Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
  expand section
  expand section
   
   
   


 
previousའཆི་མེད་པདྨ་འོད་འབར་ལ་གསོལ་བ་འདེབས་པ་ཚེ་དང་ཡེ་ཤེས་མཆོག་སྦྱིན།next

འཆི་མེད་པདྨ་འོད་འབར་ལ་གསོལ་བ་འདེབས་པ་ཚེ་དང་ཡེ་ཤེས་མཆོག་སྦྱིན།


JKT001_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

༈ འཆི་མེད་པདྨ་འོད་འབར་ལ་གསོལ་བ་འདེབས་པ་ཚེ་དང་ཡེ་ཤེས་མཆོག་སྦྱིན་ཅེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་པདྨ་ཀ་རཱ་ཡ། །འཆི་མེད་གཉུག་མའི་རྡོ་རྗེའི་ཡེ་ཤེས་ནི། །འཆི་མེད་རྟག་པ་དམ་པའི་ངོ་བོ་ཉིད། །འཆི་མེད་པདྨ་འོད་འབར་ཚེ་མཐའ་ཡས། །འཆི་མེད་ཆོས་ཀྱི་སྐུ་ལ་གསོལ་བ་འདེབས། །འཆི་མེད་བདེ་ཆེན་འཕགས་མཆོག་སྙིང་རྗེའི་གཏེར། །འཆི་མེད་སྟོང་ཉིད་གསང་བ་ཡེ་ཤེས་ཡུམ། །འཆི་མེད་གྲུབ་པའི་རྣམ་རོལ་ཐོད་ཕྲེང་ལྔ། །འཆི་མེད་ལོངས་སྤྱོད་རྫོགས་སྐུར་གསོལ་བ༴ །འཆི་མེད་གདོད་མའི་ངང་ལས་མ་གཡོས་བཞིན། །འཆི་མེད་རྡོ་རྗེའི་མཚན་མཆོག་བརྒྱད་ལ་སོགས། །འཆི་མེད་སྒྱུ་འཕྲུལ་དྲ་བའི་གཟུགས་འཆང་བ། །འཆི་མེད་སྤྲུལ་པའི་སྐུ་ལ་གསོལ༴ །འཆི་མེད་ཟུང་འཇུག་གོ་འཕང་མངོན་གྱུར་པས། །འཆི་མེད་འདོད་དགུར་འཆར་བའི་ཡོན་ཏན་གྱིས། །འཆི་མེད་དགེ་མཚན་སྣང་བ་རབ་འབར་བ། །འཆི་མེད་རིག་འཛིན་མཆོག་ལ༴ །འཆི་མེད་བདུད་རྩིའི་རྒྱུན་གྱིས་ལུས་ཅན་ཀུན། །འཆི་མེད་ཚེ་ཡི་པདྨོ་རྒྱས་པ་དང་། །འཆི་མེད་ཡེ་ཤེས་སྩོལ་མཛད་ཕྲིན་ལས་ཅན། །འཆི་མེད་མཚོ་སྐྱེས་བླ་མར་གསོལ་བ་འདེབས། །གསོལ་བ་འདེབས་སོ་ཀུན་བཟང་པདྨ་འབྱུང་། །བྱིན་གྱིས་རློབས་ཤིག་ཨོ་རྒྱན་


JKT001_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

ཐོད་ཕྲེང་རྩལ། །བར་ཆད་སོལ་ཅིག་པདྨ་ཧེ་རུ་ཀ །དངོས་གྲུབ་རྣམ་གཉིས་ཚེ་འདིར་འགྲུབ་པར་མཛོད། །ནོར་བུ་སྨན་སོགས་ཕྱི་ཡི་རྟེན་འབྲེལ་དང་། །རྣལ་འབྱོར་ནུས་པ་ནང་གི་ཐབས་མཁས་ཀྱིས། །དུས་མིན་འཆི་བ་མཐའ་དག་ཞི་བྱས་ནས། །རིང་འཚོའི་དགའ་སྟོན་རྒྱས་པར་བྱིན་གྱིས་རློབས། །ཚུལ་ཁྲིམས་དག་པས་ལྷར་བཅས་ཀུན་གྱིས་སྲུང་། །བྱང་ཆུབ་སེམས་ཀྱིས་གདོན་བགེགས་དབང་དུ་གྱུར། །སྤྲོས་བྲལ་ལྟ་བས་སྐྱེ་འཆིའི་འཁྲུལ་སྣང་ཀུན། །གདོད་མའི་དབྱིངས་སུ་གྲོལ་བར་བྱིན་གྱིས་རློབས། །དཔལ་ལྡན་བླ་མའི་ཐུགས་རྗེའི་འོད་ཟེར་གྱིས། །ཕྱི་སྣོད་འབྱུང་ལྔའི་ཁམས་དང་སྲིད་ཞིའི་བཅུད། །བཀུག་སྟེ་ནང་གི་སྒོ་གསུམ་ལ་བསྟིམས་པས། །འགྱུར་མེད་རྡོ་རྗེའི་ངོ་བོར་བྱིན༔ རྒུད་པ་མེད་པའི་ལང་ཚོའི་གཟི་འོད་དང་། །སྟོབས་དང་རྩལ་གྱིས་ཕས་རྒོལ་ཟིལ་གནོན་ཅིང་། །དངོས་གྲུབ་བསོད་ནམས་རྣམ་པར་རྒྱས་པའི་དཔལ། །དབང་བཅུའི་མངའ་ཐང་འཕེལ་བར༔ འཆི་མེད་སྲོག་གི་མདུད་པ་དམ་པོར་བཅིངས། །མི་ཤིགས་ཚེ་ཡི་ལྗོན་བཟང་རབ་ཏུ་བརྟན། མ་འགག་བློ་དང་མྱུར་བའི་སྤོབས་པ་ཡིས། །ཕྱོགས་ལས་རྣམ་པར་རྒྱལ་བར༔ བསྐྱེད་རིམ་གསལ་བས་ཕུང་ཁམས་རྡོ་རྗེར་དག །བཟླས་བརྗོད་ནུས་པ་སྲོག་རྩོལ་རྡོ་རྗེར་རྫོགས། །གང་ཤར་རྟོག་ཚོགས་རང་གྲོལ་གཉུག་མའི་ངང་། །ཡེ་ཤེས་རྡོ་རྗེར་སྨིན་པར༴


JKT001_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་སྦྱོར་རླུང་གིས་འཆི་བདག་གཡུལ་ལས་རྒྱལ། །གཏུམ་མོའི་དྲོད་ཀྱིས་སྟོབས་དང་གཟི་བརྗིད་རྒྱས། །འབར་འཛག་ཞུ་བདེའི་རགས་པའི་རྩ་ཐིག་རླུང་། །དྭངས་མའི་ལུས་སུ་འགྲུབ་པར༔ བདེ་ཆེན་སྣང་ཆ་པདྨ་འོད་འབར་དང་། །ཤེས་རབ་མནྡཱ་ར་བ་མཉམ་སྦྱོར་བས། །དགའ་བཞི་དབུ་མར་རྫོགས་པའི་སྐད་ཅིག་ལ། །ལྷན་སྐྱེས་ཡེ་ཤེས་འཆར་བར༔ ཀ་དག་རིག་པ་སྐྱེ་འཆི་བྲལ་བར་རྟོགས། །ལྷུན་གྲུབ་སྣང་བཞི་མི་ཕྱེད་ཐིག་ལེར་ཤར། །ཟུང་འཇུག་འཇའ་ལུས་རྡོ་རྗེའི་ཞིང་ཁམས་སུ། །འཆི་མེད་སྐུ་གསུམ་འགྲུབ་པར་བྱིན་གྱིས་རློབས། །མདོར་ན་གནས་སྐབས་ཚེ་བསོད་དཔལ་འབྱོར་སོགས། །ཆོས་མཐུན་བསམ་སྦྱོར་གེགས་མེད་མཐར་ཕྱིན་ཅིང་། །མཐར་ཐུག་འཆི་མེད་རྟག་པའི་ཕྲིན་ལས་ཀྱིས། །དོན་གཉིས་ཡིད་བཞིན་འགྲུབ་པར་བྱིན་གྱིས་རློབས། །བཀྲ་ཤིས་སྲིད་དང་ཞི་བའི་ཡོན་ཏན་གྱི། །དགེ་ལེགས་སྣང་བ་ནུབ་པ་མེད་པའི་ཕུལ། །ཕུན་ཚོགས་འཆི་མེད་གྲུབ་པའི་ངོ་མཚར་དང་། །ལྷན་ཅིག་ཕན་བདེའི་འབྱོར་པ་རྒྱས་གྱུར་ཅིག །དེ་ལྟར་བརྗོད་བྱ་དང་རྗོད་བྱེད་གཉིས་ཀ་དགེ་མཚན་གྱི་ཁྱད་པར་དུ་མ་དང་ལྡན་པའི་གསོལ་འདེབས་ཀྱི་ཚིགས་སུ་བཅད་པ་སྨོན་ལམ་གྱིས་མཐའ་བརྟེན་པ་འདིའང་། མཚོ་སྐྱེས་པདྨ་འོད་འབར་གྱི་བྱིན་རླབས་སྣང་བ་དམ་པས་མཛེས་པ་འཆི་མེད་གཡའ་མ་ལུང་གི་དབེན་གནས་ཆེན་པོའི་ཉེ་འདབས་སུ་སྨིན་ཟླའི་དཀར་ཕྱོགས་ཀྱི་གྲལ་ཚེས་དགེ་བར་གསོལ་བ་བཏབ་པ་ལས། སླར་ཡང་རྣམ་པར་ཕྱེ་བའི་དགེ་བས་འགྲོ་ཀུན་ཚེ་བསོད་དཔལ་འབྱོར་ཡེ་ཤེས་ཡོན་ཏན་ཐམས་ཅད་རྒྱས་པའི་རྒྱུར་གྱུར་ཅིག །ཅེས་པའང་གཞོན་ནུ་ཨ་བྷཱ་ཡས་སོ། །


previousའཆི་མེད་པདྨ་འོད་འབར་ལ་གསོལ་བ་འདེབས་པ་ཚེ་དང་ཡེ་ཤེས་མཆོག་སྦྱིན།next