྒེག་ངང་ཚུལ་ཞི་ཞིང་ཕན་ཚུལ་རྩེ་བའི་ཤ་ཀུ་ན༔ །གཙུག་ཕུད་མདངས་ཅད་མརྒད་གཤོག་ལྡན་མགྲིན་པའི་རྫ་རྔ་འཁྲོལ་ལ་སོགས། །སྣ་ཚོགས་ཤིང་རྟའི་གླུ་དབྱངས་ལས་ལྷག་རབ་སྙན་རོལ་མོས་ཡོངས་སུ་བཀང་། །དེ་ན་ཐུན་མཚམས་མངའ་བ་མ་ཡིན་ཁོར་ཡུག་འོད་སྣང་ཕྲེང་བས་གཏམས། །མཆོག་ཏུ་མཛེས་པའི་དགའ་ཚལ་ལས་བྱུང་འདོད་པའི་ཡོན་ཏན་གཞལ་དཀའ་བ། །གཞན་འཕྲུལ་དབང་བྱེད་བཀོད་པས་མི་བསྐྲུན་ཕུན་སུམ་ཚོགས་པའི་བདེ་བ་ཆེར། །ངོམས་པ་མེད་པར་ལོངས་སུ་སྤྱོད་ཕྱིར་


JKT001_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་གྱི་སྤྲིང་ཡིག་རྣམ་པར་གསལ། །མདོར་ན་ཀུན་མཁྱེན་ཡེ་ཤེས་ཀྱིས་སྦྱངས་དག་པའི་རྡུལ་བྲལ་སྤྱན་རྣོན་པོས། །ཕྱོགས་བཅུའི་ཞིག་ཁམས་རྒྱ་མཚོར་བཙལ་ཀྱང་མཚུངས་ཟླས་དབེན་པར་རབ་གཟིགས་ནས། །མཆོག་ཏུ་བསྔགས་པའི་སྤྲིན་གྱི་མེ་ཏོག་རྨད་བྱུང་འཇོ་བའི་ངོ་མཚར་ཁུར། །ནོར་འཛིན་བུ་མོས་ཐེག་པར་དཀའ་བའི་དོགས་པས་རིང་དུ་འདར་བ་བཞིན། །གང་ན་རིན་ཆེན་སྣ་ཚོགས་ཕ་གུས་རྣམ་པར་བརྩེགས་པའི་གཞལ་ཡས་ཁང་། །འཆི་མེད་གྲུབ་པའི་གྲོང་ཁྱེར་ལས་ལྷག་བྱང་ཆུབ་ཕྱོགས་ཆོས་ཡོངས་རྫོགས་དབུས། །མདངས་ལྡན་གཞོན་ནུའི་རོལ་སྒེག་གིས་བསྟེན་ནོར་བུའི་བ་གམ་གཡོ་བའི་ཁྲིར། །ལོ་འདབ་གོས་བཟང་མངོན་པར་འཛིན་པའི་ཆུ་སྐྱེས་སར་པའི་འཛུམ་ཕྲེང་གིས། །ཐིག་ལེ་མཆོག་མའི་ལང་ཚོ་སྨ་དབབ་ལྟ་ན་སྡུག་དེའི་དཔལ་འཕྲོག་ཕྱིར། །པདྨའི་རྩ་ལག་ཀུནྡཱའི་བཤེས་ཟུང་དོ་ཟླར་ལྷགས་པའི་དེ་མ་ཐག །གང་གི་ཞལ་བཟང་ལྟ་བས་མི་ངོམས་འོད་ཟེར་བརྒྱ་ཕྲག་གཡོ་བའི་དཔལ། །ཆ་ཤས་ཙམ་ཡང་བཟོད་པར་མ་ནུས་ཞབས་མཐིལ་འཁོར་ལོར་ཡིབས་པ་བཞིན། །བྱེ་རུའི་ལྷུན་པོ་ཉི་གཞོན་འཆར་ཀའི་དྲྭ་བས་མཛེས་པའི་ལང་ཚོ་ལྟར། །ཀུན་ཏུ་རབ་དམར་གཟུགས་སྐུའི་དཀྱིལ་འཁོར་མཐོང་ན་མི་མཐུན་བྲལ་བ་དེར། །མཚན་དཔེའི་འཇོ་སྒེག་གསལ་པས་འཁྱུད་གྱུར་འོད་ཟེར་དཔག་མེད་ཕྲེང་བ་ཡིས། །


JKT001_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་བཅུའི་ཁྱོན་ཀུན་ཡོངས་སུ་རབ་འགེངས་སྒྲིབ་པའི་མུན་པ་རྣམ་པར་བཅོམ། །ཐལ་མོའི་ཨུཏྤལ་དམར་པོ་ཕན་ཚུན་མཉམ་བཞག་གིས་སྦྲེལ་ཆུ་སྐྱེས་སྦུབས། །སྣ་ཚོགས་དར་གྱི་ལོ་འདབ་རབ་གཡོ་པདྨ་རཱ་གའི་ཀ་ལ་ཤ། །སྲིད་ཞིའི་བཅུད་བསྡུས་འཆི་མེད་ཆུ་གཏེར་རིང་འཚོའི་ཟླ་ཤེལ་འཛུམ་དཀར་ཅན། །འགྲོ་ཀུན་ཚེ་ཡི་ཀུ་མུ་དཱ་དཔལ་ཡིད་འོང་དབྱེ་བའི་བྱེད་པོར་གྲུབ། །ཞལ་གྱི་དཀྱིལ་འཁོར་བནྡྷ་ཛཱི་བའི་འདབ་བརྒྱ་དགོད་པའི་སྤྱན་རས་ཟུང་། ཀུན་ནས་དཀྱུས་རིང་རྟག་ཏུ་འགྲོ་ལ་རྗེས་སུ་ཆགས་པའི་རོལ་སྒེག་ཅན། །དབུ་སྐྱེས་མཐོན་མཐིང་ཨུཏྤལ་གཞོན་ནུ་སྣ་ཚོགས་རིན་ཆེན་དྲྭ་བ་ཡིས། །རྣམ་པར་བཅིངས་བྱས་རལ་པའི་གདེངས་ཀ་དགོས་འབྱུང་ནོར་བུའི་རྒྱན་གྱིས་སྤུད། །དབང་པོའི་གཞུ་ལྟར་ཁ་དོག་ཡིད་འོང་ལྕིད་ཀྱིས་ནོན་སྤངས་རེག་བྱ་ཡི། །སྟོད་གཡོགས་སྨད་དཀྲིས་མཛེས་པར་འཆང་ཞིང་དོ་ཤལ་དཔུང་རྒྱན་གདུ་བུ་སོགས། །རིན་ཐང་བྲལ་བའི་རཏྣའི་རྒྱན་དང་མེ་ཏོག་ཕྲེང་བའི་ཚངས་སྐུད་རྣམས། །བྱང་ཆུབ་ཡན་ལག་བདུན་གྱི་མཚོན་བྱེད་གང་སྐུའི་གསང་བར་ཡོངས་སུ་འཛིན། །དེ་ནི་མཐའ་གཅིག་ཁོ་ན་ཉིད་མོད་གཞན་དུ་ཚོགས་གཉིས་ཆུ་གཏེར་ཆེ། །བསྐལ་པར་གོམས་པའི་མནྡཱ་རས་བསྲུབས་ཟག་བྲལ་ཟླ་བའི་ལང་ཚོ་ལ། །སྐྱེ་དང་འབྲེལ་སོགས་དོན་ལ་མེད་ཀྱང་སྣང་ཚུལ་རྣམ་མང་སྤྲུལ་པའི་གར། །


JKT001_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

ཉན་རང་སོ་སྐྱེའི་བློ་ལས་འདས་དེར་རབ་གུས་ཀུ་མུད་འཛུམ་ཕྲེང་དགོད། །གསུང་གི་གསང་བ་མཆོག་ཏུ་མི་འགྱུར་སྒྲ་དང་སྒྲ་མིན་རྣམ་དཔྱད་ལས། །ཡོངས་སུ་བརྒལ་ཡང་ཐ་དད་རྟོག་པའི་རྗེས་སུ་འགྲོ་བའི་ནཱ་དའི་དབྱངས། །ཡན་ལག་དྲུག་ཅུའི་འཇོ་སྒེག་གིས་འཁྱུད་བདེན་གཉིས་ཆོས་ཚུལ་རྒྱ་མཚོ་ཡིས། །ཐར་པ་མཆོག་གི་གོ་འཕང་ལ་སྦྱོར་འབྲས་བུའི་ཁུར་གྱིས་ལྕི་ལ་འདུད། །རྟག་ཆད་གདོན་དང་མཛའ་བ་མ་ཡིན་སྤྲོས་པ་ཀུན་བྲལ་དེ་བཞིན་ཉིད། །གཅིག་པུ་ཉིད་མིན་དུ་མ་ལས་འདས་བསམ་གྱིས་མི་ཁྱབ་ཡེ་ཤེས་ནི། །སོ་སོ་ཡང་དག་རིག་པའི་རང་བཞིན་ཇི་ལྟ་ཇི་སྙེད་མཁྱེན་དང་བརྩེའི། །ཐུགས་རྗེའི་རྣམ་རོལ་བྲི་གང་མེད་པར་ལྷུན་གྱིས་གྲུབ་པ་མཆོག་ལ་འདུད། །ཕྱོགས་བཅུའི་ཞིང་བཞུགས་གངྒའི་བྱེ་སྙེད་དེ་བཞིན་གཤེགས་པའི་ཚོགས་རྣམས་ཀྱང་། །ཁྱོད་ཀྱི་སྤངས་རྟོགས་རྗེས་སུ་བསྔགས་པའི་རོལ་མོ་རྣམ་པར་འཁྲོལ་བ་དང་། །མིག་མི་འཛུམ་དང་གསང་བ་འཛིན་སོགས་བྱང་ཆུབ་སེམས་དཔའི་ཁྱུ་མཆོག་གིས། །སྤྱི་བོར་ཞབས་མཐིར་འཁོལ་ལོ་ལ་བཏུད་ཡོན་ཏན་དཔག་ཡས་དེ་ལ་འདུད། །འདི་ན་སྣ་ཚོགས་ལས་ཀྱི་ཕྱི་བཞིན་རྣམ་པར་འཁྱམས་པའི་འགྲོ་བ་ཀུན། །སྒྲིབ་གཉིས་ཉོན་མོངས་ལིང་ཏོག་གིས་ལྡོང་ཐར་པའི་ལམ་ལས་ཕྱིར་ཕྱོགས་པར། བརྩེ་ཆེན་ཐུགས་རྗེའི་ཞགས་པས་འཛིན་ཕྱིར་སྣ་ཚོགས་སྤྲུལ་པའི་ཟློས་གར་ནི། །སེམས་ཅན་


JKT001_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་དང་མཐུན་པར་འཇུག་པའི་ཕྲིན་ལས་མཆོག་མངའ་ཁྱོད་ལ་འདུད། །དེ་ལྟར་གསེར་གྱི་མངལ་ཅན་བློས་ཀྱང་གཞལ་བར་མི་ནུས་ཡོན་ཏན་ཕུལ། །ཟླ་བས་འཕེལ་བའི་གཏིང་ལས་རབ་ཟབ་ཀུན་གསལ་ཁམས་ལས་རྒྱ་ཆེ་བའི། །རྣམ་པར་ཐར་པ་སོ་སྐྱེའི་ཡིད་ངོར་ཆ་ཤས་ཕྲ་བའང་མི་མཐོང་མོད། །འདིར་ནི་རྟག་ཏུ་དད་པའི་དབང་གྱུར་བསྟོད་ཚིག་རོལ་མོ་གསར་པས་མཆོད། །སྙན་པའི་སྒྲ་དབྱངས་དྲི་བཞོན་དགའ་མ་དལ་བུར་གཡོ་བའི་འཇོ་སྒེག་གིས། །ཀུན་ནས་མཁྱེན་པའི་ཡེ་ཤེས་ཆེ་ལྡན་ཐུགས་རྗེའི་སྤྲིན་དཀར་ལ་འཁྱུད་པས། །རྗེས་སུ་བརྩེ་བའི་སྙིང་རྗེའི་དབང་གྱུར་གློག་ཕྲེང་དོ་ཤལ་གཡོ་བ་དང་། །ལྷན་ཅིག་བདག་བློའི་ཆུ་སྐྱེས་མཛེས་པར་ཕན་བདེའི་བདུད་རྩིས་བརླན་གྱུར་ཅིག །གནས་སྐབས་གང་མཚན་དཔལ་གྱི་དུམ་བུའི་བསིལ་ངད་ལས་ལྷག་ཟླ་གཞོན་ཟེར། །བརྒྱད་གཉིས་འཇིགས་པའི་ཚ་གདུང་གིས་ཉེན་ས་ཡི་གདུ་བུ་ལ་རྩེན་པས། །མི་མཐུན་ཚོགས་ཀུན་ཡོངས་སུ་བཅོམ་སྟེ་མཐོ་རིས་ཡོན་ཏན་བདུན་ལ་སོགས། །ལེགས་ཚོགས་འདབ་མའི་འཛུམ་ཕྲེང་གྲོལ་བས་ཀུན་ཡིད་དགའ་བ་སྦྱིན་གྱུར་ཅིག ། ཁྱད་པར་སྲིད་དང་ཞི་བར་ཡོངས་ཁྱབ་རིང་འཚོའི་ཆུ་གཏེར་འཕྱུར་བ་ཉིད། །ཁྱོད་སྐུའི་འོད་ཟེར་རྣམ་པར་གཡོ་བའི་མནྡཱ་ར་ཡིས་བསྲུབས་པ་ལས། །ཕུན་ཚོགས་བདུད་རྩིའི་སྣང་བས་རབ་མཛེས་འཆི་མེད་གྲུབ་


JKT001_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཀརྤཱུར་དབང་། །རབ་ཏུ་གུས་པས་བསྟོད་པ་ལྷུར་ལེན་སྐལ་བཟང་བདེ་འབྱུང་རལ་རྩེར་སྩོལ། །དེ་མཐུས་འཚོ་བའི་འཁྲི་ཤིང་ཡིད་ཡོང་གཡོ་མེད་གཅིག་ཏུ་བཙུགས་པའི་མོད། མི་བགྲེས་ལང་ཚོའི་མེ་ཏོག་འཛུམ་དཀར་ཐར་པ་ཉིན་མོའི་ཕྱོགས་སུ་གྲོལ། །ལུང་རྟོགས་འབྲས་བཟང་ཁུར་གྱིས་རབ་དུད་ལྷ་དང་བཅས་པའི་འགྲོ་ཀུན་ལ། །དགའ་དང་གཏན་བདེའི་ནོར་གྱིས་ཚིམ་བྱེད་ཡོན་ཏན་མཆོག་གིས་ལྕི་བར་ཤོག ། གང་སྐུ་ཡིད་འོང་མཚན་དཔེའི་རླབས་ཕྲེང་ལྟ་ན་སྡུག་པའི་ཞིང་ཁམས་བཅས། །རྟག་ཏུ་གསལ་བཏབ་གསང་སྔགས་མཆོག་བཟླས་ཟབ་མོའི་ཏིང་འཛིན་ལ་གཞོལ་ཚེ། །དཔག་མེད་འདྲེན་པ་ཀུན་གྱི་འཁོར་བཅས་བྱེ་རུའི་ཞལ་བཟང་གཡོ་བའི་རྡུལ། །མངོན་སུམ་མིག་གི་བདུད་རྩིར་བཏུང་བས་དོན་གཉིས་ལང་ཚོ་རྒྱས་གྱུར་ཅིག །གཞན་ཡང་ཐོས་བསམ་སྒོམ་པའི་ཆུ་གཏེར་རླབས་ཆེན་འཕྱུར་བ་ལས་ཐོན་པའི། །རྩོད་འཆད་རྩོམ་སོགས་ལུང་རྟོགས་ཆོས་ཚུལ་འོད་ཟེར་འབུམ་ཕྲག་བཞུ་བའི་རྡུལ། །འཁོར་ལོ་གསུམ་ལྡན་དགེ་འདུན་འདུས་པའི་བློ་མཆོག་སྤོབས་པས་བཟུང་བ་ལས། །རྒྱལ་བསྟན་རིན་ཆེན་པདྨའི་དགའ་ཚལ་དར་བབས་གཡོ་བའི་རྒྱུར་གྱུར་ཅིག །ཤིན་ཏུ་དབེན་པའི་ནགས་ཀྱི་སྤྱིལ་པོར་ཀུ་ཤ་འཇམ་པོའི་གདན་གྱི་སྟེང་། །དག་བྱེད་ཁྲུས་བཏུང་དཀའ་ཐུབ་ལ་གནས་དྲང་སྲོང་ཆེན་པོའི་ངང་ཚུལ་ལྟར། །གཅིག་ཏུ་ངེས་


JKT001_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་སེམས་ཀྱིས་རབ་བསྐུལ་ཐར་པ་དོན་དུ་གཉེར་རྣམས་ཀྱི། །སྦྱངས་པའི་ཡོན་ཏན་ཆ་ཤས་ཀུན་གང་ངེས་ལེགས་ཐེམ་སྐས་ལ་འཛེག་ཤོག །ནམ་ཞིག་བདག་གཞན་འདིར་སྣང་རྫོགས་ཏེ་སྲོག་གི་དབང་པོ་སྡུད་པའི་ཚེ། །མགོན་པོ་གང་གིས་དགྱེས་པའི་ཕྱག་གིས་འཁོར་བའི་གཡང་ས་ལས་དྲངས་ཏེ། །ཡོན་ཏན་བཀོད་པ་གཞལ་གྱིས་མི་ལོང་དག་པའི་ཞིང་དེར་པདྨོའི་སྦུབས། །མཚན་དཔེའི་ལུས་མཆོག་རྣམ་པར་འཛིན་ནས་ཁྱོད་ཞབས་རྟག་ཏུ་བསྙེད་པར་ཤོག །དེ་ལྟར་བསྟོད་བསྔགས་འོད་ཟེར་ཕྲེང་ལྡན་ཟླ་ཤེལ་མྱུ་གུ་གསར་པའི་གཟུགས། །ཤིན་ཏུ་གུས་པའི་བདེ་འབྱུང་རལ་རྩེར་བྲལ་ཐོབ་སྤངས་པར་སོན་པ་ལས། །ཚེ་བསོད་དཔལ་འབྱོར་ཀུ་མུད་འཛུམ་དཀར་ཡིད་འོང་བྱེ་བའི་དེ་མ་ཐག །རྣམ་པ་ཐམས་ཅད་མཁྱེན་པའི་གེ་སར་རྟག་ཏུ་ལྕི་བ་ཐོབ་པར་འགྱུར། །དེ་ལྟར་བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཤིན་ཏུ་རྣམ་པར་ངེས་པ་གཟི་བརྗིད་ཀྱི་རྒྱལ་པོ་ལ་བསྟོད་པའི་རབ་ཏུ་བྱེད་པ་འཆི་མེད་ཟླ་གཞོན་གསར་པའི་རོལ་མོ་ཞེས་བྱ་བ་འདི་ནི། བདེ་བ་ཅན་གྱི་ཞིང་གི་བཀོད་པ་རྟེན་དང་བརྟེན་པར་བཅས་པ་དང་མཐུན་ཞིང་མངོན་རྟོགས་དག་གི་དོན་དང་ཡང་མི་འགལ་བར་གཞོན་ནུ་ཨ་བྷ་ཡས་རང་ལོ་བཅོ་བརྒྱད་པར་ཀྲྀ་ཥ་བྷ་ཞེས་ཁྱུ་མཆོག་ཟླ་བའི་དགའ་བ་གཉིས་པའི་གྲལ་ཚེས་དགེ་བར་ཡོངས་སུ་འགྲུབ་པར་བགྱིས་པའི་དགེ་བས་གནས་སྐབས་ལུས་ཅན་ཐམས་ཅད་སྡུག་བསྔལ་གསུམ་གྱི་ཆུ་གཏེར་ལས་བསྒྲལ་ནས་མཐར་ཐུག་ཐམས་ཅད་མཁྱེན་པའི་གྲོང་ཁྱེར་དུ་དབུགས་འབྱིན་ཐོབ་པའི་རྒྱུར་གྱུར་ཅིག། །།

འཕགས་མ་གཙུག་ཏོར་རྣམ་རྒྱལ་ལ་བསྟོད་པ་འཆི་མེད་གྲུབ་པ་སྤྲིན་གྱི་རོལ་མོ།


JKT001_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་མ་གཙུག་ཏོར་རྣམ་རྒྱལ་ལ་བསྟོད་པ་འཆི་མེད་གྲུབ་པ་སྤྲིན་གྱི་རོལ་མོ་ཞེས་བྱ་བ་བཞུགས་སོ།། །།རྒྱ་གར་སྐད་དུ། །ཨཱརླ་ཨུཏྟཱི་ཥ་བི་ཛ་ཡཱི་སྟོ་ཏྲ་ནཱ་མ། བོད་སྐད་དུ། འཕགས་མ་གཙུག་ཏོར་རྣམ་རྒྱལ་ལ་བསྟོད་པ་ཞེས་བྱ་བ། །ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །བློ་ལྡན་གང་ཞིག་མཚན་ཙམ་འཛིན་ནམ་འོན་ཏེ་ཐོས་པ་དག་གིས་ཀྱང་། །སྣ་ཚོགས་འཇིགས་རྟེན་སྡུག་བསྔལ་ཚོགས་ཀུན་ཉེ་བར་བཅོམ་པའི་དེ་མ་ཐག །འཆི་མེད་ཚེ་དང་རྒ་ན་རྒུད་པའི་རྐྱེན་གྱིས་མི་འཕྲོག་ལང་ཚོའི་སྟོབས། །དད་དང་ཤེས་རབ་བསོད་ནམས་འབྱོར་པ་མངོན་དུ་སྩོལ་མཛད་དེ་བསྟོད་བྱ། །གཟོད་མ་ཉིད་ནས་བསྐལ་པ་དུ་མར་ཚོགས་གཉིས་ཆུ་གཏེར་བསྲུབས་པ་ལས། །ཐར་པ་མཆོག་གི་ཆ་ཤས་ཡོངས་གང་བྱང་ཆུབ་ཕྱོགས་ཀྱི་ཆོས་རྣམས་ཀྱི། །རི་དྭགས་གཞོན་ནུའི་རྟགས་ཀྱིས་མངོན་རོལ་བདེ་གཤེགས་ཆོས་སྐུའི་རྟེན་མཆོག་གི ། གཞལ་ཡས་ཁང་ཆེན་མི་མཐུན་ཕྱོགས་ལས་རྣམ་པར་རྒྱལ་བ་དེ་ལ་འདུད། །དེ་དབུས་ཆར་སྤྲིན་དཀར་པོའི་བར་བར་ཨུཏྤལ་དམར་པོས་མདངས་པ་བཞིན། །སྲབ་འཇམ་མཉེན་ལྕུག་མཆོག་ཏུ་ཡིད་འོང་འདབ་


JKT001_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་རྒྱས་པའི་ཆུ་སྐྱེས་རྩེར། །བརྒྱད་གཉིས་ཆ་ལྡན་རྙོག་པའི་ར་རི་ཀུན་ནས་བྲལ་བའི་དཔལ་དེ་ཡིས། །ཁྱོད་ཞབས་འཁོར་བའི་རེ་ཁཱས་མཚན་པ་ཉེ་བར་བསྟེན་པ་དེ་ལ་འདུད། །གང་སྐུ་སྟོན་ཟླ་ཆ་རྫོགས་འོད་ཟེར་བརྒྱ་སྟོང་བརྩེགས་པའི་དཔལ་ལྟར་གསལ། །སྤྱན་གྱི་གེ་སར་རྣམ་པར་མཛེས་ལྡན་འགྲོ་ལ་རྗེས་སུ་བརྩེ་བའི་གཟུགས། །གནག་སྣུམ་རལ་པའི་ཆུན་པོ་གཡོ་བ་པུཎྜ་རཱི་ཀས་རྣམ་བཅིངས་རྩེར། །ཆོས་དབྱིངས་ཡེ་ཤེས་མཚན་དཔེའི་ཟློས་གར་རིགས་ཀྱི་བདག་པོ་འཛིན་དེར་འདུད། །རྩ་བའི་ཞལ་ནི་ཆུ་ཤེལ་ཇི་བཞིན་གཡས་པ་ཛམ་བུའི་གསེར་གྱི་མདོག །གཅིག་ཤོས་ཨིནྡྲ་ནཱི་ལའི་འོད་ལྟར་ཀུན་ཏུ་སྔོ་བའི་གཟི་བརྗིད་ཀྱིས། །ལོག་འདྲེན་ཚོགས་ཀུན་རྣམ་པར་འཆིང་བའི་ཞགས་པ་ཉིད་དོ་དེ་ལྡོག་པའི། །ཡོན་ཏན་མ་ལུས་མངོན་དུ་འགུགས་བྱེད་དབང་གི་མཆིལ་པ་རྣོན་པོའང་ལགས། །རྣམ་པར་ཐར་པ་གསུམ་དང་ལྡན་པའི་སྤྱན་གྱི་ཡེ་ཤེས་མེ་བོ་ཡིས། །སྡུག་བསྔལ་གསུམ་གྱི་གཅོང་རོང་གཏིང་ཟབ་འཁོར་བའི་ཚང་ཚིང་བསྲེགས་ནས་སླར། །དུས་གསུམ་ཀུན་ཏུ་ཇི་ལྟ་ཇི་སྙེད་མཁྱེན་པའི་ཡེ་ཤེས་སྣང་བ་དེས། །ཁམས་གསུམ་འཛིན་པའི་རབ་རྨོངས་མུན་པ་ཡོངས་སུ་བསལ་མཛད་དེ་ལ་འདུད། །ཕྱག་གི་དཀྱིལ་འཁོར་བརྒྱད་ཀྱི་གཡས་པར་ཕྲིན་ལས་བཞི་སྟེར་རྡོ་རྗེ་དང་། །པདྨ་དཀར་པོའི་ཞབས་མཐིལ་མངོན་བསྟེན་བཅོམ་


JKT001_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འོད་སྣང་མཐའ་ཡས་ཆེ། །དུས་མ་ཡིན་པའི་ཉི་བུའི་སྙིང་འབིགས་མྱུར་དུ་འགྲོ་བའི་མཚོན་ཆའི་དཔལ། །ཐར་པའི་དཔལ་ཀུན་ཡོངས་སུ་སྟེར་བྱེད་མཆོག་སྦྱིན་ཕྱག་རྒྱས་མཛེས་དེར་འདུད། །གཅིག་ཤོས་དང་པོར་བགེགས་ཀྱི་ཚོགས་ཀུན་གཟིར་དང་འགུགས་པའི་སྡིགས་མཛུབ་ཞགས། །སྙིང་རྗེ་ཆེན་པོས་འགྲོ་ཀུན་སྡུད་མཛད་ཤེས་རབ་མཆོག་གི་རཏྣའི་གཞུ། །སྐྱེ་རྒ་ན་འཆིའི་སྡུག་བསྔལ་དབུགས་འབྱིན་ཐར་པའི་དཔལ་སྟེར་མི་འཇིགས་རྒྱ། །ལས་དང་ཉོན་མོངས་སྒྲིབ་གཉིས་འཁྲུད་མཛད་བདུད་རྩིའི་བུམ་བཟང་འཛིན་དེར་འདུད། །བརྟེན་པ་མེད་པར་མཁའ་དབྱིངས་ལ་ཤར་དབང་པོའི་གཞུ་ཡི་ཞུན་མ་ཡིས། །ཁ་དོག་བསྒྱུར་འདྲའི་ལྷ་རྫས་རེག་བྱ་ལྕིད་ཀྱིས་སྤངས་པའི་ཤམ་ཐབས་དང་། །ག་བུར་འཛིན་པའི་ཚོན་གྱིས་མངོན་བསྒྱུར་སྟོད་གཡོགས་སར་པས་མཛེས་བྱས་ཤིང་། །ཡན་ལག་འཁྲི་ཤིང་རིན་ཆེན་དྲྭ་བའི་རྒྱན་ཀྱིས་ཀུན་ཏུ་སྤྲས་ལ་འདུད། །འཁོར་གྱི་ཚོགས་ནི་སྙིང་རྗེའི་གཏེར་འཛིན་འཕགས་པ་མཆོག་དང་གསང་བའི་བདག །བསྡུ་དངོས་བཞི་ཡི་རང་བཞིན་ལས་སྐྱེས་ཉོན་མོངས་བདུད་དགྲ་ཀུན་བཅོམ་པའི། །མི་གཡོ་མགོན་དང་འདོད་པའི་རྒྱལ་པོ་དབྱུག་སྔོན་བཟུང་དང་སྟོབས་པོ་ཆེ། །མེ་ཏོག་ཕྲེང་འཛིན་གཙང་རིས་ལྷ་བུ་གཞོན་ནུ་གཉིས་བཅས་ཀུན་ལ་འདུད། །གང་ཞིག་ཀུན་ཏུ་ཉེ་བར་རབ་ཞི་གདོད་ནས་རྣམ་དག་ཡེ་ཤེས་


JKT001_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །སྣ་ཚོགས་གཟུང་འཛིན་སྤྲོས་པ་ཀུན་བྲལ་འོད་གསལ་དབུ་མའི་ཆོས་ཉིད་ཅན། །འཕོ་འགྱུར་མེད་བཞིན་གང་འདུལ་མཛད་པ་ལྷུན་གྱིས་གྲུབ་པར་རྟག་འཇུག་པའི། །ཟག་བྲལ་མཆོག་གི་ཡོན་ཏན་གྱིས་དགྱེས་གཙུག་ཏོར་ཆོས་ཀྱི་སྐུ་ལ་འདུད། །སྨོན་ལམ་སྟོབས་ཀྱིས་མངོན་པ་སྐྱེད་བསྲིངས་དཔག་ཡས་དག་པའི་ཞིང་ཁམས་སུ། །རྨད་བྱུང་ཚོགས་གཉིས་བྱེད་པོས་རབ་བསྐྲུན་མཚན་དཔེའི་འོད་ཟེར་དྲྭ་བ་ཡིས། །ཁྲག་ཁྲིག་བདུད་ཀྱི་མུན་པ་ཕམ་བགྱིད་གདུལ་བྱའི་ཁམས་དབང་བསམ་པ་དང་། །རྗེས་སུ་མཐུན་པར་དགའ་བས་ཚིམས་མཛད་གཙུག་ཏོར་ལོངས་སྤྱོད་རྫོགས་ལ་འདུད། །འགྲོ་འདིའི་ཀུན་རྟོག་རྒྱ་མཚོའི་རླབས་བཞིན་ཐ་དད་བར་མེད་མངོན་འཕྱོ་བ། །རྒ་ན་འཆི་དང་སྐྱེ་བ་ལ་སོགས་སྡུག་བསྔལ་འཛིན་ཁྲིའི་གྲོང་ཁྱེར་ཅན། །དེ་ལས་སྣ་ཚོགས་ཐབས་ཚུལ་དུ་མའི་མཛད་པ་དཔག་ཡས་རིན་ཆེན་གྲུས། །ཞི་བདེ་ཐར་པའི་གླིང་དུ་འདྲེན་མཛད་གཙུག་ཏོར་སྤྲུལ་པའི་སྐུ་ལ་འདུད། །འོད་སྣང་མཐའ་ཡས་ཚེ་དཔག་མེད་མགོན་གཙུག་ཏོར་གདེངས་ཀའི་ཆུ་གཏེར་ལས། །ཐབས་དང་ཤེས་རབ་མི་ཕྱེད་འདྲེས་གྱུར་ཐུགས་རྗེ་ཆེན་པོའི་ཟླ་ཤེལ་དབང་། །མངོན་པར་འཐོན་གང་ཕན་དང་བདེ་བའི་འཛུམ་ཟེར་གསལ་པའི་འཇོ་སྒེག་གིས། །སྲིད་པའི་མུན་ནག་ཕུང་པོར་རྣམ་རྒྱལ་ཞི་བའི་ཀུ་མུད་བཞད་དེར་འདུད། །གང་གསུང་སྒྲ་དང་


JKT001_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་གིས་མི་མཚོན་ལུང་རྟོགས་ཆར་སྤྲིན་རོལ་མོ་ནི། །སྐལ་བཟང་གཉིས་སྐྱེས་རྣ་བའི་བཅུད་ལེན་རྟག་པར་སྦྱིན་པའི་དེ་མ་ཐག །བྱང་ཆུབ་སྤྱོད་པའི་སྒྲོ་གཤོག་ཟླུམ་པོས་གྲུབ་གཉིས་རོལ་གར་བསྒྱུར་བ་དང་། །ལྷན་ཅིག་རྣམ་གྲོལ་མཆོག་གི་མངལ་ཁུར་མངོན་པར་འཛིན་མཛད་དེ་ལ་འདུད། ཁྱོད་ནི་འཇིག་རྟེན་གསུམ་གྱི་ཐོར་ཚུགས་རིན་ཆེན་དྲྭ་བས་སྤ་བ་དེར། །ཞབས་མཐིལ་བཀོད་ལ་ངོ་མཚར་ཅི་ཞིག་དེ་ཀུན་འདྲེན་པའི་རྒྱལ་བ་ཡིས། །ཐུགས་རྗེ་སྐུ་མཛད་ཡེ་ཤེས་རབ་སྐྱེད་ཡུམ་གྱུར་ཤེས་རབ་ཕར་ཕྱིན་དང་། །གཉིས་སུ་མ་ཡིན་མཉམ་པར་བཞུགས་པའི་ངོ་མཚར་མཆོག་དེར་བསྟོད་པར་བགྱི། །རྟག་ཏུ་མི་འབྲལ་ཏིང་འཛིན་བྱེད་པོས་ཁྱོད་སྐུ་རབ་མཛེས་ལྷུན་སྟུག་པ། །ཡིད་ཀྱི་ཐིག་ལེར་རོ་གཅིག་བཀོད་ཅིང་གྲགས་སྟོང་གསང་སྔགས་རོལ་མོ་ནི། །མགྲིན་པའི་རྒྱན་དུ་བར་མེད་འཁྲོལ་བས་དགྱེས་བའི་སྤྱན་ཟུར་གཡོ་བའི་འོད། །གུས་པ་ཆེན་པོའི་ཆུ་སྐྱེས་རྩེར་སོན་དགེ་མཚན་འདབ་བརྒྱ་དགོད་པར་ཤོག །བརྟན་གཡོའི་འབྱུང་ལྔའི་དངས་མ་ཀུན་དང་ཕུན་ཚོགས་རིང་འཚོའི་ཟིལ་དངར་གྱིས། །སྲོག་གི་མདུད་པ་དམ་པོར་བཅིངས་གྱུར་ལྷ་དང་དྲང་སྲོང་གྲུབ་པའི་སྡེ། །སྐྱེ་སོགས་བརྒལ་དཀའི་ཕ་མཐར་སོན་པའི་སྲས་བཅས་རྒྱལ་བའི་ཐུགས་རྗེའི་དཔལ། །ཀུན་ནས་བསྡུས་ཏེ་རྣལ་འབྱོར་ལ་བརྩོན་སྐལ་བཟང་འགྲོ་ལ་རྒྱ་ཆེར་སྩོལ། །དེ་མཐུས་མི་


JKT001_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

བགྲེས་ལང་ཚོའི་སྟོབས་ཀྱིས་གཉིས་འཐུང་དབང་པོ་ཟིལ་གནོན་ཞིང་། །བསྲུབས་སྐྱེས་བདུད་རྩིའི་བཅུད་ལེན་གྲུབ་བཞིན་བསྐལ་པར་མི་ཤིགས་རྡོ་རྗེའི་སྲོག །ཚེ་གྲངས་མེད་པར་ཀུན་ནས་ཐོབ་པའི་ལྷ་ཡི་ཚལ་སྐྱེས་གོ་བི་དཱ། །བསོད་ནམས་ཡེ་ཤེས་ལོ་འདབ་རབ་གཡོ་མཆོག་གི་འབྲས་བུ་འཛིན་པར་ཤོག །ཁྱད་པར་དུས་མིན་འཆི་བའི་འཇིགས་སྟེར་ཤ་ཟ་ཁྲོས་པའི་གདོང་པ་ལྟའི། །ནད་ཀྱིས་འཚེ་དང་རྒྱལ་པོའི་ཆད་པ་གཅན་གཟན་ཆུ་གཏེར་འཁྲུགས་པའི་རླབས། །ཆོམ་རྐུམ་བྲང་འགྲོ་སེང་གེ་ཁྲོས་དང་གཉིས་འཐུང་ལ་སོགས་གདུག་པའི་རྐྱེན། །ཐུགས་བརྩེའི་ཤུགས་ཀྱིས་མྱུར་དུ་བཅོམ་ནས་བདེ་བའི་གོ་སར་སོན་གྱུར་ཅིག །ལམ་གསུམ་འགྲོ་བས་རྟག་པར་བཀྲུས་ཀྱང་ཅུང་ཟད་དག་པའི་སྐབས་བྲལ་ཞིང་། །ལྷ་ཡི་དབང་པོའི་ལག་ན་ཉལ་བའི་རྡོ་རྗེའི་མཚོན་གྱིས་བརྡར་བས་མིན། །ཤིན་ཏུ་གནག་པའི་ལས་ཀྱི་མུན་པས་སོ མཐའ་མེད་འཁོར་བར་འཕྱན་གྱུར་གང་། །ཁྱོད་ཞལ་དྲན་ཅིང་རིག་སྔགས་བཟླས་པའི་ཟླ་བའི་ཟེགས་མས་མྱུར་བཅོམ་མཛོད། །སྔོན་བྱུང་སྐབས་གསུམ་གྲོང་ཁྱེར་ལ་རྩེན་ཤིན་ཏུ་བརྟན་པ་དུས་མིན་གྱི། །འཆི་དང་ལས་ཀྱིས་སྡུག་བསྔལ་ཕུང་པོར་མངོན་པར་འཇུག་ཐོས་དེ་ཡི་ཚེ། །ཀུན་ནས་གདུང་བའི་སྤྲིན་བཞོན་བསྐུལ་ཏེ་བཅོམ་ལྡན་འདས་ལ་གསོལ་བའི་མོད། །ཁྱོད་ཀྱི་རིག་སྔགས་བསྟན་ནས་ཞི་བཞིན་བདག་


JKT001_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་དེ་འདྲར་མཛད་དུ་གསོལ། །འདི་ན་པདྨ་གཞོན་ཤ་ཆགས་པ་འགྲམ་པའི་འཇོ་སྒེག་བསྟེན་བྱས་པའི། རི་དྭགས་ཚོགས་རྣམས་ནགས་ན་རོལ་བཞིན་རྣལ་འབྱོར་ལ་བརྩོན་འཁོར་བཅས་ཀྱང་། །བས་མཐའི་གནས་མཆོག་ཤིན་ཏུ་ཉམས་དགར་ཤིང་ཤུན་འཇམ་པོའི་ཁང་བཟང་དབུས། །སྦྱོང་ཡོན་བཅུ་གཉིས་ཚུལ་བཞིན་སྤྱོད་ནས་སྲོག་གི་ལྷག་མ་དོན་ལྡན་ཤོག །སྟོང་ཉིད་སྙིང་རྗེའི་ཤིང་རྟའི་དབང་གྱུར་ཁྱོད་ཞབས་པདྨའི་རྩ་ལག་གིས། །བརྒྱད་གཉིས་འཇིགས་པའི་མུན་པ་རབ་ཞི་རིག་པའི་བློ་དང་བསོད་ནམས་དཔལ། །དད་ནོར་གཏོང་སོགས་ཡོན་ཏན་བདུན་ལྡན་ཨུཏྤལ་གཞོན་ནུ་ཉེར་རྒྱས་ཤིང་། །ལེགས་ཚོགས་དབང་གྱུར་ཚུལ་མིན་ཀུན་མུད་ཀུན་ནས་ཀུན་ཏུ་ཟུམ་པར་མཛོད། །ནམ་ཞིག་འདིར་སྣང་ནུབ་པར་གྱུར་ཚེ་གང་གི་ཐུགས་རྗེའི་ཕྱག་སོར་གྱིས། །དགྱེས་པར་བཟུང་ནས་ཉམ་ངའི་འཕྲང་ལས་དབུགས་འབྱིན་སྩོལ་བའི་དེ་མ་ཐག །ཆུ་སྐྱེས་གཞོན་ནུའི་མངལ་ལས་གྲོལ་བའི་དག་པའི་ལུས་མཆོག་འཛིན་པའི་མོད། །ཚེ་དང་ཡེ་ཤེས་འོད་ཟེར་དཔག་མེད་མགོན་པོ་དེ་ཡི་ཞལ་མཐོང་ཤོག །དེ་ལྟར་གུས་པས་གསོལ་བ་བཏབ་ཅིང་ལུས་ཀྱི་བ་སྤུའི་འཁྲི་ཤིང་གཡོ། །ངག་གི་གདུང་དབྱངས་མགྲིན་པར་བརྩེགས་ནས་ཡིད་ཀྱིས་ཉིན་མཚན་བར་མེད་དུ། །འཕགས་མ་གང་གི་ཡོན་ཏན་ལ་དད་བསྟོད་པའི་རྒྱལ་པོ་འདི་བཀླགས་པས། །ཇི་སྐད་


JKT001_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པའི་དོན་རྣམས་གྲུབ་སྟེ་སྐལ་བ་བཟང་ལྡན་སྐྱེ་བོར་འགྱུར། །དེ་ལྟར་འཕགས་མ་གཙུག་གཏོར་རྣམ་པར་རྒྱལ་མ་ལ་བསྟོད་ཅིང་གསོལ་བ་གདབ་པའི་རིམ་པ་འཆི་མེད་གྲུབ་པ་སྤྲིན་གྱི་རོལ་མོ་འདི་ནི་རང་གཞན་གྱི་དོན་དུ་ཉེ་བར་དམིགས་ཏེ་བློ་གསལ་ཨ་བྷ་ཡས་རང་ལོ་བཅུ་བདུན་པར་རིག་གྲོལ་ཕུན་ཚོགས་གླིང་དུ་ལེགས་པར་སྦྱར་བ་འདིས་ཀྱང་སལ་ཨ་བྷ་ཡས་རང་ལོ་བཅུ་བདུན་པར་རིག་གྲོལ་ཕུན་ཚོགས་གླིང་དུ་ལེགས་པར་སྦྱར་བ་འདིས་ཀྱང་བླ་ན་མེད་པའི་དགེ་མཚན་དམ་པ་རྨད་དུ་བྱུང་བ་འབྱང་། བར་གྱུར་ཅིག། །།

རྗེ་བཙུན་སྒྲོལ་མ་དཀར་མོ་ཡིད་བཞིན་འཁོར་ལོ་ལ་བསྟོད་པ་འཆི་མེད་སྤྲིན་དཀར་འཛུམ་པའི་རོལ་མོ།


JKT001_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བཙུན་སྒྲོལ་མ་དཀར་མོ་ཡིད་བཞིན་འཁོར་ལོ་ལ་བསྟོད་པ་འཆི་མེད་སྤྲིན་དཀར་འཛུམ་པའི་རོལ་མོ་ཞེས་བྱ་བ་བཞུགས་སོ།། །།རྒྱ་གར་སྐད་དུ། །ཨཱར་ཏཱ་རཱ་ཙིནྟ་ཙཀྲེ་སྟོ་ཏྲ་ནཱ་མ། །བོད་སྐད་དུ། འཕགས་མ་སྒྲོལ་མ་ཡིད་བཞིན་འཁོར་ལོ་ལ་བསྟོད་པ་ཞེས་བྱ་བ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །འདི་ན་སྣ་ཚོགས་ལས་ཀྱི་འཁྲི་ཤིང་མཐའ་མེད་བཙུགས་ཀུན་སྡུག་བསྔལ་ཁུར། །བརྒྱ་ཕྲག་འབྲས་བུའི་ངལ་བས་གཙེས་བྱས་དེ་ཚེ་འཕགས་མ་གང་གི་མཚན། །འཛིན་པ་ཡིས་ཀྱང་བྱུང་དང་འབྱུང་འགྱུར་འཇིགས་པའི་ཆུ་གཏེར་བསྒྲལ་མཛད་ཕྱིར། །དེ་ཉིད་ཁོ་ནར་བསྟོད་པའི་ཚིག་འདི་བློ་ལྡན་སུ་ཞིག་འཛིན་མི་བྱེད། །གང་ན་ལྷ་དང་དྲང་སྲོང་གྲུབ་པ་རིག་འཛིན་ཚོགས་ཀྱི་དགའ་ཚལ་ནི། །མནན་ནེམ་བཏེག་འཕར་རཏྟའི་ས་གཞི་བེཟླུརླ་ཡི་བྲག་རིས་བརྗིད། །དྭངས་པའི་རོལ་མཚོ་པུཎྜ་རཱི་ཀའི་དྲྭ་


JKT001_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

བས་སྦྲེལ་བའི་བར་བར་དུ། །དབང་པོའི་བྱ་ཚོགས་ཁ་དོག་སྣ་ཚོགས་ཡིད་འོང་སྙན་པའི་སྒྲ་སྒྲོགས་དེར། །རིན་ཆེན་ལྗོན་ཤིང་ལྟ་ན་ལྷུན་སྟུག་ཡལ་འདབ་གཡོ་བའི་བསྟི་སྟང་གིས། །རྟ་བབས་བསྟེན་འདྲའི་གཞལ་མེད་ཁང་ཆེན་བཀོད་པས་ཁྱད་པར་གྱུར་པ་གང་། །སྒྱུ་མའི་ཟློས་གར་རྩེ་བ་ཇི་བཞིན་སྒོ་འཕར་གཡོ་བའི་དཔལ་དེ་ཡིས། །ཏིང་འཛིན་བརྒྱ་ཕྲག་དུ་མ་འཐོབ་བྱེད་ལྷ་ཡི་སྐྱེད་ཚལ་ལས་འཕགས་དབུས། །རབ་མཛེས་གཞོན་ནུའི་མཆུ་སྒྲོས་ལས་ལྷག་ཨུཏལ་དཀར་པོའི་འདབ་མ་ཡི། །འཛུམ་ཕྲེང་དགོད་པ་ཆུ་གཏེར་ལ་ཞགས་ཉིན་མོའི་ཕྱོགས་ཀྱིས་སྨད་བྱས་པར། །གཅིག་ཤོས་འོད་ཟེར་ཕྲེང་བས་མངོན་བསུས་རང་དྲིན་དྲན་པས་འདེགས་རྩོམ་ཚེ། །ཁྱོད་ཞབས་སྙིང་རྗེའི་གཞོན་ཤ་ཆགས་དེའི་འབབ་སྟེགས་གཅིག་ཏུ་གྱུར་པ་བཞིན། །ག་བུར་འཛིན་པའི་འོད་རིས་ཀྱིས་ཕྱེ་ཀུ་མུད་འཛུམ་ཕྲེང་གཡོ་བ་དང་། །ཆུ་འཛིན་གཞོན་ནུའི་བླ་བྲེ་ལས་བྱུང་ཁ་བའི་རྡུལ་བརྩེགས་ཀེ་ལཱ་ཤས། །མཚོན་པ་མ་ཡིན་ཁྱོད་སྐུ་རབ་མཛེས་རྡུལ་གྱི་ཐིག་ལེའི་ལང་ཚོ་ལ། །མཚན་དཔེའི་ཡོན་ཏན་རི་དྭགས་ཀྱིས་འཁྱུད་ཀུན་རྨོངས་མ་རིག་སེལ་ལ་འདུད། །ཕྱག་གཡས་ལྕུག་ཕྲན་གཞོན་ནུའི་འཁྲི་ཤིང་མཆོག་སྦྱིན་བསིལ་ཡབ་དམ་པ་དེར། །གཟུང་འཛིན་འཁྲུལ་པའི་མྱ་ངམ་ཐང་ལ་མཐའ་མེད་འཁྱམས་གྱུར་སྲིད་པའི་འགྲོ། །སྣ་ཚོགས་འཇིགས་རྟེན་སྡུག་བསྔལ་


JKT001_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱི་ཚ་གདུང་དག་ལས་དབུགས་འབྱིན་ནས། །དགའ་དང་གཏན་བདེའི་ངལ་བསོ་སྦྱིན་མཛད་ཐུགས་རྗེ་བརྩེ་ལྡན་ཁྱོད་ལ་འདུད། །གཡོན་པས་རིན་ཆེན་རྣམ་གསུམ་མཚོན་བྱེད་ཕྱག་རྒྱ་དང་བཅས་མཐེབ་སྲིན་གྱིས། །སྙིང་རྗེའི་བདུད་རྩིས་མངོན་པར་ཕྱེ་བའི་པུཎྜ་རཱི་ཀའི་མེ་ཏོག་གསར། །ལོ་འདབ་དང་བཅས་རབ་ཏུ་སྒེག་པར་འཛིན་དེ་སྐལ་བཟང་སྐྱེ་བོ་ལ། །ཐར་པ་མཆོག་གི་བཅུད་ལེན་སྦྱིན་མཛད་ཀུན་ནས་ཞི་མ་ཁྱོད་ལ་འདུད། །གནས་སྐབས་བྱང་ཆུབ་ཡན་ལག་བདུན་ལྡན་འདྲེན་བྱེད་ཟིམ་བུའི་འཇོ་སྒེག་གིས། །མངོན་པར་མཐོ་བའི་གོ་འཕང་ཆེན་པོ་ནེམ་ནུར་མེད་པར་སྦྱིན་པ་དང་། །ཆབ་གཅིག་མཐར་ཐུག་སྐུ་བཞིའི་འབྱོར་པ་རྨད་དུ་བྱུང་བའི་རྒྱལ་སྲིད་ལ། །མཆོག་ཏུ་དབང་བསྒྱུར་ཕྲིན་ལས་སྦྱོར་མཛད་ཀུན་མཁྱེན་མ་ཁྱོད་ལས་གཞན་སུ། །ཤིན་ཏུ་ཞི་ཞིང་འཛུམ་པའི་བཞིན་ཅན་སྣ་ཚོགས་འོད་ཟེར་ཕྲེང་བས་མཛེས། །ལྕིད་ཀྱིས་ནོན་སྤངས་ལྷ་རྫས་མཆོག་གི་སྟོད་གཡོགས་སྨད་དཀྲིས་རབ་འཆང་ཞིང་། །ཐ་དད་རིན་ཆེན་དྲྭ་བར་འབྲེལ་བ་ཕྱག་ཞབས་མགུལ་པར་སྤྲས་པ་དེས། །འགྲོ་ལ་མི་འཇིགས་སྦྱིན་། པ་སྟེར་བའི་ཡོན་ཏན་མངའ་བ་ཁྱོད་ལ་འདུད། །དབུ་སྐྱེས་མཐོན་མཐིང་ཨུཏྤལ་གཞོན་ནུའི་འོད་ཟེར་གྱིས་བོས་རིགས་ཀྱི་བདག །མི་བགྲེས་སྐྱེ་འཆིའི་རྟོག་པ་རྣམ་སྤངས་ཚེ་དང་ཡེ་ཤེས་དཔག་མེད་པའི། །


JKT001_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་མཐིལ་བཅིངས་པས་འགྲོ་ཀུན་འཆི་མེད་བདེ་བའི་བཅུད་ལེན་སྦྱིན་པ་དེ། །གེ་སར་ཉིད་ཡིན་གཞན་དུ་སྲིད་ན་འདུ་འབྲལ་དབྱེར་གྱིས་ཕྱེད་མི་འགྱུར། །ཁྱོད་སྐུ་རབ་མཛེས་ཀུན་ཏུ་ཞི་ཞིང་རྣམ་པར་དག་པའི་དཔལ་དེ་ཡི། །གཟི་བྱིན་འགོག་ཕྱིར་བཅུ་དྲུག་ཆ་ལྡན་དོ་ཟླར་འོངས་པའི་དེ་མ་ཐག །ཅུང་ཟད་ཙམ་ཡང་བསྐྲུན་པར་མ་བཟོད་སླར་ཡང་ངོ་ཚའི་གྲིབ་མ་རུ། །མངོན་པར་ཡིབས་དེས་རྒྱབ་ཡོལ་མཛད་པའི་ངོ་མཚར་མཆོག་ལྡན་དེ་ལ་འདུད། །ཆོས་ཀུན་གཟོད་ནས་བདག་གིར་མ་བཅིངས་རྣམ་ཐར་གསུམ་ལྡན་མཁའ་འདྲའི་དབྱིངས། །མཚན་རྟོག་སྤྲོས་པའི་སྤུབས་སུ་མི་གནས་ཡང་དག་དབུ་མའི་ལམ་རིག་པས། །གཉིས་སྣང་རྟོག་པའི་ཕ་མཐའ་བརྒལ་ཡང་བདེ་ཆེན་སྙིང་རྗེའི་འཇོ་སྒེག་ཅན། །ཟུང་འཇུག་དབྱེར་མེད་རྣམ་ཀུན་མཆོག་ལྡན་འོད་གསལ་ཆོས་ཀྱི་སྐུ་ལ་འདུད། །གང་གི་རང་བཞིན་གཡོ་བ་མེད་ཀྱང་སྟོང་གཟུགས་སྒྱུ་མའི་རོལ་མོ་ནི། །ཟག་བྲལ་བདེ་བ་མཆོག་གིས་རྒྱས་བཏབ་ཀུན་ཏུ་མཉམ་པར་སྦྱར་བ་ཡིས། །འོག་མིན་གནས་སུ་མཚན་དཔེའི་རོལ་གར་སྒྱུ་འཕྲུལ་དྲྭ་བའི་རྣམ་པ་ཅན། །དག་པའི་གདུལ་བྱའི་ཚོགས་རྣམས་སྨིན་མཛད་ལོངས་སྤྱོད་རྫོགས་སྐུ་ཁྱོད་ལ་འདུད། །འདི་ན་བློ་མིག་ཉོན་མོངས་ཀྱིས་ལྗོངས་སྣ་ཚོགས་རྟོག་པར་འཕྱན་པའི་འགྲོ། །སྐད་ཅིག་རེར་ཡང་དེ་སྙེད་བརྩེ་བའི་ཟློས་གར་ཟད་མེད་བསྒྱུར་


JKT001_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཡིས། །ལམ་གྱི་སྟེགས་དང་ལམ་དང་ལམ་གྱི་འབྲས་བུར་སྦྱོར་བར་མཛད་པའི་དཔལ། །ཚད་མེད་འཇུག་པ་དུས་ལས་མི་ཡོལ་སྤྲུལ་པའི་སྐུ་མངའ་ཁྱོད་ལ་འདུད། །རིན་ཐང་བྲལ་བའི་རཉྫས་གཙུག་ཕུད་དམ་པོར་བཅིངས་བྱས་འཇིག་རྟེན་ན། །གྲགས་པའི་དཔལ་ནི་ཉི་མ་ལྟར་གསལ་དེ་དག་གིས་ཀྱང་ཁྱོད་ཞབས་ལ། །བཏུད་པར་མཛད་པའི་ངོ་མཚར་འགོག་ཕྱིར་དུས་གསུམ་རྒྱལ་བ་སྲས་བཅས་ཀུན། །སྐྱེད་པའི་ཡུམ་གཅིག་ཤེས་རབ་ཕར་ཕྱིན་མཆོག་གི་སྐུ་རུ་བསྟན་ལ་འདུད། །ཤིན་ཏུ་རབ་མཛེས་ཆུ་སྐྱེས་གཞོན་ནུའི་དཔལ་ལྟར་གསལ་བའི་མཚན་དཔེའི་གཟུགས། །སྙིང་རྗེའི་དྲི་བསུང་མངར་པོས་ཕྱོགས་ཀུན་ཡོངས་སུ་འགེངས་བྱས་དེ་ཡི་མཐུས། །བྱང་སེམས་ལ་དབང་དྲང་སྲོང་གྲུབ་པའི་འཁོར་ཚོགས་རཡིག་གཉིས་པའི་སྤྲིན། །གྲངས་མེད་རོལ་སྒེག་རྣམ་པར་གཡོ་བས་གསུང་གི་བཅུད་ལེན་བཏུང་ལ་འདུད། །དེ་ལྟར་རབ་སྙན་བསྟོད་ཚིག་དྲི་བཞོན་དལ་བུར་རྒྱུ་བའི་ཕོ་ཉ་ཡིས། །སྤྲོས་བྲལ་ཀུན་གསལ་གཞོན་ནུར་རབ་ཆགས་མཁྱེན་བརྩེའི་སྤྲིན་དཀར་འཛུམ་ཞལ་ལ། །རྣམ་པར་འཁྱུད་པས་རྗེས་སུ་གཟིགས་པའི་བྱིན་རླབས་བདུད་རྩིའི་ཐིགས་ཕྲེང་གིས། །བདག་སོགས་གུས་པའི་བ་ཀུ་ལར་རེག་ཕན་བདེའི་འདབ་ཕྲེང་གྲོལ་མཛོད་ཀྱི། །གནས་སྐབས་བསོད་ནམས་མ་ཡིན་ཆང་གི་བཏུང་བས་མྱོས་པའི་སྣ་ཞགས་ཅན། །


JKT001_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་གཉིས་འཇིགས་པའི་མཚོན་འཁོར་གཡོ་བས་བདག་གཞན་སྡུག་བསྔལ་གསུམ་ལྡན་གྱི། །ཟུག་རྔུའི་ཚོར་བས་རྣམ་པར་འཆི་མེད་ཐུགས་རྗེའི་མཆིལ་པས་དབང་བསྡུས་ཏེ། །མཐོ་རིས་ཡོན་ཏན་བདུན་གྱི་བདག་ཉིད་བདེ་བའི་ཤུལ་ལམ་ལ་ཞུགས་མཛོད། །ཁྱད་པར་དུས་མིན་འཆི་བའི་རླབས་ཕྲེང་མི་བཟད་ལྡན་པའི་སིནྡྷའི་བདག །མ་རུངས་འབྱུང་པོ་རལ་གྲིའི་སོ་ཅན་སྣ་ཚོགས་ཀུན་གྱིས་གང་བ་དེར། །བསྟི་བར་ཕྱོགས་ཚེ་ཁྱོད་ཀྱི་ཐུགས་རྗེའི་ཆུ་གཏེར་ལམ་ལས་ལེགས་བསྐྱོད་ནས། འཆི་མེད་བདེ་ལྡན་རིན་ཆེན་གླིང་ཕྱིན་དོན་གཉིས་ལྷུན་གྱིས་གྲུབ་པར་མཛོད། །རྟག་ཏུ་གང་སྐུའི་ཤར་གྱི་ཐིག་ལེ་རབ་གུས་བདེ་འབྱུང་གཙུག་ཏོར་རྩེར། །སྣང་སྟོང་ཟུང་འཇུག་འཁོར་ལོར་བསྒོམས་ནས་གསང་སྔགས་འབྲུ་བརྒྱད་འབར་བའི་མོད། །དུས་ཀུན་སྙིང་གི་ཀུནར་བསྟེན་ལས་རིང་འཚོའི་བཅུད་ལེན་འཇུ་པིན་འགྲུབ་པ་དང་། །རྣམ་པར་གཡོ་མཐོང་ལུང་བསྟན་དབུགས་དབྱུང་སྩོལ་བར་མཛོད། །གཞན་ཡང་ཕན་བདེའི་རྩ་ལག་གཅིག་གྱུར་རྒྱལ་བསྟན་འཛིན་པའི་ཨུཏྤ་ལ། །ལུང་རྟོགས་ཉིན་མོའི་འོད་ཟེར་ལ་ཕྱོགས་རིག་གྲོལ་འཛུམ་ཕྲེང་དགོད་པ་རྣམས། །སྐྱེ་རྒུའི་དད་པའི་ཐོར་ཚུགས་རྩེར་བཀོད་དེ་མཐུས་སྣོད་བཅུད་ཐམས་ཅད་ལ། །སླར་ཡང་རྫོགས་ལྡན་གསར་པའི་དགའ་སྟོན་ནུབ་པ་མེད་པར་སྦྱིན་གྱུར་ཅིག །ནམ་ཞིག་འདིར་སྣང་ཟད་


JKT001_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

པར་གྱུར་ཚེ་འབྱུང་བཞི་འདུས་པའི་ཡིད་ཀྱི་ལུས། །རབ་ཏུ་འཇིགས་བཅས་འཐོར་རླུང་གིས་བསྐྱོད་རྣལ་དུ་གནས་མིན་དེ་ཡི་ཚེ། །ཀུན་ནས་བརྩེ་ལྡན་འཕགས་མ་ཁྱོད་མཐོང་ཐུགས་རྗེའི་ར་བར་བཟླུམས་པ་ལས། །དག་པའི་ཞིང་དུ་དབུགས་འབྱིན་མཛད་ནས་གནས་ངན་ལེན་པ་ཡོངས་སྤོང་ཤོག །མཐར་ཐུག་བློ་ཡིས་གཞལ་བར་མི་ནུས་ཡོན་ཏན་རིན་ཆེན་ཡོངས་ཀྱི་མཛོད། །དྲན་པས་སྲིད་ཞིའི་དགོས་འདོད་ཀུན་འབྱུང་རྒྱལ་བའི་ཡུམ་གཅིག་ཁྱོད་བཞིན་དུ། །སྤངས་རྟོགས་ཕུན་ཚོགས་འགྲོ་ཀུན་སྒྲོལ་མཛད་གོ་འཕང་མཆོག་དེར་མྱུར་ཕྱིན་ནས། །དོན་གཉིས་ལྷུན་གྲུབ་རྒྱལ་བ་ཀུན་གྱི་ཕྲིན་ལས་ཕ་མཐའ་འཛིན་གྱུར་ཅིག །དེ་ལྟར་བསྔགས་བརྗོད་ཆུ་འཛིན་གཞོན་ནུ་ཚིག་སྙན་གློག་ཕྲེང་དོ་ཤལ་ཅན། །དོན་བཟང་སྤྲིན་གྱི་རོལ་མོ་གསར་པས་རབ་གུས་ལྡན་པའི་གཉིས་སྐྱེས་ཚོགས། །གནས་སྐབས་མངོན་མཐོའི་ཟློས་གར་བསྒྱུར་བས་སྲིད་ཞིའི་ཕུན་ཚོགས་འགུགས་པ་དང་། །མཐར་ཐུག་ཟུང་འཇུག་སྐུ་གསུམ་དབྱེར་མེད་མངལ་ཁུར་མཆོག་གིས་ལྕི་བར་འགྱུར། །དེ་ལྟར་འཕགས་མ་སྒྲོལ་མ་དཀར་མོ་ཡིད་བཞིན་འཁོར་ལོ་ལ་བསྟོད་ཅིང་གསོལ་བ་གདབ་པའི་རིམ་པ་འཆི་མེད་སྤྲིན་དཀར་འཛུམ་པའི་རོལ་མོ་ཞེས་བྱ་བ་འདི་ནི་ཞིང་གི་བཀོད་པ་དང་མཐུན་པར་རྟེན་དང་བརྟེན་པ་ཀུན་ལ་བསྔགས་བརྗོད་ཀྱི་ཚུལ་དུ་གཞོན་ནུ་ཨ་བྷ་ཡས་


JKT001_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

རང་ལོ་བཅུ་བདུན་པར་རིག་གྲོལ་ཕུན་ཚོགས་གླིང་དུ་སྦྱར་བའི་དགེ་བས་ཁྱབ་བདག་འཁོར་ལོའི་མགོན་པོ་མཆོག་རྣམས་རྟག་ཏུ་ཞབས་པད་བརྟན་ཅིང་། བདག་གཞན་ཐམས་ཅད་དུས་མིན་གྱི་འཆི་བའི་འཇིགས་པ་ལས་གྲོལ་བའི་རྒྱུར་གྱུར་ཅིག། །།

གཅིག་འཆི་མེད་མནྡཱ་ར་བ་ལ་བསྟོད་པ་ཌཱ་ཀི་དགྱེས་པའི་རོལ་མོ།


JKT001_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་འཆི་མེད་མནྡཱ་ར་བ་ལ་བསྟོད་པ་ཌཱ་ཀི་དགྱེས་པའི་རོལ་མོ་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་ཛྙཱ་ན་ཌཱ་ཀི་ནྱ། ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ལས། །ཟུང་འཇུག་མཚན་དཔེའི་སྣང་ཆར་ཡོངས་ཤར་བ། །དྲན་པས་ཚེ་དང་ཡེ་ཤེས་མཆོག་སྩོལ་བའི། །འཆི་མེད་མནྡཱ་ར་བ་ཁྱོད་ལ་བསྟོད། །ཡིད་འཕྲོག་པདྨ་རཱ་གའི་མཚར་སྡུག་ཅན། །སྲིད་དང་ཞི་བ་དབྱེར་མེད་འཛུམ་ཞལ་ལ། །རྣམ་ཐར་གསུམ་གྱི་སྤྱན་རས་རབ་གཡོ་བས། འགྲོ་ཀུན་འཁོར་བ་སྒྲོལ་མཛད་ཁྱོད་ལ་བསྟོད། །ཕྱག་གཡས་ཐུགས་རྗེ་ཆེན་པོའི་གྲི་གུག་གིས། །བདུད་བཞིའི་སྙིང་གི་བརྟན་པ་འཕྲོག་ནས་སླར། །གཡོན་པས་བདུད་རྩིས་གང་བའི་ཐོད་བུམ་གྱིས། །སྒྲུབ་ལ་དངོས་གྲུབ་སྩོལ་མཛད་ཁྱོད་ལ་བསྟོད། །སྐུ་བཞི་ཡེ་ཤེས་ལྔ་ལྡན་ཧེ་རུ་ཀ །ཐབས་ཀྱི་ཕྱག་རྒྱ་པདྨ་ཐོན་ཕྲེང་རྩལ། །ཁ་ཊཱི་ཚུལ་གྱིས་གཡོན་ནས་འཁྲིལ་བ་ཡིས། །སྙོམས་འཇུག་དགྱེས་པ་སྐྱེད་མཛད་ཁྱོད་ལ་བསྟོད། གནག་སྣུམ་དབུ་སྐྲ་སིལ་བུར་འཕྱང་བ་ལ། །པུཎྜ་རཱི་ཀའི་ཐོད་ཀྱིས་ལེགས་འཆིངས་ཤིང་། །དར་དང་རིན་ཆེན་རུས་པའི་ཕྱག་རྒྱ་ཡིས། །རྟོག་པའི་འཁོར་ལོ་གཅོད་མཛད་ཁྱོད་ལ་བསྟོད། །ཞབས་གཉིས་གཡས་བསྐུམ་སྲིད་ལ་མི་གནས་ཤིང་། །གཡོན་བརྐྱངས་ཞི་བའི་མཐའ་རུ་ལྷུང་མིན་པར། །གཟུང་འཛིན་བམ་རོའི་སྙིང་གར་རོལ་པ་ཡིས། །ཟུང་འཇུག་མྱ་ངན་འདས་པ་ཁྱོད་ལ་བསྟོད། །གང་


JKT001_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་མཐོང་བས་གྲུབ་གཉིས་ལྷུག་པར་འཇོ། །གསུང་གསང་ཐོས་པས་བདེ་ཆེན་ཡེ་ཤེས་འབར། །དྲན་པ་ཡིས་ཀྱང་ཚེ་ཡི་བར་ཆད་ཀུན། །སེལ་མཛད་མཁའ་འགྲོའི་གཙོ་མོ་ཁྱོད་ལ་བསྟོད། །སྣོད་བཅུད་ཟབ་གསལ་གཉིས་མེད་དཀྱིལ་འཁོར་ཆེར། །ཡོངས་ཤར་བཟླས་པ་སྔགས་ཀྱིས་རྒྱུད་བསྐུལ་ཞིང་། །དབྱིངས་རིག་ཟུང་འཇུག་ངང་དུ་མཉམ་བཞག་པས། །རྩེ་གཅིག་ཁྱོད་ཀྱི་ཞབས་པད་ལེགས་བསྙེན་ན། ། དངོས་ཉམས་རྨི་ལམ་ཙམ་གྱི་སྣང་ཆ་རུ། དགྱེས་པའི་ཞལ་བསྟན་གསུང་གིས་དབུགས་དབྱུང་ཞིང་། །ཚེ་བསོད་དཔལ་འབྱོར་དབང་བཅུའི་ཡེ་ཤེས་ལ། །བརྟེན་ནས་འཆི་མེད་གོ་འཕང་མྱུར་འགྲུབ་མཛོད། །ཅེས་པའང་རིག་འཛིན་གྲུབ་པའི་དཔྱིད་པདྨའི་མིང་གིས་གང་ཤར་ཡུད་ཙམ་ལ་གསོལ་བ་བཏབ་པ་སིདྡྷི་རསྟུ།། །།

འཇམ་དབྱངས་འོད་ཟེར་དྲི་མེད་ཀྱིས་བསྐུལ་ངོར།


JKT001_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་མི་འགྱུར་འཆི་མེད་པདྨ་སཾ་བྷ་ཝས། །རྗེས་བཟུང་སངས་རྒྱས་ཀུན་དངོས་རིགས་བརྒྱའི་བདག །བསྟན་འགྲོར་ཕན་བདེའི་དགའ་སྟོན་མཆོག་སྩོལ་བའི། །རྒྱལ་སྲས་རྡོ་རྗེ་འཛིན་པར་གསོལ་བ་འདེབས། །ཀ་དག་འགྱུར་མེད་གཉུག་མའི་གནས་ལུགས་རྟོགས། །ལྷུན་གྲུབ་མངོན་སུམ་རིག་གདངས་ཚད་ལ་ཕེབས། །ཕྲིན་ལས་ཆོས་ཀྱི་སྣང་བས་འཇིག་རྟེན་གསུམ། །གསལ་མཛད་བསྟན་པའི་སྒྲོན་མེར་གསོལ་བ་འདེབས། །དེ་ལྟར་དཔལ་ལྡན་བླ་མའི་རྣམ་པར་ཐར། །སྙིང་ནས་དྲན་པའི་གདུང་བས་གསོལ་


JKT001_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས་ན། །བྱང་ཆུབ་བར་དུ་འབྲལ་མེད་རྗེས་བཟུང་ནས། །དོན་གཉིས་ཡིད་བཞིན་འགྲུབ་པར་བྱིན་གྱིས་རློབས། །ཞེས་པའང་འཇམ་དབྱངས་འོད་ཟེར་དྲི་མེད་ཀྱིས་བསྐུལ་བའི་རྐྱེན་དང་། རང་ཉིད་ཀྱིས་ཀྱང་མངོན་པར་དད་པས་ཀུན་ནས་བསླངས་ཏེ། རིག་འཛིན་གྱི་བཙུན་པ་མཁྱེན་བརྩེའི་དབང་པོས་གསོལ་བ་བཏབ་པ་དགེ་ལེགས་སུ་གྱུར་ཅིག། །།

ཞབས་བརྟན།


JKT001_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭསྟི་ཤྲཱི་བི་ཛ་ཡནྟ། ཁྱབ་བདག་རྡོ་རྗེ་འཆང་དངོས་ཡེ་ཤེས་སྐུ། །རིན་ཆེན་གསུམ་གྱི་ངོ་བོ་གཅིག་བསྡུས་གང་། །བློ་གསལ་གདུལ་བྱ་རྒྱ་མཚོའི་ཚོགས་རྣམས་དང་། །ཐུབ་བསྟན་ཡུན་རིང་སྐྱོང་ཕྱིར་ཞབས་བརྟན་གསོལ། །ཚུལ་གནས་གསན་བསམ་སྒོམ་པའི་མཐར་སོན་ཅིང་། །མཁས་བཙུན་གྲུབ་པའི་ཡོན་ཏན་མཚུངས་ཟླ་མེད། །བསམ་ཡས་ཕྲིན་ལས་བཟང་པོའི་དཔལ་མངའ་བའི། །གསང་གསུམ་འཆི་མེད་གྲུབ་པ་ཉིད་གྱུར་ཅིག །མདོར་ན་ཡོངས་རྫོགས་བསྟན་འགྲོའི་སྐྱབས་གཅིག་པུ། །བསྐལ་བརྒྱར་ཞབས་བརྟན་ཕྲིན་ལས་རྒྱས་པ་དང་། །བདག་ཅག་བྱང་ཆུབ་བར་དུ་རྗེས་བཟུང་ནས། །དོན་གཉིས་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་སྩོལ། །ཅེས་པའང་མཁྱེན་བརྩེའི་དབང་པོས་སོ།། །།

ཀཿཐོག་སི་ཏུའི་མྱུར་བྱོན་གསོལ་འདེབས།


JKT001_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་བཅས་ཀྱི། །མཁྱེན་བརྩེའི་ནུས་གསུམ་གཅིག་ཏུ་བསྡུས་པའི་གཟུགས། །དཔལ་ལྡན་བླ་མ་ཆོས་ཀྱི་བློ་གྲོས་ཞབས། །སྙིང་ནས་འབོད་དོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །འོད་གསལ་ཆོས་ཀྱི་དབྱིངས་ལས་


JKT001_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་པའི་སྐུ། །གཟིགས་པ་རྣམ་ལྔས་ལྗོངས་འདིར་མྱུར་བྱོན་ནས། །མཁས་བཙུན་བཟང་པོའི་རྣམ་ཐར་རྨད་བྱུང་ཞིང་། །བཤད་སྒྲུབ་བསྟན་པས་ས་ཆེན་ཁྱབ་མཛད་གསོལ། །དཀོན་མཆོག་རྩ་བ་གསུམ་གྱི་བྱིན་རླབས་དང་། །ཆོས་ཉིད་ཆོས་ཅན་རྒྱུ་འབྲས་བསླུ་མེད་མཐུས། །ཇི་ལྟར་གསོལ་བ་བཏབ་བཞིན་འགྲུབ་གྱུར་ནས། །ཕན་བདེའི་དགེ་མཚན་རྟག་ཏུ་སྣང་གྱུར་ཅིག །ཅེས་དཔལ་ཀཐོག་པའི་བསྟན་འཛིན་ཆེན་པོ་སི་ཏུ་མཆོག་སྤྲུལ་རིན་པོ་ཆེ་ཆོས་ཀྱི་བློ་གྲོས་གཞན་དོན་དུ་གཤེགས་པའི་སྐབས་གསོལ་འདེབས་འདི་ལྟ་བུ་ཞིག་བྲིས་ཤིག་ཅེས་རྗེ་བཙུན་མཆོག་གི་སྤྲུལ་པའི་སྐུ་ལྷན་རྒྱས་ཀྱི་བཀྲ་ཤིས་པའི་ལྷ་རེག་བཅས་བཀའ་སྩལ་རིན་པོ་ཆེའི་ཕྲེང་བ་སྤྱི་བོར་ཕེབས་པ་གུས་པས་མཆོད་དེ། འཇམ་དབྱངས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་གསོལ་བ་བཏབ་པ་སིདྡྷི་བྷ་བ་ཏུ། །།

རིག་བྱེད་འཛིན་པ་ནི་རཱ་བྷོ་གའི་ཁ་ཏོན་དུ་དད་པས་བསྐུལ་བའི་ངོར།


JKT001_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

ས་བཅུའི་དབང་ཕྱུག་ཡེ་ཤེས་རོལ་པ་རྩལ། །བསམས་བཞིན་བསྟན་འགྲོའི་མགོན་དུ་སྤྲུལ་པའི་སྐུ། །ཟབ་གཏེར་རྒྱ་མཚོའི་བཀའ་བབས་རིག་པ་འཛིན། །མཆོག་གྱུར་བདེ་ཆེན་གླིང་པ་ཞབས་བརྟན་གསོལ། །འཇམ་པའི་དབྱངས་དངོས་སློབ་དཔོན་མཉྫ་ཤི། །ཁྲི་སྲོང་ལྡེའུ་བཙན་ཀུན་མཁྱེན་ཆོས་ཀྱི་རྗེ། །བྱིན་རླབས་བཤད་སྒྲུབ་བསྟན་པའི་ཉི་མ་ཆེ། །མཁྱེན་བརྩེའི་དབང་པོ་བསྐལ་བརྒྱར་འཚོ་གཞེས་གསོལ། །སྐྱེ་བའི་ཕྲེང་བར་དཔལ་ལྡན་བླ་མ་ཡིས། །རྗེས་བཟུང་མཆོག་ཐུན་དངོས་གྲུབ་མྱུར་འགྲུབ་ཅིང་། །བསྟན་འཛིན་ཞབས་བརྟན་


JKT001_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་ཕྱོགས་བཅུར་རྒྱས། །ཕན་བདེའི་ལེགས་ཚོགས་འཕེལ་བར་བྱིན་གྱིས་རློབས། །ཞེས་པའང་རིག་བྱེད་འཛིན་པ་ནི་རྭ་བྷོ་གའི་ཁ་ཏོན་དུ་དད་པས་བསྐུལ་བའི་ངོར་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་རང་ཉིད་ཀྱིས་གསོལ་བ་བཏབ་པ་དོན་དང་ལྡན་པར་གྱུར་ཅིག། །།བི་སྭསྟི་ཀུནྡན། །འཇིགས་མེད་བོན་སྒོ་རབ་འབྱམས་སྨྲ་ལ་མཁས། །ངོ་མཚར་བསླབ་གསུམ་རྣམ་པར་དག་པས་བཙུན། །གཞན་ཕན་བཟང་པོའི་རྣམ་ཐར་རྨད་བྱུང་བ། །བསྐལ་པ་རྒྱ་མཚོར་འཚོ་གཞེས་བརྟན་པར་ཤོག །འཇིགས་བཅས་སྲིད་པའི་འཕོ་མེད་བོན་གྱི་སྐུ། །དབྱིངས་རིག་ཟུང་འཇུག་བདེ་ཆེན་ལོངས་སྤྱོད་རྫོགས། །འགྲོ་འདུལ་རྡོ་རྗེའི་སྣང་བརྙན་སྤྲུལ་པའི་གར། །འཆི་མེད་རྟག་པའི་དགེ་མཚན་བརྙེས་གྱུར་ཅིག །གསང་གསུམ་མི་ཤིགས་གཡུང་དྲུང་ངོ་བོར་བརྟན། །ཡོན་ཏན་ནོར་བུ་བསྟན་འགྲོའི་གཙུག་ན་བརྗིད། །ཕྲིན་ལས་སྣང་བ་ཕྱོགས་དུས་ཀུན་ཏུ་ཁྱབ། །རྒྱལ་དང་སེམས་དཔའི་རྣམ་ཐར་ཡོངས་རྫོགས་ཤོག །ཅེས་མངོན་པར་དྭངས་པའི་ཡིད་ཀྱིས་ཤིས་པར་བརྗོད་པ་དང་ཆབ་གཅིག་རྣམ་པར་དཀར་བའི་ལྷ་རེག །འཆི་མེད་སྐུ་གསུམ་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་སྣང་བརྙན། བཅས་ཨཧྥ་མངྒ་ལའི་གྲངས་ཀྱིས་གསོལ་བ་བཏབ་པ་སིདྡྷི་བྷ་བ་ཏུ། །མཚུངས་མེད་ཟླ་བཟང་མཆོག་གི་སྤྲུལ་པའི་སྐུ་རིན་པོ་ཆེའི་ཞབས་བརྟན་གསོལ་འདེབས་འཆི་མེད་གྲུབ་པའི་རྒྱུད་མང་ཞེས་བྱ་བ་བཞུགས་སོ། །

སྐྱབས་རྗེ་ཟླ་བཟང་མཆོག་གི་སྤྲུལ་བའི་སྐུ་ཀརྨ་ཀུན་བཟང་ངེས་དོན་ཆོས་ཀྱི་རྒྱལ་མཚན་མཆོག་གི་ཞབས་བརྟན་གསོལ་འདེབས།


JKT001_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭསྟི་སིདྡྷི་རསྟུ། འཇིག་རྟེན་དབང་ཕྱུག་ཁྱབ་བདག་ཀ་རྨ་པའི། །ཀུན་བཟང་ངེས་དོན་ཆོས་ཀྱི་རྒྱལ་མཚན་ཆེ། གཞན་ཕན་ཕྲིན་ལས་མཐའ་ཡས་དཔལ་བཟང་པོ། །འཆི་མེད་མགོན་པོའི་ངོ་བོར་འཚོ་གཞེས་གསོལ། ༡ །གང་སྐུ་ཚུལ་ཁྲིམས་ཕུང་པོས་རབ་ཏུ་བརྗིད། །ཏིང་འཛིན་བྱེ་བ་ཕྲག་བརྒྱར་སྙོམས་པར་འཇུག །ཤེས་རབ་གསུམ་གྱིས་འཇིག་རྟེན་མུན་སེལ་བ། །ཤཱཀྱ་སེང་གེའི་ངོ་བོར་འཚོ༴ ༢ ཁྱོད་གསུང་དབྱངས་ཀྱི་ཡན་ལག་ཆ་ཤས་རེས། །ཞི་བསིལ་བདུད་རྩིའི་ཆོས་ཆར་བྱེ་བ་སྙེད། །འཁོར་བ་སྲིད་དུ་རྒྱུན་མི་འཆད་འབེབས་པ། །འཇམ་དཔལ་གཞོན་ནུའི་ངོ་བོར ༣ གང་ཐུགས་སྟོང་ཉིད་དབྱིངས་ལས་འཕོ་མེད་བཞིན། །སྙིང་རྗེའི་འཛུམ་དཀར་གཡོ་བས་སྲིད་དང་ཞིའི། །རྒུད་པ་མཐའ་དག་གཅིག་ཅར་བསྙིལ་མཛད་པ། །ཕྱག་ན་པདྨོའི་ངོ་བོར༴ ༤ ཡོན་ཏན་སྟོབས་བཅུ་མངའ་བ་མཐའ་དག་གི །བྲལ་སྨིན་ནོར་བུའི་གདུགས་དཀར་འཛིན་མཛད་པས། །ཡིད་སྲུབས་དཔུང་བཅས་ཕྱོགས་ལས་རྣམ་རྒྱལ་བའི། །གསང་བདག་དཔའ་བོའི་ངོ་བོར༴ ༥ ཕྲིན་ལས་རྟག་པ་དམ་པའི་མན་རས། །གང་འདུལ་འདོད་རྒུ་མཁའ་ཁྱབ་འཇོ་མཛད་པ། །བསྐལ་བཟང་རྣམ་འདྲེན་སྟོང་གི་རྒྱལ་ཚབ་ཆེ། །པདྨ་ཀཱ་རའི་ངོ་བོར༴ ༦ མདོར་ན་ཚུལ་གནས་གསན་བསམ་སྒོམ་པར་ལྡན། །མཁས་བཙུན་བཟང་པོའི་རྣམ་ཐར་ལྷམ་མེར་གསལ། །མཁྱེན་བརྩེ་ནུས་པའི་ཡེ་ཤེས་རྨད་བྱུང་བ། །སྐྱབས་གནས་


JKT001_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་འདུས་ངོ་བོར༴ ༧ རྒྱལ་བའི་མྱུ་གུ་བསྐལ་བརྒྱར་ཞབས་བརྟན་ཅིང་། །རྒྱལ་སྲས་བསྟན་འཛིན་འཛམ་གླིང་ཁམས་ཀུན་ཁྱབ། །རྒྱལ་བསྟན་དྲི་མེད་ཕྱོགས་བཅུར་འཕེལ་ཞིང་རྒྱས། །རྒྱལ་བ་དགྱེས་པའི་དགེ་མཚན་ལྷུན་གྲུབ་ཤོག ༨ །ཅེས་སྔ་འགྱུར་རྡོ་རྗེ་ཐེག་པའི་གསང་སྔགས་ཆུ་བོ་བཞིའི་བཀའ་བབས་གཉགས་ལོ་ཙཱ་བ་ཆེན་པོ་ཡེ་ཤེས་གཞོན་ནུ་དྲི་མེད་ཟླ་ཤར་རྩལ་དང་། ཕྱི་འགྱུར་སྒྲུབ་བརྒྱུད་སྙིང་པོའི་ཤིང་རྟ་ས་གསུམ་ན་མཉམ་མེད་དཔལ་སྙི་སྒམ་ཆེན་པོ་བསོད་ནམས་རིན་ཆེན་སོགས་ཐུགས་རྗེ་ཡས་སྤྲུལ་གྱི་དག་པའི་སྐྱེས་རབས་ཡིད་བཞིན་ནོར་བུའི་ཕྲེང་བ་ཚར་དུ་དངར་བ་སྐྱབས་རྗེ་ཟླ་བཟང་མཆོག་གི་སྤྲུལ་པའི་སྐུ་རིན་པོ་ཆེ་གང་ཉིད་རྒྱལ་བའི་མྱུ་གུ་གཞོན་ནུའི་ཚུལ་གྱིས་མཚན་དཔེའི་ཟླ་ཞལ་གསར་དུ་སྣང་བ་ཀརྨ་ཀུན་བཟང་ངེས་དོན་ཆོས་ཀྱི་རྒྱལ་མཚན་ཕྲིན་ལས་མཐའ་ཡས་དཔལ་བཟང་པོ་གང་ཉིད་ཞབས་པད་བསྐལ་པ་རྒྱ་མཚོར་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པའི་སླད་དུ་ཚིགས་སུ་བཅད་པ་བཀྲ་ཤིས་པའི་གྲངས་ལྡན་འདིའང་། །ཤཱཀྱའི་དགེ་སློང་བྱ་བྲལ་སྤོང་བ་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའམ། པདྨ་འོད་གསལ་མདོ་སྔགས་གླིང་པས་རབ་ཚེས་ལྕགས་ཕོ་རྟའི་གནམ་ལོ་གསར་དུ་འཆར་བའི་ཆོ་འཕྲུལ་ཟླ་བ་ཕྱི་མའི་དཀར་ཕྱོགས་ཀྱི་ཚེས་བཅུར་བྲིས་ཏེ་གསོལ་བ་བཏབ་པ་དེ་དེ་བཞིན་དུ་འགྲུབ་པར་བླ་མ་རྒྱལ་བ་སྲས་དང་བཅས་པས་བྱིན་གྱིས་བརླབ་ཏུ་གསོལ།། །།

དམ་པའི་རིགས་སྐྱེས་ཀརྨ་ཕུན་ཚོགས་ཡོངས་འདུས་ཀྱི་ངོར།


JKT001_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དབྱངས་མཁྱེན་བརྩེའི་གཏེར་ཆེན་མཁས་པའི་དབང་། །པདྨས་རྗེས་བཟུང་གྲུབ་བརྙེས་མདོ་སྔགས་གླིང་། །ཀུན་བཟང་རྡོ་རྗེའི་གཟི་བརྗིད་རྩལ་འཆང་བ། །ཁྱབ་བདག་དཔལ་ལྡན་བླ་མར་


JKT001_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བ་འདེབས། །ཡོངས་འཛིན་དམ་པ་བསྐལ་བརྒྱར་ཞབས་པད་བརྟན། །བདག་སོགས་བྱང་ཆུབ་བར་དུ་རྗེས་སུ་བཟུང་། །ཚུལ་ཁྲིམས་དག་ཅིང་ཐོས་བསམ་སྒོམ་པར་ལྡན། །རང་གཞན་དོན་གཉིས་འགྲུབ་པར་བྱིན་གྱིས་རློབས། །ཞེས་པའང་དམ་པའི་རིགས་སྐྱེས་ཀརྨ་ཕུན་ཚོགས་ཡོངས་འདུས་ཀྱི་ངོར། བྱ་བྲལ་བ་རང་ཉིད་ཀྱིས་སྨྲས་པ་དོན་དང་ལྡན་པར་གྱུར་ཅིག །

ཕྱག་མཛོད་འགྱུར་མེད་དམ་ཆོས་ཀྱིས་ཆེད་དུ་བསྐུལ་བའི་ངོར།


JKT001_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་ཀུན་འདུས་རྗེ་བཙུན་ཐོད་ཕྲེང་རྩལ། །ཡི་དམ་ཞི་ཁྲོ་སྐུ་གསུང་ཐུགས་སུ་རྫོགས། །མཁའ་འགྲོ་ཆོས་སྐྱོང་ཡོངས་ཀྱི་ཚོགས་རྗེ་མཆོག །སྙིང་ནས་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །གང་དང་དབྱེར་མེད་ཨོ་རྒྱན་ཆེན་པོ་ཡིས། །བྱིན་རླབས་རང་བྱུང་སྤྲུལ་པའི་རྡོ་རྗེ་འཛིན། །སྐྱབས་གནས་ཁྱོད་ལས་གཞན་དུ་མ་མཆིས་བདག །ཉམ་ཐག་གདུང་བས་འབོད་དོ་བརྩེ་བས་དགོངས། །མགོན་ཁྱོད་དོན་དམ་སྐྱེ་འགགས་ལས་འདས་ཀྱང་། །ཀུན་རྫོབ་སྤྲུལ་པའི་སྣང་བརྙན་བསྡུས་པ་ཡིས། །ཐུབ་བསྟན་སྤྱི་དང་ཁྱད་པར་སྔ་འགྱུར་གྱི། །བཤད་སྒྲུབ་བསྟན་པ་ཉམས་པ་འདི་གཟིགས་སམ། །དེ་ཕྱིར་ཚད་མེད་ཐུགས་རྗེའི་རྩལ་སྤྲུགས་ལ། །སྤྲུལ་པའི་རྣམ་རོལ་མྱུར་དུ་འཆར་བ་དང་། །གསན་བསམ་སྒོམ་དང་འཆད་རྩོད་རྩོམ་པ་ཡིས། །བསྟན་དང་འགྲོ་བའི་ཕན་བདེ་རྒྱས་མཛད་གསོལ། །བདག་ཀྱང་འདི་ནས་བྱང་ཆུབ་སྙིང་པོའི་བར། །དཔལ་ལྡན་བླ་མས་འབྲལ་མེད་རྗེས་བཟུང་


JKT001_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་། །འགལ་རྐྱེན་ཀུན་ཞི་བསམ་དོན་ཆོས་བཞིན་འགྲུབ། །རྣམ་གྲོལ་གོ་འཕང་ཐོབ་པར་བྱིན་གྱིས་རློབས། །ཞེས་པའང་དད་དམ་རྨད་བྱུང་ལུགས་གཉིས་ཀྱི་མཁྱེན་སྤྱན་ཡངས་པ་ཕྱག་མཛོད་འགྱུར་མེད་དམ་ཆོས་ཀྱིས་ཆེད་དུ་བསྐུལ་བའི་ངོར། བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་གསོལ་བ་བཏབ་པ་དོན་དང་ལྡན་པར་གྱུར་ཅིག། །།

དཔལ་ལྕགས་ཟམ་པ་ཆེན་པོའི་ཕྲིན་ལས་ཀྱི་གན་མཛོད་འཛིན་པ་མཆོག་གིས་བསྐུལ་ངོར།


JKT001_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་སྲས་འཇམ་པའི་དབྱངས་ཀྱི་མཁྱེན་རབ་དང་། །ཕྱག་ན་པདྨོའི་བརྩེ་ཆེན་ཡེ་ཤེས་སྐུ། །ཟུང་འཇུག་མཁས་ཤིང་གྲུབ་པའི་དབང་པོ་ཆེའི། །རྣམ་ཐར་དྲན་བཞིན་སྙིང་ནས་གསོལ་བ་འདེབས། །ཚུལ་གནས་ཐོས་བསམ་སྒོམ་པའི་མཐར་སོན་ནས། །འཆད་རྩོད་རྩོམ་པའི་ཕྲིན་ལས་རབ་འབྱམས་ཀྱིས། །རིས་མེད་བསྟན་འགྲོའི་ཕན་བདེ་སྤེལ་བའི་ཕྱིར། །བསྐལ་བརྒྱར་ཞབས་བརྟན་ཆོས་འཁོར་བསྐོར་གྱུར་ཅིག །དེ་ལྟར་མི་ཕྱེད་གུས་པས་གསོལ་བཏབ་མཐུས། །བདག་སོགས་འགྲོ་ཀུན་དེང་ནས་བྱང་ཆུབ་བར། །མགོན་པོ་ཁྱོད་ཀྱིས་འབྲལ་མེད་རྗེས་བཟུང་ནས། །དོན་གཉིས་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག །ཅེས་པའང་དཔལ་ལྕགས་ཟམ་པ་ཆེན་པོའི་ཕྲིན་ལས་ཀྱི་གན་མཛོད་འཛིན་པ་མཆོག་གིས་ལྷ་རྫས་ཀྱི་རེག་བྱ་དང་བཅས་ཏེ་གསུང་གིས་བསྐུལ་བ་བཞིན་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་རང་ཉིད་ཀྱིས་སྨྲས་པའོ། །

ལྷ་རྩེ་དབོན་བླ་མ་མཆོག་གིས་གསུངས་ངོར།


JKT001_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་ཡུལ་གྲུབ་པའི་དབང་ཕྱུག་ཀུ་ཀུ་རི། །གངས་ཅན་རྣལ་འབྱོར་སྤྱོད་པ་ཐང་སྟོང་རྒྱལ། །དེང་འདིར་སུམ་ལྡན་རྡོ་རྗེ་འཛིན་པའི་ཚུལ། །ཡེ་ཤེས་རྒྱ་མཚོའི་ཞབས་ལ་གསོལ་བ་འདེབས། །སྐྱེ་ཞིང་སྐྱེ་བར་མགོན་པོ་མཆོག་ཁྱོད་ཀྱིས། །རྗེས་བཟུང་དམ་ཆོས་སྒྲུབ་པའི་བར་ཆད་ཞི། །ཉམས་རྟོགས་ཡོན་ཏན་ཡེ་ཤེས་གོང་འཕེལ་ནས། །འགྲོ་ཀུན་ཕྱམས་གཅིག་རྡོ་རྗེའི་སར་འགོད་ཤོག །ཅེས་པའང་ལྷ་རྩེ་དབོན་བླ་མ་མཆོག་གིས་གསུངས་ངོར་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ། །།འཇམ་པའི་དབྱངས་སོགས་སྲས་བཅས་རྒྱལ་ཀུན་གྱི། །མཁྱེན་བརྩེ་ནུས་པའི་ཡེ་ཤེས་གཅིག་བསྡུས་པ། །མཁས་གྲུབ་དབང་པོ་རྗེ་བཙུན་བླ་མ་མཆོག །བསྐལ་བརྒྱར་ཞབས་བརྟན་ཆོས་འཁོར་བསྐོར་གྱུར་ཅིག །དཔལ་ལྡན་བླ་མ་མཆོག་ལ་གསོལ་བཏབ་མཐུས། ཚེ་རབས་ཀུན་ཏུ་འབྲལ་མེད་རྗེས་བཟུང་ནས། །རང་གཞན་དོན་གཉིས་ལྷུན་གྱིས་གྲུབ་པ་དང་། །ཕན་བདེའི་དཔལ་འབྱོར་རྒྱས་པར་བྱིན་གྱིས་རློབས། །ཞེས་པའང་ལྷ་རྩེ་དབོན་བླ་མ་དམ་པས་གསུངས་ངོར་མཁྱེན་བརྩེའི་དབང་པོས་རང་ཉིད་ཀྱིས་སྨྲས་པ་དགེ་ཞིང་བཀྲ་ཤིས།། །།

སྐུ་ཞབས་འཇམ་དབྱངས་དབང་རྒྱལ་རྡོ་རྗེའི་བསྐུལ་ངོར།


JKT001_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་པའི་དབྱངས་དངོས་རྗེས་བཙུན་ས་སྐྱ་པའི། །བསྟན་འཛིན་མཁྱེན་དང་བརྩེ་བའི་དབང་པོ་ཆེ། །མཁས་ཀུན་དགའ་མཛད་བསྟན་པའི་རྒྱལ་མཚན་འཆང་། །དཔལ་ལྡན་ཕྲིན་ལས་བཟང་པོར་གསོལ་བ་འདེབས། །མགོན་ཁྱོད་ཚེ་མཐའ་ཡས་པའི་ངོ་བོར་རུ། །བསྐལ་བརྒྱར་ཞབས་བརྟན་ཆོས་འཁོར་བསྐོར་བ་དང་། །བདག་སོགས་བྱང་ཆུབ་བར་དུ་རྗེས་བཟུང་ནས། །བསམ་དོན་ཆོས་བཞིན་


JKT001_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུབ་པར་བྱིན་གྱིས་རློབས། །ཞེས་པའང་དཔལ་ས་སྐྱ་པའི་རྗེ་བཙུན་རིན་པོ་ཆེའི་ཕྲིན་ལས་ཀྱི་གན་མཛོད་འཆང་བ་སྐུ་ཞབས་འཇམ་དབྱངས་དབང་རྒྱལ་རྡོ་རྗེས་ལྷ་རྫས་ཀྱི་རེག་བྱ་དང་། བཀྲ་ཤིས་པའི་རྟགས་ཀྱི་རེ་ཁཱས་བཀྲ་བའི་ནང་དཀར་ཟུང་བཅས་ཆེད་དུ་བཀའ་གནང་ལྟར། བྱ་བྲལ་ཆོས་རྗེ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་རང་ཉིད་ཀྱིས་སྨྲས་བ་དོན་དང་ལྡན་པར་གྱུར་ཅིག། །།

རྡོ་རྗེ་འཛིན་པ་དབང་ཕྱུག་སེང་གེའི་ཞལ་འདོན་དུ།


JKT001_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

པདྨའི་རྒྱལ་ཚབ་མདོ་སྔགས་གླིང་པ་ལ། །མི་ཕྱེད་རྩེ་གཅིག་གུས་པས་གསོལ་བ་འདེབས། །འདི་ཕྱི་བར་དོ་ཀུན་ཏུ་བྱིན་གྱིས་རློབས། །འགལ་རྐྱེན་ཀུན་ཞི་མཆོག་ཐུན་དངོས་གྲུབ་སྩོལ། །ཞེས་པའང་ནང་སོ་རྡོ་རྗེ་འཛིན་པ་དབང་ཕྱུག་སེང་གེའི་ཞལ་འདོན་དུ་ནན་ཏན་ཆེན་པོས་རྒྱང་རིང་མོ་ནས་བསྐུལ་བ་ལྟར་མཁྱེན་བརྩེའི་དབང་པོ་པདྨ་འོད་གསལ་མདོ་སྔགས་གླིང་པས་བྲིས་པ་དགེ། །།

གདོང་དགོན་ཆོས་འཁོར་གླིང་གི་དགེ་སློང་ཀུན་དགའ་ཆོས་འཛིན་གྱི་ངོར།


JKT001_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་གནས་ཀུན་འདུས་བླ་མ་ལྷག་པའི་ལྷ། །རྡོ་རྗེ་རྣལ་འབྱོར་མ་ལ་གསོལ་བ་འདེབས། །ཚེ་འདི་བློས་ཐོངས་ཕྱི་མ་དོན་གཉེར་བས། །དབེན་པའི་གནས་སུ་བྱང་ཆུབ་སེམས་བསྐྱེད་ནས། །བླ་མའི་མོས་གུས་བཟོད་མེད་སྙིང་ལ་ཤར། །ཅིར་སྣང་ལྷ་དང་སྒྲ་གྲགས་སྔགས་ཀྱི་དབྱངས། །རྟོག་ཚོགས་བདེ་སྟོང་ཟུང་འཇུག་འོད་གསལ་དབྱིངས། །བསྐྱེད་རྫོགས་དབྱེར་མེད་ཉམས་ལེན་ལ་བརྟེན་ནས། །སྐུ་བཞིའི་གོ་འཕང་ཐོབ་པར་བྱིན་གྱིས་རློབས། །ཞེས་པའང་གདོང་དགོན་ཆོས་འཁོར་གླིང་གི་དགེ་སློང་ཀུན་དགའ་ཆོས་འཛིན་གྱི་ངོར་གསོལ་འདེབས་ཞལ་གདམས་སྨོན་ལམ་དང་འབྲེལ་བར་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ། །།

གསོལ་འདེབས།


JKT001_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་མགོན་ས་སྐྱའི་རྩ་བརྒྱུད་བླ་མ་དང་། །ཡི་དམ་སྙིང་པོ་དཔལ་ལྡན་ཀྱཻ་རྡོ་རྗེ། །མཁའ་འགྲོ་ཆོས་སྐྱོང་ནོར་ལྷའི་ཚོགས་རྣམས་ལ། །གུས་པས་གསོལ་འདེབས་ཡེ་ཤེས་སྤྱན་གྱིས་གཟིགས། །བདག་དང་བདག་གི་འབྲེལ་ཚད་ཡིད་ཅན་རྣམས། ཚེ་འདིར་ཚེ་རིང་ནད་མེད་ཉམས་རྟོགས་འཕེལ། །ཕྱི་མ་བདེ་ཅན་དག་པའི་ཞིང་སྐྱེས་ནས། །ཁམས་གསུམ་འགྲོ་ཀུན་འདྲེན་པར་བྱིན་གྱིས་རློབས། །ཞེས་པའང་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་སོ།། །།

རྒྱ་ཚན་སྤྲུལ་སྐུའི་མྱུར་འབྱོན་གསོལ་འདེབས།


JKT001_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་འཁོར་ལོའི་མགོན། །ངག་གི་དབང་ཕྱུག་ཀུན་དགའ་ལྷུན་གྲུབ་ཀྱི། །སྤྲུལ་པའི་ཟླ་སྣང་མྱུར་དུ་འཆར་བ་དང་། །སྐུ་ཚེ་བརྟན་ཅིང་ཕྲིན་ལས་རྒྱས་པར་ཤོག །རྩ་བརྒྱུད་བླ་མ་ཡི་དམ་མཁའ་འགྲོའི་ཚོགས། །ཆོས་སྐྱོང་སྲུང་མའི་བྱིན་རླབས་བདེན་སྟོབས་ཀྱིས། །རྒྱལ་བའི་མྱུ་གུའི་སྒྱུ་འཕྲུལ་མངོན་དུ་སྣང་། །བཤད་སྒྲུབ་བསྟན་པ་ཡུན་རིང་འབར་གྱུར་ཅིག །ཅེས་རྒྱ་ཚན་སྤྲུལ་པའི་སྐུའི་མྱུར་འབྱོན་གསོལ་འདེབས་སྨོན་ལམ་དང་བཅས་པ་འདིའང་། ངོ་ཁུ་རི་ཁྲོད་བླ་མ་མཆོག་གི་ཐུགས་བཞེད་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བྲིས་པ་སིདྡྷི་རསྟུ།། །།

གསོལ་འདེབས།


JKT001_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་པའི་དབྱངས་སོགས་སྲས་བཅས་རྒྱལ་ཀུན་དང་། །དབྱེར་མེད་མཁྱེན་བརྩེའི་ཡེ་ཤེས་ཆེ་བརྙེས་པ། །མཁས་གྲུབ་དབང་པོ་དཔལ་ལྡན་བླ་མ་ལ། །སྙིང་ནས་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །


JKT001_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བའི་གནས་ཀུན་མེ་འོབས་ལྟ་བུར་མཐོང་། །དལ་འབྱོར་རྙེད་དཀའ་ནམ་འཆི་ངེས་མེད་རྟོགས། །ལས་འབྲས་བསླུ་བ་མེད་པར་ཁོང་ཆུད་ནས། །བླང་དོར་ཚུལ་བཞིན་བརྩོན་པར་བྱིན་གྱིས་རློབས། །བྱམས་དང་སྙིང་རྗེ་སྨོན་འཇུག་བྱང་སེམས་འབྱོངས། །ཞི་གནས་ཏིང་འཛིན་རྒྱ་མཚོར་འཇུག་ཅིང་ལྡང་། །ལྷག་མཐོང་ཟབ་མོའི་ཤེས་རབ་ཕ་རོལ་ཕྱིན། །སྤྲོས་བྲལ་གནས་ལུགས་མཐོང་བར་བྱིན་གྱིས་རློབས། །དབང་གི་སྨིན་ཅིང་དམ་ཚིག་རྣམ་པར་དག །གཞི་རྒྱུད་འཁོར་འདས་དབྱེར་མེད་ལྟ་བ་རྟོགས། །ལམ་རྒྱུད་རིམ་གཉིས་ཡེ་ཤེས་མངོན་དུ་གྱུར། །འབྲས་རྒྱུད་སྐུ་བཞི་འགྲུབ་པར་བྱིན་གྱིས་རློབས། །མདོར་ན་འདི་ནས་བྱང་ཆུབ་སྙིང་པོའི་བར། །རྗེ་བཙུན་བླ་མས་འབྲལ་མེད་རྗེས་བཟུང་སྟེ། །བར་ཆད་ཀུན་ཞི་བསམ་སྦྱོར་ཆོས་བཞིན་འགྲུབ། །དོན་གཉིས་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབས། །ཞེས་དགེ་སློང་དགེ་བའི་བཤེས་གཉེན་བོདྷི་བྷ་དྲས་ཚུལ་འདི་ལྟ་བུ་ཞིག་དགོས་ཞེས་བསྐུལ་བ་ལྟར། །གསུང་ངག་རིན་པོ་ཆེའི་ལམ་རིམ་མདོར་བསྡུས་པ་བརྗོད་བྱར་བྱས་ཏེ། གསོལ་འདེབས་བསླབ་བྱ་དང་འབྲེལ་བ་འདིའང་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བྲིས་པ་དོན་དང་ལྡན་པར་གྱུར་ཅིག། །།རྒྱལ་ཀུན་སྙིང་རྗེའི་རང་གཟུགས་གཅིག་བསྡུས་པ། །བླ་མ་འཕགས་མཆོག་སྡུག་བསྔལ་རང་གྲོལ་ལ། །གསོལ་བ་འདེབས་སོ་འགལ་རྐྱེན་བར་ཆད་སོལ། །བདེ་ཆེན་ཞིང་དུ་སྐྱེ་


JKT001_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱིན་གྱིས་རློབས། །ཞེས་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་སོ།། །།འཇིགས་མེད་ཀ་དག་གདོད་མའི་ཡེ་ཤེས་དབྱིངས། །མཐའ་ཀླས་མཁྱེན་བརྩེའི་ཡོན་ཏན་ལྷུན་གྲུབ་པ། །གང་འདུལ་ཐུགས་རྗེའི་ཟློས་གར་སྲིད་པ་ན། །རྒྱལ་བའི་མྱུ་གུར་ཤར་ལ་གསོལ་བ་འདེབས། །འཇམ་དབྱངས་མཁྱེན་པའི་ཆུ་གཏེར་ལས་བྱུང་བའི། །བརྩེ་ཆེན་སྙིང་རྗེའི་ཉིན་མོར་བྱེད་པའི་གཟུགས། །ཡོངས་རྫོགས་བསྟན་པ་རྒྱ་མཚོའི་ནམ་མཁའ་རུ། །ཞབས་པད་རྡོ་རྗེའི་ཁམས་སུ་འཚོ་གཞེས་གསོལ། །བདག་ཀྱང་དེང་ནས་བྱང་ཆུབ་སྙིང་པོའི་བར། །མགོན་པོ་ཁྱོད་ཀྱིས་འབྲལ་མེད་རྗེས་བཟུང་ཞིང་། །ཚུལ་གནས་གསན་བསམ་སྒོམ་པ་མཐར་སོན་ནས། །རང་གཞན་དོན་གཉིས་ལྷུན་གྱིས་གྲུབ་པར་ཤོག །ཅེས་དད་ལྡན་སྒྲུབ་ལ་བརྩོན་པའི་སློབ་མ་དགེ་སློང་འཇིགས་མེད་གཞན་ཕན་གྱིས་ནན་ཏན་དུ་གསོལ་བ་བཏབ་བཞིན་འཇིགས་མེད་མཁྱེན་བརྩེའམ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་རང་ཉིད་ཀྱིས་སྨྲས་བ་དགེ་ལེགས་སུ་གྱུར་ཅིག །ཕྱོགས་བཅུ་དུས་གསུམ་རྒྱལ་བ་སྲས་བཅས་ཀྱི། །མི་ཕྱེད་འོད་གསལ་ཐུགས་ཀྱི་ཡེ་ཤེས་སྐུ། །དཔལ་ལྡན་བླ་མ་རྡོ་རྗེ་སེམས་དཔའ་ལ། །སྙིང་ནས་གསོལ་བ་འདེབས་སོ་བརྩེ་བས་དགོངས། །བདག་གི་སྡིག་ལྟུང་སྤྱི་དང་ཁྱད་པར་དུ། །མི་ཤེས་ཉོན་མོངས་བག་མེད་མ་གུས་དང་། །བར་ཆད་དབང་གིས་དཔལ་ལྡན་བླ་མ་ཡི། །སྐུ་གསུམ་ཐུགས་དང་འགལ་བའི་ཉེས་པ་ཀུན། །


JKT001_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

འགྱོད་པ་ཆེན་པོས་བཤགས་ཤིང་ཕྱིན་ཆད་བསྡམ། །ལུས་ངག་ཡིད་གསུམ་ལོངས་སྤྱོད་དང་བཅས་པའི། །དོན་ཡོད་རྣམ་བཞིས་རྟག་ཏུ་མཉེས་བགྱིད་ན། །སྒྲིབ་མེད་ཚངས་པའི་དངོས་གྲུབ་སྩོལ་ནས་ཀྱང་། །བྱང་ཆུབ་བར་དུ་འབྲལ་མེད་རྗེས་འཛིན་ཤོག །ཨི་དཾ་སརྦ་ཤིཏྟཱ་ཎཾ་ཏྲི་མུ་ཁ་བི་ཤུདྡྷཾ་བྷ་བ་ཏུ།། །།བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དང་། །དཀོན་མཆོག་རྒྱ་མཚོའི་ཚོགས་ལ་གསོལ་བཏབ་མཐུས། །ཚེ་འདིར་ཚེ་རིང་ནད་མེད་ཉམས་རྟོགས་འཕེལ། །ཕྱི་མ་བདེ་བ་ཅན་གྱི་ཞིང་ཁམས་སུ། །པདྨོའི་ཟེའུ་འབྲུར་བརྫུས་ཏེ་སྐྱེས་ནས་ཀྱང་། །འོད་དཔག་མེད་པས་ལུང་བསྟན་དབུགས་དབྱུང་སྟེ། །སྤྱན་རས་གཟིགས་དང་དབྱེར་མེད་སངས་རྒྱས་ནས། །མཁའ་ཁྱབ་འགྲོ་ཀུན་སྤྲུལ་པས་འདྲེན་པར་ཤོག། །།སྲས་བཅས་རྒྱལ་བ་ཀུན་གྱི་ཡབ་གཅིག་པུ། །འཇམ་དཔལ་ཡེ་ཤེས་སེམས་དཔའི་རྡོ་རྗེའི་རྒྱུད། །རྩེ་གཅིག་གུས་པས་ཁ་ཏོན་བགྱིས་པ་ཡི། །ལེགས་བྱས་བྱང་ཆུབ་སྙིང་པོར་ཡོངས་སུ་བསྔོ། །དགེ་བ་འདི་ཡིས་སྐྱེ་ཞིང་སྐྱེ་བ་ཀུན། །དལ་འབྱོར་འཁོར་ལོ་བཞི་ལྡན་རྟེན་བཟང་ཐོབ། །ཐེག་མཆོག་བཤེས་དང་ནམ་ཡང་མི་འབྲལ་བར། །བཀའ་བཞིན་སྒྲུབ་པའི་མཆོད་པས་མཉེས་བྱེད་ཤོག །ཚུལ་ཁྲིམས་དག་ཅིང་ཐོས་བསམ་སྒོམ་པར་ལྡན། །རྒྱལ་བསྟན་སྤྱི་དང་རྫོགས་པ་ཆེན་པོ་ཡི། །རིང་ལུགས་སྲིད་མཐའི་བར་དུ་སྤེལ་བ་


JKT001_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །འགྲོ་ཀུན་ཕྱམས་གཅིག་རྣམ་མཁྱེན་སར་འགོད་ཤོག །ཅེས་པའང་དགེ་སྦྱོང་འགྱུར་མེད་བཟང་པོས་གསུང་ངོར་མཁྱེན་བརྩེའི་དབང་པོས་སྤེལ་བ་སིདྡྷི་རསྟུ།། །།སྐྱབས་གནས་ཀུན་འདུས་དྲིན་ཆེན་བླ་མ་ལ། །མི་ཁྱེད་གདུང་ཤུགས་དྲག་པོས་གསོལ་བ་འདེབས། །འདི་ཕྱི་བར་དོ་ཀུན་ཏུ་ཐུགས་རྗེས་གཟིགས། །བསམ་སྦྱོར་ཆོས་བཞིན་འགྲུབ་པར་བྱིན་གྱིས་རློབས།། །།དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །མཁྱེན་བརྩེ་ནུས་གསུམ་གཅིག་བསྡུས་པ། །དྲིན་ཅན་རྩ་བའི་བླ་མ་ལ། །སྙིང་ནས་གདུང་བས་གསོལ་བ་འདེབས། །བློ་སྣ་ཆོས་སུ་འགྱུར་བ་དང་། །དམ་ཆོས་ལམ་དུ་ལོངས་པ་དང་། །ལམ་གྱི་འཁྲུལ་པ་ཞི་བ་དང་། །འཁྲུལ་སྣང་ཡེ་ཤེས་ཆེན་པོར་ཤར། །འཁོར་འདས་དབྱེར་མེད་ལྟ་བ་རྟོགས། །བསྐྱེད་རྫོགས་ཟུང་འཇུག་སྒོམ་པ་གསལ། །སྡོམ་གསུམ་སྤྱོད་པ་རྣམ་པར་དག །སྐུ་བཞི་དབྱེར་མེད་འབྲས་བུ་ཐོབ། །འབྲེལ་ཚད་ཡིད་ཅན་མ་ལུས་ཀུན ད། །བདེ་ཅན་ཞིང་དུ་དབུགས་དབྱུང་ནས། །རང་གཞན་དོན་གཉིས་ལྷུན་གྲུབ་པའི། །སྐལ་པ་བཟང་པོར་བྱིན་གྱིས་རློབས།། །།དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཡུམ་གྱུར་རྗེ་བཙུན་སྒྲོལ་མ་དང་། །དབྱེར་མེད་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །བདག་དང་མཐའ་ཡས་སེམས་ཅན་ཀུན། འཇིགས་པ་བརྒྱད་དང་བཅུ་དྲུག་སོགས། །ཕྱི་དང་ནང་གི་འགལ་


JKT001_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

དགུ་རྐྱེན་ཀུན། །ཉེ་བར་ཞི་བར་བྱིན་གྱིས་རློབས། །མཐུན་རྐྱེན་ཚེ་བསོད་དཔལ་འབྱོར་རྒྱས། །བསམ་སྦྱོར་ཐམས་ཅད་ཆོས་བཞིན་འགྲུབ། །ཕྱི་མ་བདེ་ཅན་ཞིང་ཁམས་སུ། །བྱང་ཆུབ་ཐོབ་པར་བྱིན་གྱིས་རློབས། །ཞེས་པའང་དབུ་མཛད་བསོད་རྒྱལ་མཆེད་ཀྱི་ཁ་ཏོན་དུ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ་ཞིང་བཀྲ་ཤིས། །།ཨོཾ་སྭསྟི། བཀྲ་ཤིས་དགེ་ལེགས་བྱེ་བས་བསྐྲུན་པའི་སྐུ། །ཕུན་ཚོགས་ཚེ་དང་ཡེ་ཤེས་སྣང་བའི་གསུང་། །མི་འགྱུར་རྟག་པ་དམ་པའི་འོད་གསལ་ཐུགས། །རྡོ་རྗེའི་སྐུ་གསུང་ཐུགས་ཀྱིས་ཤིས་པ་སྩོལ།། །།འཇམ་པའི་དབྱངས་སོགས་ཕྱོགས་བཅུའི་རྒྱལ་ཀུན་གྱི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་ངོ་བོར་ཉིད། །མཁྱེན་བརྩེའི་དབང་པོ་ཁྱབ་བདག་བླ་མ་ལ། །སྙིང་ནས་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །མགོན་ཁྱོད་བསྐལ་པ་རྒྱ་མཚོར་འཚོ་གཞེས་ཤིང་། །བདག་སོགས་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །འབྲལ་མེད་རྗེས་བཟུང་ཕྱི་ནང་བར་ཆད་ཞི། །རང་གཞན་དོན་གཉིས་འགྲུབ་པར་བྱིན་གྱིས་རློབས། །ཞེས་པའང་དད་ལྡན་ཀུན་དགའ་དང་། བྱམས་པ་ཕུན་ཚོགས་ཀྱི་ཞལ་ངོར་མཁྱེན་བརྩེའི་དབང་པོ་རང་ཉིད་ཀྱིས་སྨྲས་པ་དགེ། །།ཕྱོགས་བཅུ་དུས་བཞིའི་སྐྱབས་གནས་ཐམས་ཅད་ཀྱི། །སྐུ་གསུམ་ཐུགས་ཡོན་ཕྲིན་ལས་འདུས་པའི་དངོས། །རིགས་ཀུན་ཁྱབ་བདག་པདྨ་འབྱུང་གནས་དང་། །དབྱེར་མེད་དཔལ་ལྡན་བླ་མར་གསོལ་བ་འདེབས། །


JKT001_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

དལ་འབྱོར་རྙེད་དཀའ་ནམ་འཆི་ངེས་མེད་རྟོགས། །ལས་འབྲས་ཡིད་ཆེས་འཁོར་བར་ངེས་འབྱུང་དང་། །བྱང་ཆུབ་སྙིང་རྗེ་བྱང་ཆུབ་སེམས་གཉིས་སྐྱེ། །ཐུན་མོང་ལམ་རིམ་འབྱོངས་པར་བྱིན་གྱིས་རློབས། །བླ་མའི་བྱིན་རླབས་དོན་གྱི་བརྒྱུད་པ་ཟིན། །སེམས་ཉིད་གཉུག་མའི་གནས་ལུགས་མངོན་དུ་གྱུར། །ཡེངས་མེད་འཛིན་མེད་ཉམས་ལེན་མཐར་ཕྱིན་ནས། །རང་གཞན་དོན་གཉིས་འགྲུབ་པར་བྱིན་གྱིས་རློབས། །ཞེས་པའང་མཁྱེན་བརྩེའི་དབང་པོས་སྤེལ་བ་དགེ། །༅། །གསལ་སྟོང་ཟུང་འཇུག་སྤྲོས་བྲལ་ལྟ་བ་རྟོགས། །ཡེངས་མེད་འཛིན་མེད་སྒོམ་པ་ལམ་དུ་ཁྱེར། །སྡོམ་པ་གསུམ་གྱི་ཀུན་སྤྱོད་རྣམ་པར་དག །དབང་བཞིའི་འབྲས་བུ་ཚེ་འདིར་འགྲུབ་པར་ཤོག །ཅེས་པ་འདི་ལམ་ཟབ་བླ་མཆོད་ཀྱི་ཕྱག་འཚལ་མཇུག་ཏུ་འདོན་ན་ལེགས་ཞེས་མཁྱེན་བརྩེའི་དབང་པོས་བྲིས།། །།རྩ་གསུམ་ཀུན་འདུས་པདྨ་འབྱུང་གནས་དང་། །ཐུགས་རྗེ་མྱུར་མ་རྗེ་བཙུན་སྒྲོལ་མའི་ཞབས། །དབྱེར་མེད་ཁྱབ་བདག་དཔལ་ལྡན་བླ་མ་ལ། །སྙིང་ནས་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །དལ་འབྱོར་རྙེད་དཀའ་ནམ་འཆི་ངེས་མེད་དྲན། །འཁོར་བའི་སྡུག་བསྔལ་མཐོང་བའི་ངེས་འབྱུང་གིས། །ལས་འབྲས་བླང་དོར་ཚུལ་བཞིན་ནུས་པ་དང་། །བྱང་ཆུབ་སེམས་གཉིས་འབྱོང་བར་བྱིན་གྱིས་རློབས། །ཁྱད་པར་རང་གཞན་སེམས་ཅན་ཐམས་ཅད་ཀུན། །འགལ་རྐྱེན་ཀུན་ཞི་ཚེ་བསོད་དཔལ་


JKT001_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་རྒྱས། །ཕྱི་མ་བདེ་བ་ཅན་ཀྱི་ཞིང་སྐྱེས་ནས། །མྱུར་དུ་རྣམ་མཁྱེན་ཐོབ་པར་བྱིན་གྱིས་རློབས། །ཞེས་པའང་དད་གཏོང་འབྱོར་བའི་དཔལ་གྱིས་མཐོ་བ་ཚ་ལ་ཨ་འཕེན་གྱིས་གསུངས་ངོར། །མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བྲིས་པ་དེ་དེ་བཞིན་དུ་འགྲུབ་པར་བླ་མ་རྒྱལ་བ་སྲས་དང་བཅས་པས་བྱིན་གྱིས་བརླབ་ཏུ་གསོལ།། །།སངས་རྒྱས་ཀུན་གྱི་ཡེ་ཤེས་གཅིག་བསྡུས་པ། །དཔལ་ལྡན་རྡོ་རྗེ་འཛིན་པའི་ངོ་བོ་ཉིད། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་ལ། །སྙིང་ནས་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །འཁོར་བའི་གནས་ཡུལ་མེ་འོབས་ལྟ་བུར་མཐོང་། །རང་དོན་ཡིད་བྱེད་མཚན་མ་རྣམ་པར་ཞི། །བྱམས་དང་སྙིང་རྗེ་སྨོན་འཇུག་བྱང་སེམས་འབྱོངས། །ངེས་དོན་གནས་ལུགས་རྟོགས་པར་བྱིན་གྱིས་རློབས། །སྐྱེ་བའི་ཕྲེང་བ་ཀུན་ཏུ་མགོན་ཁྱོད་ཀྱིས། །འབྲལ་མེད་རྗེས་བཟུང་དོན་གཉིས་ལྷུན་གྱིས་གྲུབ། །མཐོང་ཐོས་དྲན་རེག་འགྲོ་ཀུན་སྨིན་ཅིང་གྲོལ། །སྐུ་བཞིའི་གོ་འཕང་ཐོབ་པར་བྱིན་གྱིས་རློབས། །ཞེས་པའང་བླ་མ་ཨོ་རྒྱན་བསམ་འགྲུབ་ནས་བསྐུལ་ངོར་མཁྱེན་བརྩེའི་དབང་པོས་བྲིས་པ་དོན་དང་ལྡན་པར་གྱུར་ཅིག། །།འཇམ་པའི་དབྱངས་སོགས་སྲས་བཅས་རྒྱལ་ཀུན་གྱི། །མཁྱེན་བརྩེ་ནུས་གསུམ་གཅིག་ཏུ་བསྡུས་པའི་དངོས། །མཁས་གྲུབ་དབང་པོ་དཔལ་ལྡན་བླ་མ་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །འདི་ཕྱིར་བར་དོའི་སྡུག་བསྔལ་


JKT001_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་བ་དང་། །ཚེ་བསོད་དཔལ་འབྱོར་མཐུན་རྐྱེན་ལེགས་ཚོགས་རྒྱས། །འབྲེལ་ཚད་འགྲོ་ཀུན་བདེ་ཅན་ཞིང་ཁམས་སུ། །བྱང་ཆུབ་གོ་འཕང་ཐོབ་པར་བྱིན་གྱིས་རློབས། །ཞེས་པའང་དད་པ་དང་ལྡན་པས་གསོལ་བ་བཏབ་པའི་ངོར། །མཁྱེན་བརྩེའི་དབང་པོ་རང་ཉིད་ཀྱིས་བྲིས་པ་དགེ། །།སྐྱབས་གནས་རྒྱང་འབོད་ཀྱི་གསོལ་འདེབས་བྱིན་རླབས་མྱུར་སྩོལ་ཅེས་བྱ་བ་བཞུགས་སོ། །བསླུ་མེད་སྐྱབས་ཀྱི་སྙིང་པོ་རིན་ཆེན་གསུམ། །བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དང་། །འཇམ་དབྱངས་སྤྲུལ་པའི་རྣམ་རོལ་ས་སྐྱ་པ། །འཇིག་རྟེན་མགོན་པོ་ངོར་ཆེན་རྡོ་རྗེ་འཆང་། །གསང་འཛིན་མངའ་བདག་ཚར་ཆེན་ཆོས་ཀྱི་རྗེ། །འཁོར་ལོའི་མགོན་པོ་ཐར་རྩེ་རྡོ་རྗེ་འཆང་། །འཇམ་དབྱངས་བླ་མ་མཁྱེན་བརྩེའི་དབང་པོ་སོགས། །སྐྱབས་གནས་དཀོན་མཆོག་རྒྱ་མཚོའི་ཚོགས་རྣམས་ཀུན། །སྙིང་ནས་འབོད་དོ་ཡེ་ཤེས་སྤྱན་གྱིས་གཟིགས། །བདག་དང་མཁའ་མཉམ་སེམས་ཅན་མ་གི ལུས་ཀུན། །འདི་ཕྱིར་བར་དོའི་གནས་སྐབས་ཐམས་ཅད་དུ། །འབྲལ་མེད་ཐུགས་རྗེ་ཆེན་པོས་རྗེས་སུ་ཟུངས། །སྲིད་ལས་ངེས་འབྱུང་སྐྱེ་བར་བྱིན་གྱིས་རློབས། །སྨོན་འཇུག་བྱང་སེམས་འབྱོངས་པར་བྱིན སྤྲོས་བྲལ་ལྟ་བ་རྟོགས་པར༴ དབང་བཞིས་རང་རྒྱུད་སྨིན་པར༔ དམ་ཚིག་སྡོམ་པ་དག་པར༔ འཁོར་འདས་དབྱེར་མེད་འཆར་བར བསྐྱེད་རིམ་གསལ་སྣང་འགྲུབ་པར རྫོགས་རིམ་ཡེ་ཤེས་སྐྱེ་བར༴ མྱུར་


JKT001_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

དུ་རྣམ་མཁྱེན་ཐོབ་པར་བྱིན་གྱིས་རློབས། །གནས་སྐབས་སུ་ཡང་དང་ཆོས་སྒྲུབ་པའི་གེགས། །ཕྱི་ནང་གསང་བའི་འགལ་རྐྱེན་ཀུན་ཞི་ཞིང་། །མཐུན་རྐྱེན་མ་ལུས་ཕུན་སུམ་ཚོགས་པ་ཡིས། །རང་གཞན་དོན་གཉིས་འགྲུབ་པའི་བཀྲ་ཤིས་སྩོལ། །ཅེས་པའང་དགེ་བའི་བཤེས་གཉེན་བྱམས་པ་བསྟན་འཛིན་གྱིས་བསྐུལ་ངོར་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་སྨྲས་པ་དོན་དང་ལྡན་པར་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། །།


previousགསོལ་འདེབས་ཞབས་བརྟན་སྐོར།next