Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
  expand section
  expand section
   
   
   


 
previousབླ་མ་ལ་གསོལ་བ་འདེབས་པ་ཞལ་གདམས་དང་འབྲེལ་པ།next

བླ་མ་ལ་གསོལ་བ་འདེབས་པ་ཞལ་གདམས་དང་འབྲེལ་པ།


JKT001_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་ལ་གསོལ་བ་འདེབས་པ་ཞལ་གདམས་དང་འབྲེལ་པ་བཞུགས་སོ། །ན་མའི་ནཱཾ་གུ་རུ་བྷྱ༔ སྲས་བཅས་ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ཀྱི། །མཁྱེན་བརྩེ་ནུས་པའི་ཡེ་ཤེས་གཅིག་བསྡུས་ནས། འགྲོ་བ་འདྲེན་ཕྱིར་བཤེས་གཉེན་མཆོག་གི་སྐུར། །ཡོངས་ཤར་དཔལ་ལྡན་བླ་མར་གསོལ་བ་འདེབས། །ཁྱོད་སྐུ་དགེ་འདུན་གསུང་གསང་དམ་པའི་ཆོས། །ཐུགས་ནི་སངས་རྒྱས་ཡོན་ཏན་ཕྲིན་ལས་རྣམས། །མཁའ་འགྲོ་ཆོས་སྐྱོང་ངོ་བོར་ཤེས་པའི་བློས། །སྙིང་ནས་འབོད་དོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །བདག་དང་མགོན་མེད་འགྲོ་བ་མ་ལུས་ལ། །རྗེ་བཙུན་ཁྱོད་ལས་སྐྱབས་གཞན་མ་དམིགས་


JKT001_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར། །འདི་ནས་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །འབྲལ་མེད་བྱིན་གྱིས་རློབས་ཤིག་བླ་མ་རྗེ། །དར་འབྱོར་རྙེད་དཀའ་ནམ་འཆི་ངེས་མེད་དྲན། །ཁམས་གསུམ་འཁོར་བ་སྡུག་བསྔལ་ཕུང་པོར་རི། །ལས་འབྲལ་བླང་དོར་ཚུལ་བཞིན་གོམས་པ་ཡིས། །ཐུན་མོང་སྔོན་འགྲོ་འབྱོང་བར་བྱིན་གྱིས་རློབས། །བླ་མ་དཀོན་མཆོག་བསླུ་མེད་སྐྱབས་སུ་ཤེས། །བྱམས་པ་སྙིང་རྗེ་བྱང་ཆུབ་སེམས་གཉིས་བསྐྱེད། །ཚོགས་བསགས་སྒྲིབ་སྦྱང་བླ་མར་མོས་གུས་ཀྱིས། ཁྱད་པར་སྔོན་འགྲོ་འབྱོང་བར་བྱིན་གྱིས་རློབས། །འཁོར་འདས་ཆོས་ཀུན་སེམས་ཀྱིས་བཏགས་པ་སྟེ། །སེམས་ཙམ་སྐྱེ་འགག་གནས་གསུམ་སྤྲོས་པ་བྲལ། སྤྲོས་བྲལ་ངང་ལས་གསལ་རིག་འགག་མེད་པའི། །ཡེ་ཤེས་ཉམས་སུ་མྱོང་བར་བྱིན་གྱིས་རློབས། །མཉམ་གཞག་ཀུན་རྟོག་རླུང་གིས་མི་གཡོ་ཞིང་། །རྗེས་ཐོབ་ཉམས་མྱོང་རྩི་དང་མ་བྲལ་བར། །ཞི་ལྷག་ཟུང་དུ་འཇུག་པའི་རྣལ་འབྱོར་གྱིས། །མཆོག་དངོས་ཚེ་འདིར་འགྲུབ་པར་བྱིན་གྱིས༔ མདོར་ན་རྣམ་ཀུན་ཆོས་བཞིན་སྤྱོད་པ་ལ། །བར་ཆད་མཚན་མ་ནམ་ཡང་མི་འབྱུང་ཞིང་། །ཐོས་བསམ་སྒོམ་པའི་ཆོས་སྤྱོད་མཐར་ཕྱིན་ནས། །དོན་གཉིས་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབས། །ཞེས་བླ་མ་ལ་གསོལ་འདེབས་ཞལ་གདམས་དང་འབྲེལ་བ་འདིའང་། དོན་གཉེར་ཅན་གྱི་ངོར་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེས་ཆུ་བྱི་དབོ་ཟླ་བའི་དཀར་ཕྱོགས་ཀྱི་དགའ་བ་དང་པོར་གང་ཤར་བྲིས་པ་འགྲུབ་པར་གྱུར་ཅིག། །།


previousབླ་མ་ལ་གསོལ་བ་འདེབས་པ་ཞལ་གདམས་དང་འབྲེལ་པ།next