Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
  expand section
  expand section
   
   
   


 
previousསི་ཏུ་རྡོ་རྗེ་འཆང་པདྨ་ཉིན་བྱེད་དབང་པོའི་རྣམ་ཐར་ལ་གསོལ་བ་འདེབས་པ་མོས་གུས་གྲུབ་པའི་རྒྱུད་མང་།next

སི་ཏུ་རྡོ་རྗེ་འཆང་པདྨ་ཉིན་བྱེད་དབང་པོའི་རྣམ་ཐར་ལ་གསོལ་བ་འདེབས་པ་མོས་གུས་གྲུབ་པའི་རྒྱུད་མང་།


JKT001_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

༈ སི་ཏུ་རྡོ་རྗེ་འཆང་པདྨ་ཉིན་བྱེད་དབང་པོའི་རྣམ་ཐར་ལ་གསོལ་བ་འདེབས་པ་མོས་གུས་གྲུབ་པའི་རྒྱུད་མང་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་བཛྲ་དྷཱ་ར་པདྨ་པཱ་དཱ་ཡ། བདེ་སྟོང་མཆོག་གི་དགྱེས་པའི་རྡོ་རྗེ་སེམས། །ཀུན་ཏུ་འཆང་བ་པདྨ་སཾ་བྷཱའི་ཚུལ། །གཉུག་མའི་ཉིན་བྱེད་ཞུ་བདེའི་འོད་འབར་བ། །ལྷན་སྐྱེས་གྲུབ་པའི་དབང་པོར་གསོལ་བ་འདེབས། །མགོན་ཁྱོད་འཕགས་བཞིའི་རྣམ་ཐར་རྒྱ་མཚོའི་སྤྲིན། །སྤྲོ་དང་བསྡུ་བའི་བྱེད་པོར་ཡོངས་གྲུབ་བཞིན། །ས་བཅུའི་དབང་ཕྱུག་རྒྱལ་ཚབ་མཆོག་གི་ཚུལ། །མ་ཕམ་ཆོས་རྗེར་སྟོན་ལ་གསོལ་བ་འདེབས། །ཁྱད་པར་འཕགས་བོད་མཁས་གྲུབ་ཀུན་གྱི་ཕུལ། །དཔལ་གྱི་སེང་གེ་ཌོམྦི་ཧེ་རུ་ཀ །ལོ་ཙཱ་ཆེན་པོ་འགྲོ་མགོན་རས་ཆེན་སོགས། །རྣམ་འཕྲུལ་ཅིར་ཡང་འཆར་ལ༴ ཕྱི་དུས་ཐུབ་བསྟན་སྤྱི་དང་ཀརྨ་ཀཱའི། །བཤད་སྒྲུབ་བསྟན་པའི་ཉིན་བྱེད་གཅིག་པུ་པ། །གཙུག་ལག་ཆོས་ཀྱི་སྣང་བར་


JKT001_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས་འབར་བའི། །འཇམ་མགོན་དངོས་སུ་སྣང་ལ༴ གང་གི་འཁོར་ལོ་གསུམ་གྱི་ཕྲིན་ལས་ཀྱིས། །སྲས་བཅས་རྒྱལ་བའི་མཛད་པ་རྫོགས་མཛད་ནས། །སླར་ཡང་ཕྱོགས་བཅུའི་ཞིང་ཁམས་བྱེ་སྙེད་དུ། །།སྤྲུལ་པའི་ཆོ་འཕྲུལ་སྟོན་ལ༔ དེ་ལས་སྡེ་བཞི་དགེ་བཅུའི་འདུན་ས་ཆེའི། །ཤར་ཕྱོགས་ཡིད་ཅན་རྟོག་པ་ལྷུང་བའི་ཡུལ། །རང་བྱུང་འཕགས་པའི་གནས་ཀྱི་དགའ་ཚལ་དུ། །བསམས་བཞིན་སྲིད་པར་བཟུང་ལ གང་ཚེ་རྒྱལ་དབང་པདྨའི་ལུང་གི་དོན། །གྲུབ་པའི་དཔའ་བོས་གསལ་བར་མཚོན་པ་བཞིན། །རིས་མེད་རྣམ་འདྲེན་ཀུན་གྱིས་མགྲིན་གཅིག་ཏུ། །དམ་པའི་སྐྱེས་བུར་བསྔགས་ལ༴ གཞོན་ནུ་ཉིད་ནས་སྔོན་གནས་རྗེས་དྲན་ཏུ། །མཁྱེན་པའི་སྟོབས་དང་དགེ་མཚན་སྣང་བ་ཡིས། །ཚུ་རོལ་མཐོང་བའི་སོམ་ཉིའི་མུན་བསལ་ཏེ། །མཆོག་གི་སྤྲུལ་སྐུར་ངེས་ལ༔ སྲིད་ཞིའི་འབྱོར་པ་ཆེན་པོས་མདུན་བདར་ཏེ། །རིགས་ཀུན་ཁྱབ་བདག་གར་དབང་ཆོས་ཀྱི་རྗེས། །འཇིགས་མེད་སེང་གེའི་ཁྲི་ལ་མངའ་གསོལ་བས། །ཕན་བདེའི་ཉིན་བྱེད་འབར་ལ༴ མཁྱེན་པའི་ཡེ་ཤེས་ཆགས་ཐོགས་བྲལ་བར་སད། །བརྩེ་བའི་ཐུགས་རྗེ་མཁའ་དང་མཉམ་པར་འཇུག །ནུས་པའི་ཕྲིན་ལས་ཡིད་སྲུབས་དཔུང་བཅས་ཀྱི། །ཕྱོགས་ལས་རྣམ་པར་རྒྱལ་ལ༴ ཞབས་པད་བཀྲ་ཤིས་འཁོར་ལོའི་དགེ་མཚན་ཅན། །གངས་ཅན་ཡུལ་དབུས་གྲུབ་པའི་སྨན་ལྗོངས་སུ། །བཀོད་ནས་


JKT001_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་སྲས་སྤྱོད་པ་རྒྱ་མཚོ་ཡིས། །དོན་གཉིས་ཕ་མཐར་སོན་ལ་གསོལ༴ རྒྱལ་དབང་ཕྱག་ན་པདྨོ་ཡབ་སྲས་དང་། །ནཱ་རོ་ཏཱ་པ་ཆོས་ཀྱི་སྣང་བ་སོགས། །འཕགས་པའི་ཡོངས་འཛིན་ཁོ་ནའི་ཚོགས་རྣམས་ཀུན། །མཉེས་པ་གསུམ་གྱིས་བསྙེན་དེར༴ གང་ལས་སྡོམ་པ་གསུམ་དང་རྗེས་འབྲེལ་བའི། །ཟབ་ཆོས་སྤྱི་དང་དོན་བརྒྱུད་བདུད་རྩིའི་བཅུད། །ཐུགས་ཀྱི་བུམ་པ་བཟང་པོར་ལེགས་བཟུང་བས། །སྨིན་གྲོལ་ཡོངས་སུ་རྫོགས་ལ༴ ངེས་འབྱུང་ཚུལ་ཁྲིམས་བླང་དང་བསྲུང་བ་དང་། །ཕྱིར་ཞིང་འཆོས་པའི་བསླབ་བྱའི་གཞི་རྣམས་ལ། །བརྟན་མཁས་ཕན་འདོགས་ཡོན་ཏན་ཡོངས་རྫོགས་པའི། །གནས་བརྟན་འདུལ་བ་འཛིན་པར་གསོལ༔ བྱམས་པའི་ཐུགས་ནི་སྙིང་རྗེའི་གཞན་དབང་ཅན། །བྱང་ཆུབ་སེམས་གཉིས་སྤྱོད་དང་མི་འབྲལ་བས། །ཕྱོགས་བཅུའི་རྣམ་འདྲེན་ཡོངས་ཀྱི་གདུང་འཚོབ་པ། །རྒྱལ་སྲས་སེམས་དཔའ་ཆེན་པོར༴ ཟང་ཟིང་ནམ་མཁའི་མཛོད་ཀྱི་གཏོང་བ་དང་། །དམ་ཆོས་ནོར་བུའི་གྲུ་ཆར་འབེབས་མཁས་ཤིང་། །འགྲོ་ཀུན་སྲིད་ཞིའི་གདུང་བ་ཀུན་སྐྱོབས་པ། །སྦྱིན་པའི་ཕར་ཕྱིན་རྫོགས་ལ༔ གཞན་ཡང་ཉེས་སྤྱོད་རྡུལ་གྱིས་རིང་དབེན་པའི། །དགེ་ཆོས་ཡོངས་སུ་སྡུད་པའི་པདྨ་དཀར། །གཞན་ཕན་བདུད་རྩིའི་ཟིལ་དངར་རྟག་འབབས་པས། །ཚུལ་ཁྲིམས་ཕར་ཕྱིན་རྫོགས་ལ༔ གནོད་པའི་ཡུལ་གྱིས་མི་འཁྲུགས་ཐུགས་རྗེའི་གོ། །


JKT001_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཕྱིར་དཀའ་བ་སྤྱད་པས་རབ་བརྗིད་ཅིང་། །ཟབ་མོའི་དོན་ལ་འཇིགས་མེད་བློ་གྲོས་ཀྱིས། །བཟོད་པའི་ཕར་ཕྱིན་རྫོགས་ལ༴ མཁའ་ཁྱབ་ཡིད་ཅན་སྒྲོལ་བའི་ཐུགས་བསྐྱེད་དང་། །རྟག་ཏུ་བྱང་ཆུབ་སྤྱོད་པའི་བརྟུལ་ཞུགས་དང་། །གཞན་དོན་བསྒྲུབ་ལ་ནམ་ཡང་མི་ངལ་བས། །བརྩོན་འགྲུས་ཕར་ཕྱིན་རྫོགས་ལ༔ ལུས་སེམས་ཤིན་སྦྱངས་བདེ་བའི་མཐར་སོན་ཅིང་། །འཕགས་བཞིའི་ཡོན་ཏན་སྒྲུབ་པའི་ཏིང་འཛིན་དང་། །རྣམ་འཕྲུལ་དུ་མས་འགྲོ་བའི་དོན་མཛད་པས། །བསམ་གཏན་ཕར་ཕྱིན་རྫོགས་ལ༴ འཇིག་རྟེན་ཤེས་བྱའི་གནས་ཀུན་རབ་མཁྱེན་ཅིང་། །གང་ཟག་བདག་ཏུ་བལྟ་བའི་མདུད་པ་བཅད། །ཆོས་ཀུན་གཟོད་ནས་སྐྱེ་བ་མེད་གཟིགས་པས། །ཤེས་རབ་ཕར་ཕྱིན་རྫོགས་ལ༴ སྦྱིན་པའི་དཔག་བསམ་སྙན་སྨྲ་གྲིབ་བསིལ་ཅན། །དོན་མཐུན་འདོད་རྒུའི་ཆར་གྱིས་གདུལ་བྱ་རྣམས། །ཕན་བདེའི་དོན་རབ་སྤྱོད་པས་དབུགས་འབྱིན་པའི། །དགེ་མཚན་ཕ་མཐའ་ཡས་ལ༴ སྣང་གྲགས་ལྷ་དང་ནཱ་དའི་སྔགས་སུ་ཤར། །རྩ་རླུང་ཐིག་ལེ་རྡོ་རྗེ་གསུམ་དུ་དག །གཉུག་མའི་ཡེ་ཤེས་མཁའ་ལྟར་ཁྱབ་གདལ་བའི། །རྡོ་རྗེ་འཛིན་པའི་བདག་པོར་གསོལ༴ གྲུབ་པའི་ཆོ་འཕྲུལ་བསམ་ལས་འདས་པར་སྟོན། །འདུལ་བཞིའི་ཕྲིན་ལས་བརྟན་གཡོ་ཀུན་ཏུ་འཇུག །འབྲེལ་ཚད་བྱང་ཆེན་དཀྲི་བའི་གཡར་དམ་ཅན། །


JKT001_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

ས་གསུམ་འགྲན་ཟླ་བྲལ་ལ་གསོལ་བ་འདེབས། །མཆོག་གསུམ་རྟེན་ལ་ཉམས་གསོ་གསར་བསྐྲུན་དང་། །སྨིན་གྲོལ་གདམས་ཟབ་རྒྱ་མཚོ་སྤེལ་བ་དང་། །མཐར་གྱིས་ཏིང་འཛིན་སྒོ་བརྒྱར་སྙོམས་འཇུག་པའི། །རྣམ་ཐར་བསམ་མི་ཁྱབ་ལ༴ བསྟན་འཛིན་སྐྱེས་བུས་གངས་ཅན་ཁམས་ཀུན་བཀང་། །ཆོས་ཀྱི་རྒྱལ་ཐབས་ཕྱག་ན་པདྨོར་གཏད། །ཡིད་ཅན་ཀུན་ལ་ཐར་པའི་ལམ་བཟང་བསྟན། །མཛད་པ་ཡོངས་སུ་རྫོགས་ལ་བརྒྱད་ཅུའི་བར་དུ་དོན་གཉིས་རབ་སྤེལ་ནས། །སྣོན་ཟླའི་དཀར་ཕྱོགས་བཟང་པོ་གཉིས་པའི་དུས། །མྱང་འདས་ཚུལ་གྱིས་འགྲོ་མང་སྒྲོལ་བའི་སླད། །ཆོས་དབྱིངས་ཞི་བར་གཤེགས་ལ དེ་ཚོ་ངོ་མཚར་ལྟས་ཀྱི་ཁྱད་པར་དང་། །སྐུ་གདུང་རིང་བསྲེལ་ཡིད་བཞིན་ནོར་བུ་ཡི། །ལྷར་བཅས་ལུས་ཅན་རྒྱ་མཚོའི་རྡུལ་སྙེད་ཀྱི། །དོན་གཉིས་ལྷག་པར་མཛད་ལ༔ སླར་ཡང་འོད་གསལ་ཆོས་སྐུའི་དབྱིངས་ཉིད་ལས། །* ཟུང་འཇུག་ལོངས་སྤྱོད་རྫོགས་སྐུའི་རྣམ་འཕྲུལ་ནི། །གང་འདུལ་མཆོག་གི་སྤྲུལ་སྐུའི་ཉིན་མོར་བྱེད། །འཁོར་བ་ཇི་སྲིད་འཆར་ལ་གསོལ་བ་འདེབས། །དེ་ལྟར་སྐྱབས་གནས་ཀུན་འདུས་བླ་མ་རྗེའི། །ཚད་མེད་རྣམ་ཐར་ཡོན་ཏན་རྗེས་དྲན་བློས། །བདག་དང་མཁའ་མཉམ་འགྲོ་བ་མ་ལུས་ཀུན། །སྒོ་གསུམ་གུས་པས་རྟག་ཏུ་ཕྱག་འཚལ་ལོ། །དངོས་འབྱོར་ཡིད་ཀྱིས་སྤྲུལ་པའི་མཆོད་སྤྲིན་དང་། །ལུས་དང་ལོངས་


JKT001_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་དགེ་ཚོགས་རྒྱ་མཚོས་མཆོད། །སྡོམ་དང་དམ་ཚིག་སྲོག་གི་ཕྱིར་ཡང་བཟུང་། །ཁྱོད་མཉེས་ཕྲིན་ལས་འབའ་ཞིག་བསྒྲུབ་པར་བགྱི། །ཐོག་མེད་དུས་ནས་བསགས་པའི་སྡིག་ལྟུང་དང་། །ཁྱད་པར་མགོན་ཁྱོད་ཐུགས་དང་འགལ་བ་ཀུན། །སྟོབས་བཞིའི་ཆོ་གས་སོ་སོར་བཤགས་བགྱིད་ན། །སྒྲིབ་མེད་ཚངས་པའི་གནས་ལ་འགོད་མཛད་གསོལ། །ཉན་རང་སོ་སྐྱེའི་བསོད་ནམས་ཇི་སྙེད་དང་། །སྲས་བཅས་རྒྱལ་བའི་མཛད་པ་རྨད་བྱུང་ཀུན། །གང་གི་ཡེ་ཤེས་རྣམ་རོལ་ལས་བྱུང་ཕྱིར། །མི་ཕྱེད་གུས་པས་རྗེས་སུ་ཡི་རང་ངོ་། །མཐའ་ཀླས་གདུལ་བྱའི་ཁམས་དབང་བསམ་པ་དང་། །ཇི་ལྟར་འཚམས་པར་ཐར་དང་རྣམ་མཁྱེན་གྱི། །གོ་འཕང་མཆོག་ལ་རབ་ཏུ་དགོད་པའི་སླད། །ཐེག་གསུམ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །གཟོད་ནས་སྐྱེ་བ་མེད་པར་ཐུགས་ཆུད་པས། །མཐར་གྱིས་འགག་པའི་ཕ་མཐའ་མ་དམིགས་ཕྱིར། །ཕྱོགས་བཅུའི་རྣམ་འདྲེན་སྲས་དང་སློབ་མར་བཅས། །རྒྱུན་གྱིས་རྟག་པའི་ངོ་བོར་བརྟན་བཞུགས་གསོལ། །དེ་ལྟར་བསགས་དང་དུས་གསུམ་དགེ་བའི་ཚོགས། །འཇམ་དཔལ་གཞོན་ནུའི་དྲི་མེད་མཁྱེན་པ་དང་། །ཀུན་ཏུ་བཟང་པོའི་སྨོན་ལམ་རྗེས་སློབ་སྟེ། །བྱང་ཆུབ་སྙིང་པོ་ཡོངས་སུ་བསྔོ་བར་བགྱི། །དེ་མཐུས་བདག་གཞན་སྐྱེ་བ་ཐམས་ཅད་དུ། །ཐེག་ཆེན་རིགས་སད་དལ་འབྱོར་རྟེན་ཐོབ་ཅིང་། །


JKT001_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་སྐུ་ཅན་པདྨ་ཉིན་མོར་བྱེད། །དགེ་བའི་བཤེས་སུ་འབྲལ་བར་མ་གྱུར་ཅིག །སྣོད་བཅུད་མི་རྟག་འགྱུར་བའི་ཆོས་ཅན་དུ། །མཐོང་ནས་ཚེ་འདིའི་སྤྱོད་ལ་མ་ཆགས་པར། །འཁོར་བའི་ཉེས་དམིགས་ལས་འབྲས་བླང་དོར་གྱིས། །སྲིད་ལས་ངེས་འབྱུང་ཐར་ལམ་བསྙེན་པར་ཤོག །རང་ཉིད་ཞི་བདེའི་ཚུལ་ལ་མ་ཞེན་པར། །མཁའ་ཁྱབ་འགྲོ་ལ་བྱམས་དང་སྙིང་རྗེའི་བློས། །བྱང་ཆུབ་སེམས་གཉིས་ཐེམ་སྐས་ལ་བརྟེན་ནས། །རྣམ་མཁྱེན་གྲོང་ཁྱེར་དག་ཏུ་འཇུག་པར་ཤོག །སེམས་ཅན་བློས་མི་སྤང་དང་ཕན་ཡོན་དྲན། །ཚོགས་གཉིས་བསགས་དང་ཡང་ཡང་བྱང་སེམས་སྦྱོང་། །དཀར་ནག་ཆོས་བརྒྱད་བླང་དོར་རབ་བརྩོན་པའི། །སྨོན་པའི་བསླབ་བྱ་མི་ཉམས་བསྲུང་བར་ཤོག །སྦྱིན་དང་ཚུལ་ཁྲིམས་བཟོད་དང་བརྩོན་འགྲུས་དང་། །བསམ་གཏན་ཤེས་རབ་བསླབ་པ་གསུམ་གྱི་ལམ། །ཚུལ་བཞིན་རྒྱུད་ལ་བསྟན་པའི་འཇུ་ག་པ་ཡིས། །བྱང་ཆུབ་མཆོག་གི་གོ་འཕང་བསྒྲུབ་པར་ཤོག །ཁྱད་པར་གསང་ཆེན་རྡོ་རྗེ་ཐེག་པ་ཡི། །དབང་གིས་རྒྱུད་སྨིན་དམ་ཚིག་རྣམ་པར་དག །གཞི་ལམ་འབྲས་བུའི་རྒྱུད་དོན་ཁོང་ཆུད་ནས། །སྙིང་པོའི་ལམ་བཟང་རྩེ་གཅིག་བསྒོམ་པར་ཤོག །བསྐྱེད་པའི་རིམ་པས་ཚོགས་གཉིས་རབ་བསྒྲུབ་ཅིང་། །རྫོགས་རིམ་ཟབ་མོས་སྦྱོར་བའི་ཡེ་ཤེས་བསྐྱེད། །མོས་གུས་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་གྱིས། །


JKT001_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

གཉུག་མའི་གནས་ལུགས་མངོན་སུམ་མཐོང་བར་ཤོག །དེ་ལྟར་མཐོང་ཟིན་རྟག་ཏུ་བསྒོམ་པ་ལས། །སྒྲིབ་གཉིས་བག་ཆགས་བཅས་པ་ཀུན་སྤངས་ཏེ། །ཡེ་ཤེས་ཕྲིན་ལས་ཕུན་སུམ་ཚོགས་པ་ཡི། །མི་སློབ་ཟུང་འཇུག་མྱུར་དུ་ཐོབ་པར་ཤོག །དེ་མ་ཐོབ་པའི་གནས་སྐབས་ཐམས་ཅད་དུ། །དམ་ཆོས་བསྒྲུབ་པའི་འགལ་རྐྱེན་ཀུན་ཞི་ཞིང་། །ཚེ་དཔལ་འབྱོར་པ་རིགས་དང་བརྩེ་བ་སོགས། །མཐུན་རྐྱེན་མ་ལུས་ལྷུན་གྱིས་གྲུབ་པར་ཤོག །བསྟན་འཛིན་མཆོག་རྣམས་ཞབས་པད་བསྐལ་བརྒྱར་བརྟན། །བཤད་སྒྲུབ་སྙིང་པོའི་བསྟན་པ་ཕྱོགས་བཅུར་འཕེལ། །འགྲོ་ཀུན་དུས་ཀྱི་རྒུད་པ་ཀུན་ཞི་ཞིང་། །ཕན་བདེའི་དགེ་ལེགས་རྒྱས་པའི་བཀྲ་ཤིས་ཤོག །ཅེས་སྒྲུབ་བརྒྱུད་སྙིང་པོའི་སྟོན་པའི་རྒྱལ་ཚབ་བསྟན་པའི་ཉི་མ། བསྟན་འཛིན་མཐའ་དག་གི་གཙུག་རྒྱན་གཅིག་པུ་སི་ཏུ་རྡོ་རྗེ་འཆང་ཆེན་པོ་པདྨ་ཉིན་བྱེད་དབང་པོའི་ཐུན་མོང་གི་རྣམ་པར་ཐར་པ་དང་མཐུན་པར་གསོལ་འདེབས་ཡན་ལག་བདུན་པ་ལམ་རིམ་གྱི་སྨོན་ལམ་དང་བཅས་པ་འདིའང་། འཁོར་ལོའི་དབང་ཕྱུག་ཟླ་བཟང་མཆོག་སྤྲུལ་རིན་པོ་ཆེའི་སྐུའི་རིམ་གྲོ་པ་དད་དམ་བསླབ་གསུམ་གྱི་ནོར་ལྡན་དགེ་སློང་ཀརྨ་དམ་ཆོས་ནས་ནན་ཏན་དུ་བསྐུལ་བ་དང་། རང་ཉིད་ཀྱིས་ཀྱང་མི་ཕྱེད་གུས་པས་ཀུན་ནས་བསླངས་ཏེ། བསྟོད་ཡུལ་དམ་པ་གང་དེའི་ལེགས་གསུང་གི་བདུད་རྩི་ཕྲ་མོ་ཙམ་ཐོབ་པའི་སློབ་འབངས་ཀྱི་ཆར་གཏོགས་པ་ཤཱཀྱའི་དགེ་སློང་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་གསོལ་བ་བཏབ་པའི་ཡི་གེ་པ་ནི་རིག་པར་སྨྲ་བའི་བཙུན་པ་འཇམ་དབྱངས་དགའ་བའི་བློ་གྲོས་ཀྱིས་བགྱིས་པ་སྟེ། དགེ་བས་བདག་གཞན་ཐམས་ཅད་ཀྱི་རྒྱུད་ལ་རྗེ་བཙུན་བླ་མའི་ཡེ་ཤེས་གཟིགས་པའི་བྱིན་རླབས་མྱུར་དུ་འཇུག་པའི་རྒྱུར་གྱུར་ཅིག །ས་རྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ། །


previousསི་ཏུ་རྡོ་རྗེ་འཆང་པདྨ་ཉིན་བྱེད་དབང་པོའི་རྣམ་ཐར་ལ་གསོལ་བ་འདེབས་པ་མོས་གུས་གྲུབ་པའི་རྒྱུད་མང་།next