Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
  expand section
  expand section
   
   
   


 
previousཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས་པ་དོན་གཉིས་ལྷུན་གྲུབ།next

ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས་པ་དོན་གཉིས་ལྷུན་གྲུབ།


JKT001_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས་པ་དོན་གཉིས་ལྷུན་གྲུབ་བཞུགས། །སྲས་བཅས་རྒྱལ་བའི་ཐུགས་རྗེའི་རྒྱ་མཚོ་ལས། །ལྔ་བདོའི་མུན་པ་འཇིལ་མཛད་སྤྲུལ་པའི་སྐུ། །འཛམ་གླིང་བསྟན་པ་ཉིན་མོར་བྱེད་པའི་དཔལ། །ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས། །རྣམ་འདྲེན་བཞི་པ་ཤཱཀྱའི་རྒྱལ་པོ་ཉིད། །གཙུག་ཏོར་སྤངས་ནས་སིནྡྷའི་དྭངས་མཚོ་རུ། །ཆུ་སྐྱེས་གེ་སར་བཞད་པའི་རྩེར་ཞུགས་པའི། །སངས་རྒྱས་གཉིས་པ་མཚོ་སྐྱེས་རྡོ་རྗེར་འདུད། །རིག་འཛིན་བླ་མ་ཀུན་གྱི་ཡེ་ཤེས་གཟུགས། །གར་གྱི་དབང་ཕྱུག་ཡི་དམ་འཁོར་ལོའི་མགོན། །ལས་བཞི་ལྷུན་གྲུབ་རབ་འབྱམས་མཁའ་འགྲོའི་རྗེ། །རྩ་གསུམ་ཀུན་འདུས་ཨོ་རྒྱན་ཆེན་པོ་མཁྱེན། །བདག་སོགས་བསྐལ་མང་ལས་ཉོན་ས་བོན་ལ། །འཕྲལ་བྱུང་ཉེར་ལེན་ཆར་གྱིས་བྲན་པ་ཡིས། །སྡུག་བསྔལ་འཁྲི་ཤིང་སྤོམ་པོར་གྱུར་པ་ཀུན། །ཐུགས་རྗེ་ཡེ་ཤེས་མེ་ལྕེས་བསྲེག་ཏུ་གསོལ། །ཁྱད་པར་སྙིགས་ལས་ཆེར་སྙིགས་རང་མདངས་ཀྱིས། །ནད་མཚོན་མུ་གེ་ལོག་པའི་ལྟ་བ་ཡིས། །འགྲོ་ཀུན་ལམ་མིན་གཡང་སར་ལྷུང་བའི་ཚེ། །གང་གི་མཁྱེན་བརྩེའི་ལྕགས་ཀྱུས་བཟུང་དུ་གསོལ། །དེ་མཐུས་ཀུན་ཀྱང་ཡང་དག་ལྟ་ལ་དད། །རྫོགས་ལྡན་དགའ་སྟོན་གསར་པའི་ལོངས་སྤྱོད་ཀྱིས། །རྣམ་པར་འཚོ་ཞིང་བག་མེད་ལས་སྤངས་ཏེ། །མཐར་ཐུགས་གང་གི་ཐུགས་རྗེས་དབུགས་འབྱིན་གསོལ། །ནམ་ཞིག་ཚེ་འདིའི་འདུ་བྱེད་འཕོ་བའི་ཚེ། །རང་སྣང་རྣམ་དག་ཟངས་མདོག་དཔལ་རི་


JKT001_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

རུ། །རང་རིག་རྗེ་བཙུན་གུ་རུས་རྗེས་བཟུང་སྟེ། །རིག་འཛིན་རྣམ་བཞིའི་གོ་འཕང་མྱུར་ཐོབ་ཤོག །དེ་ལྟར་སྨོན་ལམ་བཏབ་པའི་མཐུ་བྱིན་གྱིས། །གནས་སྐབས་དུས་ཀྱི་རྒུད་པས་ཉེན་པའི་འགྲོ། ། །།ཕན་དང་བདེ་བའི་དགའ་སྟོན་རྟག་སྤྱོད་ཅིང་། །མཐར་ཐུག་རིག་འཛིན་བླ་མའི་ས་ཐོབ་ཤོག །ཅེས་པ་འདིའང་རྒྱལ་དབང་མཚོ་སྐྱེས་རྡོ་རྗེ་ལ་མི་ཕྱེད་པའི་དད་པས་མཚམས་སྦྱར་ཏེ་གཞོན་ནུ་ཨ་བྷཱ་ཡས་རང་ལོ་བཅུ་བཞི་པ་ཆུ་མོ་སྦྲུལ་གྱི་ལོར་གང་ཤར་བཟོ་མེད་དུ་ཆོ་འཕྲུལ་ཟླ་བའི་ཚེས་བཅུའི་ནུབ་མོར་གསོལ་བ་བཏབ་པ་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག །


previousཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས་པ་དོན་གཉིས་ལྷུན་གྲུབ།next