Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
  expand section
  expand section
   
   
   


 
previousཨོ་རྒྱན་རྗེ་འབངས་ཉེར་ལྔ་ལ་གསོལ་བ་འདེབས་པའི་ཚུལ་ཕན་བདེའི་ནོར་བུའི་དོ་ཤལ།next

ཨོ་རྒྱན་རྗེ་འབངས་ཉེར་ལྔ་ལ་གསོལ་བ་འདེབས་པའི་ཚུལ་ཕན་བདེའི་ནོར་བུའི་དོ་ཤལ།


JKT001_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཨོ་རྒྱན་རྗེ་འབངས་ཉེར་ལྔ་ལ་གསོལ་བ་འདེབས་པའི་ཚུལ་ཕན་བདེའི་ནོར་བུའི་དོ་ཤལ་ཅེས་བྱ་བ། ན་མཔདྨ་ཀ་རཱ་ཡ། སིནྡྷའི་པདྨོའི་ལང་ཚོ་གཡོ་བའི་རྩེར། །ངོ་མཚར་འཆི་མེད་གྲུབ་པའི་ཞལ་སྐྱིན་ནི། །གངས་རིའི་ལ་ཐོད་མཛེས་པའི་རྒྱན་གཅིག་པུ། །ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས། །ཐུགས་བསྐྱེད་ཤིང་རྟའི་སྒྱུ་ཐབས་ལ་བརྟེན་ནས། །རྒྱལ་བསྟན་སྣང་བའི་མུ་ཁྱུད་དྲངས་མ་ཐག །བོད་ཡུལ་མུན་པའི་སྨག་རུམ་བསལ་མཛད་པ། །ཏིང་འཛིན་མཆོག་བརྙེས་ཞབས་ལ་གསོལ་བ་འདེབས། །འཇམ་དཔལ་ཞལ་གཟིགས་བྲག་ལ་ཕུར་པ་བཏབ། །ཉི་ཟླ་གདན་སྟེང་རིག་སྔགས་དམོད་པའི་མཚོན། །རབ་གཡོས་སྡིག་སྤྱོད་རྒྱལ་པོ་སྤ་བཀོང་མཛད། །སངས་རྒྱས་ཡེ་ཤེས་ཞབས་ལ་གསོལ་བ་འདེབས། །ཡུལ་གསུམ་གྱད་དུ་གྱུར་པའི་མཐུ་བྱིན་ལས། །རྟ་མཆོག་འབར་བའི་ཕྱག་རྒྱར་མངོན་སྤྲུལ་ཞིང་། །དབང་བཅུའི་ཐོག་མའི་དངོས་གྲུབ་བརྙེས་མཛད་པ། །རྒྱལ་བ་མཆོག་དབྱངས་ཞབས་ལ་གསོལ་བ༴ དཔལ་ཆེན་ཡང་དག་རོལ་པའི་ཞལ་གཟིགས་ཤིང་། །ཕྲིན་ལས་ཐོགས་མེད་ཉི་མའི་ཟེར་ལ་གཤེགས། །རགས་ལུས་མཁའ་སྤྱོད་


JKT001_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སུ་རོལ་པ་ཡི། །དགེ་སློང་ནམ་མཁའི་སྙིང་པོར་གསོལ་བ༔ སྲ་མཁྲེགས་བྲག་ལས་བདུད་རྩིའི་རྒྱུན་གཡོ་བ། །འགྲོ་བའི་མིག་གི་དཔྱིད་དུ་མངོན་སྩལ་ཅིང་། །ཆེ་མཆོག་བཀའ་བབས་སྒྱུ་འཕྲུལ་སྣ་ཚོགས་བསྟན། །ཛྙཱ་ན་ཀུ་མཱ་ར་དྲི་མེད་ཟླ་ཤར་རྩལ་ལ་གསོལ་བ་འདེབས། །ཤེས་རབ་ཌ་ཀི་མི་བརྗེད་གཟུངས་ཐོབ་ཅིང་། །རྡོ་རྗེ་གཞོན་ནུའི་ཞལ་གཟིགས་དངོས་གྲུབ་བརྙེས། །བསད་གསོའི་རྫུ་འཕྲུལ་མཐའ་ཀླས་སྡུད་པ་པོ། །ཡེ་ཤེས་མཚོ་རྒྱལ་ཞབས་ལ་གསོལ༴ སྲིད་པ་བདེ་འགྲོའི་དཀྱིལ་འཁོར་རབ་གཟིགས་ཤིང་། །སྣང་སྲིད་མ་མོ་བྲན་དང་གཡོག་ཏུ་འཁོལ། །རིན་ཆེན་དགོས་འདོད་འབྱུང་བའི་གཏེར་མངའ་བའི། །དཔལ་གྱི་ཡེ་ཤེས་ཞབས་ལ༴ སྤ་གྲོ་སྟག་ཚང་སྒྲུབ་པའི་གནས་མཆོག་ཏུ། །དྲེགས་པ་ཀུན་འདུལ་ལྷ་ཚོགས་ཞལ་གཟིགས་ཤིང་། །སྡེ་བརྒྱད་འབྱུང་པོས་ཕྲིན་ལས་ཐོགས་མེད་བསྒྲུབས། །དཔལ་གྱི་སེང་གེའི་ཞབས་ལ༴ སྒྲ་སྒྱུར་ལོ་ཙཱ་ཀུན་གྱི་སྤྱི་བོས་བཏུད། །སྟོབས་ལྡན་ནག་པོའི་དཀྱིལ་འཁོར་ཞལ་གཟིགས་ཤིང་། །ཡེ་ཤེས་སྤྱན་གྱིས་དུས་གསུམ་སྒྲིབ་མེད་མཁྱེན། །བེ་རོ་ཙ་ནའི་ཞབས་ལ་གསོལ་བ་འདེབས། །འདི་ཡན་ཆད་བཀའ་བབས་མི་བརྒྱད་དམ་དགུའོ། །ལེགས་གྲུབ་སྒྱུ་འཕྲུལ་རོལ་པ་ལ་ཆགས་ཕྱིར། །ཐེག་མཆོག་རྫོགས་པ་ཆེན་པོའི་ས་ལ་གཤེགས། །གཟུགས་སྐུ་གསེར་གྱི་རྡོ་རྗེ་སྤྲུལ་པའི་གར། །གཡུ་སྒྲ་སྙིང་པོའི་ཞབས་


JKT001_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་གཞོན་ནུས་རྗེས་བཟུང་ཕྲིན་ལས་ཀྱི། །བསྙེན་ཕུར་སྲ་མཁྲེགས་བྲག་ལ་མངོན་བཏབ་ཅིང་། །རླུང་སེམས་དབང་ཐོབ་རི་བྲག་ཐོགས་མེད་གཤེགས། །རྡོ་རྗེ་བདུད་འཇོམས་ཞབས་ལ༔ དམ་ཆོས་ཕྱི་མོའི་རོལ་སྒེག་བྱང་ཆུབ་ཅིང་། །རིམ་གཉིས་ཟུང་འཇུག་ཐེམ་སྐས་ལ་འཛེགས་པས། །འོག་མིན་མཁའ་སྤྱོད་ཞིང་དུ་བགྲོད་མཛད་པ། །ཨཱ་ཙར་ཡེ་ཤེས་དབྱངས་ལ༴ ཛྷཱ་ན་ཀུ་མཱས་གྲུབ་པའི་སྒྱུ་འཕྲུལ་གྱིས། །རྗེས་སུ་བཟུང་བས་ཐེག་མཆོག་མཛོད་དུ་གྱུར། །བརྟུལ་ཞུགས་གཅན་གཟན་གདུག་པའི་གཉའ་ནས་འཛིན། །སོག་པོ་དཔལ་གྱི་ཡེ་ཤེས་ཞབས་ལ་གསོལ་བ༴ སྒྲ་བསྒྱུར་ལོ་ཙཱའི་མཆོག་ཏུ་རབ་ཕྱིན་ཅིང་། །མཁའ་ལྡིང་རྒྱལ་པོའི་བརྟུལ་ཞུགས་འཛིན་པ་ཡིས། །ནམ་མཁའི་ལམ་ནས་གྱ་གྱུར་གཤེགས་མཛད་པ། །སྣ་ནམ་ཡེ་ཤེས་སྡེ་ལ༴ ཕྲིན་ལས་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་དུ། །ནུས་པའི་མཚན་མ་མངོན་དུ་བརྙེས་པ་ཡིས། བསྙེན་ཕུར་གདེངས་པས་དགྲ་བགེགས་སྒྲོལ་མཛད་པ། །དཔལ་གྱི་དབང་ཕྱུག་ཞབས་ལ༔ པདྨས་རྗེས་བཟུང་གསང་མཛོད་བདག་པོར་གྱུར། །མངོན་སུམ་རྟོགས་པའི་ཡེ་ཤེས་རབ་བརྙེས་པས། །དམ་ཆོས་མི་བརྗེད་གཟུངས་མཆོག་ཐོབ་པ་ཡི། །ལྡན་མ་རྩེ་མང་ཞབས་ལ༔ མངོན་པར་ཤེས་པ་ཕྱོགས་མེད་ཤར་བ་ཡིས། །གཞན་རྒྱུད་བསམ་པའི་དངོས་པོ་ཇི་བཞིན་མཁྱེན། །སྤྲུལ་


JKT001_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལོ་ཙཱར་ལུང་གིས་སྐབས་དབྱེ་བའི། །སྐ་བ་དཔལ་བརྩེགས་ཞབས་ལ༴ ཕྲིན་ལས་ཟབ་མོ་འགྲུབ་པའི་མངོན་རྟོགས་ནི། །བསྙེན་ཕུར་གདེངས་པས་ཆུ་བོ་གྱེན་བཟློག་ཅིང་། །སྲ་མཁྲེགས་བྲག་རིའི་བ་གམ་གཞིལ་མཛད་པ། །ཤུད་བུ་དཔལ་སེང་ཞབས་ལ༴ ཧཱུཾ་ཆེན་ཀཱ་རས་རྗེས་བཟུང་ཧེ་རུ་ཀའི། །དཀྱིལ་འཁོར་མཆོག་ཏུ་བཅུག་པའི་སྒྱུ་འཕྲུལ་ནི། །ཚད་མེད་རོལ་པ་ཛམྦུ་ནཱ་དར་བསྒྱུར། །རྒྱལ་བའི་བློ་གྲོས་ཞབས་ལ༴ གཞོན་པའི་དུས་ནས་བརྡ་སྤྲོད་རིག་པ་མཁྱེན། །མཁའ་ལ་རྒྱུ་བའི་འདབ་ཆགས་གཤོག་རྩལ་ཡང་། །ལྟ་སྟངས་ཕྱག་རྒྱས་འགུགས་པའི་ངོ་མཚར་ཅན། །ཁྱེའུ་ཆུང་ལོ་ཙཱའི་ཞབས་ལ༔ གསང་བ་སྔགས་ཀྱི་ཆོས་ཚུལ་མ་ལུས་ཀུན། །མངའ་དབང་བསྒྱུར་བས་གྲུབ་པའི་ས་ལ་གཤེགས། །དག་བྱེད་གཏེར་ལ་ཉ་བཞིན་འཕྱོ་མཛད་པ། །འོ་བྲན་དབང་ཕྱུག་ཞབས་ལ༴ པདྨས་རྗེས་བཟུང་དམ་ཆོས་མཛོད་དུ་གྱུར། བརྟུལ་ཞུགས་གྲུབ་པ་བརྙེས་པའི་སྡིགས་མཛུབ་ཀྱིས། །བྱང་ཐང་ཙ་མ་ར་རྣམས་དགུག་པར་མཛད། །དྲན་པ་ནམ་མཁའི་ཞབས་ལ༔ དཔལ་ལྡན་ནཱ་གཱ་རྫུ་ནའི་དགོངས་པ་ལྟར། །མཐའ་བྲལ་དབུ་མའི་ལྟ་བ་མངོན་གྱུར་ཅིང་། རྫུ་འཕྲུལ་ཕ་ཝཾ་ཟན་ལྟར་བཅད་ནས་གསོལ། །རྨ་བན་རིན་ཆེན་ཞབས་ལ༴ བསླབ་པ་གསུམ་གྱིས་ལེགས་པར་རྒྱུད་བསྡམས་ཤིང་། །གྲུབ་པའི་མཚན་མ་རི་བྲག་ཐོགས་མེད་


JKT001_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས། །སྡིག་སྤྱོད་རྒྱལ་པོའི་ལས་ངན་རྒྱུན་གཅོད་པའི། །དཔལ་གྱི་རྡོ་རྗེའི་ཞབས་ལ༴ སྐད་གཉིས་སྨྲ་བའི་ཐེམ་སྐས་ལ་འཛེགས་ཤིང་། །ཕྲིན་ལས་གྲུབ་པའི་སྒྱུ་འཕྲུལ་སྣ་ཚོགས་བསྟན། །ནུས་མཐུས་གནམ་ལྕགས་ཕྱག་སོར་རྩེ་ནས་འཕེན། །དཀོན་མཆོག་འབྱུང་གནས་ཞབས་ལ༔ ཐོས་པའི་བཅུད་ལེན་བར་མེད་བཏུང་བའི་མཐུས། །གྲུབ་གཉིས་རྣལ་དུ་འབྱོར་པའི་སྒྱུ་རྩལ་གྱིས། །རྟེན་མེད་མཁའ་ལ་རྡོ་རྗེའི་སྐྱིལ་ཀྲུང་བཅའ། །རྒྱལ་བ་བྱང་ཆུབ་ཞབས་ལ་གསོལ་བ་འདེབས། །གཞན་ཡང་མཚོ་སྐྱེས་པདྨ་ཀ་ར་དང་། །དྲི་མེད་བཤེས་གཉེན་ཞི་བ་འཚོ་ལ་སོགས། །སྟོན་པ་གཉིས་པས་རྗེས་བཟུང་སྨིན་གྲོལ་གྱིས། །གྲུབ་བརྙེས་རྣལ་འབྱོར་ཀུན་ལ་གསོལ་བ་འདེབས། །ལྟ་བ་སྤྲོས་བྲལ་དབུ་མ་ཆེན་པོར་རྟོགས། །སྒོམ་པ་འོད་གསལ་ཕྱག་རྒྱ་ཆེན་པོར་གྲོལ། །སྤྱོད་པ་སྣ་ཚོགས་གྲུབ་པའི་རྫུ་འཕྲུལ་སྟོན། །འབྲས་བུ་རྫོགས་པ་ཆེན་པོར་སྨིན་ལ་འདུད། །དེ་ལྟར་རྟག་ཏུ་དད་པའི་དྲི་བཞོན་གྱིས། །མཁྱེན་བརྩེའི་ཆུ་འཛིན་སྟུག་པོ་བསྐུལ་བ་ལས། །ཐུགས་རྗེའི་སྤྲིན་གྱི་མྱུ་གུ་འཇོ་བ་ཡིས། །བསྟན་འགྲོའི་ཕན་བདེའི་དགའ་ཚལ་རྒྱས་གྱུར་ཅིག །ཁྱད་པར་སྔ་འགྱུར་རྡོ་རྗེ་ཐེག་པའི་ལམ། །འཆད་ཉན་སྒྲུབ་ལ་བརྩོན་པའི་རིག་འཛིན་སྡེ། །སྲིད་མཐའ་ཁྱབ་པའི་བར་དུ་འཕེལ་གྱུར་དེས། །འགྲོ་ཀུན་རིམ་གཉིས་ཀློང་དུ་སྨིན་པར་ཤོག །


JKT001_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ནས་བཟུང་སྟེ་ཚེ་རབས་ཐམས་ཅད་དུ། །བསླབ་པ་གསུམ་གྱིས་རྒྱུད་བསྡམས་ཐོས་བསམ་དང་། །དོན་སྒོམ་ཨུཏྤལ་འཛུམ་ཕྲེང་གྲོལ་བ་ཡིས། །བདག་གཞན་སྲིད་ལས་ངལ་བསོ་སྦྱིན་གྱུར་ཅིག །ཟླ་བ་ཞུན་མའི་རྡུལ་བརྩེགས་གངས་རིའི་ཁྲོད། །སྙིགས་མའི་རྒུད་པས་ཉེན་པའི་འགྲོ་རྣམས་ལ། །ལྷག་པར་ཐུགས་རྗེའི་འཇུག་པས་བརྩེ་བ་ཡིས། །སྣོད་བཅུད་ཕན་བདེའི་དཔལ་གྱིས་འཁྱུད་པར་ཤོག །ནམ་ཞིག་འདིར་སྣང་ནུབ་པར་གྱུར་པའི་ཚེ། །རིག་འཛིན་ཌཱ་ཀིའི་ཕོ་ཉས་མདུན་བདར་ཏེ། མཁའ་སྤྱོད་ཟངས་མདོག་དཔལ་རིའི་ཕོ་བྲང་དུ། །དབུགས་འབྱིན་ཆེན་པོའི་དགའ་སྟོན་བརྙེས་གྱུར་ཅིག །མཐར་ཐུག་གཟོད་ནས་དག་པའི་ཡེ་ཤེས་ཀྱི། །རང་མདངས་ཁ་སྦྱོར་ཡན་ལག་བདུན་གྱི་དངོས། །རྣམ་པ་ཀུན་གྱི་མཆོག་ལྡན་ཧེ་རུ་ཀ །སྐུ་གསུམ་དབྱེར་མེད་གོ་འཕང་ཐོབ་པར་ཤོག །དེ་ལྟར་རྩེ་གཅིག་གསོལ་བཏབ་རྟེན་འབྱུང་དང་། །འཆི་མེད་པདྨ་ཀ་རའི་བྱིན་རླབས་ཀྱིས། །ཇི་སྐད་སྨོན་པའི་དོན་རྣམས་མ་ལུས་ཀུན། །གེགས་མེད་མྱུར་དུ་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་འཛམ་བུའི་ལྗོན་པས་མཚན་པའི་ལྗོངས་འདིར་སྟོན་པ་གཉིས་པར་ཡོངས་སུ་གྲགས་ཤིང་། ས་གསུམ་ན་འགྲན་ཟླ་བྲལ་བ་དུས་གསུམ་མཁྱེན་པ་ཨོ་རྒྱན་ཆེན་པོས་རྗེས་སུ་བཟུང་ཞིང་སྨིན་གྲོལ་གྱི་སྒོ་འཕར་ཕྱེ་བས་གྲུབ་པའི་ས་ལ་གཤེགས་པར་མཛད་པའི་རྣལ་འབྱོར་གྱི་དབང་ཕྱུག་རྗེ་འབངས་ཉི་ཤུ་རྩ་ལྔ་ལ་རྣམ་ཐར་དང་མཐུན་པར་རྟོགས་པ་བརྗོད་པའི་གསོལ་བ་འདེབས་པ་ཕན་བདེའི་ནོར་བུའི་དོ་ཤལ་ཅེས་བྱ་བ་འདི་ནི། གཞོན་ནུ་ཨ་བྷཱ་ཡས་མི་ཕྱེད་པའི་དད་པས་མཚམས་སྦྱར་ཏེ་རང་ལ་བཅོ་ལྔ་པར་བཀོད་པ་ཛ་ཡནྟུ།།


previousཨོ་རྒྱན་རྗེ་འབངས་ཉེར་ལྔ་ལ་གསོལ་བ་འདེབས་པའི་ཚུལ་ཕན་བདེའི་ནོར་བུའི་དོ་ཤལ།next