Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
གཏམ་གྱི་ཚོགས་རིག་གཞུང་རྒྱ་མཚོར་འཇུག་པའི་གྲུ་རྫིང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
no previousགཏམ་གྱི་ཚོགས་རིག་གཞུང་རྒྱ་མཚོར་འཇུག་པའི་གྲུ་རྫིང་།next

གཏམ་གྱི་ཚོགས་རིག་གཞུང་རྒྱ་མཚོར་འཇུག་པའི་གྲུ་རྫིང་།


JKT002_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

གཏམ་གྱི་ཚོགས་རིག་གཞུང་རྒྱ་མཚོར་འཇུག་པའི་གྲུ་རྫིང་ཞེས་བྱ་བ་བཞུགས་སོ། །


JKT002_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སྲས་དང་སློབ་མར་བཅས་པ་ལ་འཕྲིན་དུ་གསོལ་བའི་གཏམ་ཕྱོགས་ཀྱི་རྣ་རྒྱན་ཅེས་བྱ་བ། །ཨོཾ་སྭ་སྟི་སིདྡྷཾ། འཇིག་རྟེན་གསུམ་ན་ཡོན་ཏན་གྱི་མངའ་བདག་ཐུགས་རྗེ་ཆེན་པོ་བླ་ན་མེད་པ་དང་ལྡན་པའི་རྣམ་པར་འདྲེན་མཆོག་སྲས་དང་སློབ་མར་བཅས་པ་ལ་གུས་པ་ཆེན་པོས་གསོལ་བ་བཏབ་སྟེ། ཇི་ལྟར་བསམ་པའི་དོན་ཀུན་འཕྲིན་དུ་གསོལ་བ་འདི་ལ་མཁྱེན་པ་དང་བརྩེ་བ་ཟད་མི་ཤེས་པས་ཡུད་ཙམ་དགོངས་པར་མཛད་དུ་གསོལ། །སྤྲིན་ཞོན་གཙུག་ན་ཟླ་བས་མཚན་དང་འདམ་བུའི་ཚལ་དུ་སྐྱེས་ལ་སོགས། །ཡང་དག་ལྟ་ལས་གཞན་དུ་གྱུར་པས་ཞབས་རྡུལ་སྤྱི་བོར་ལེན་པ་དག །ཁྱོད་ཀྱི་མཚན་དཔེའི་འོད་རྣོན་དག་གི་དཔལ་ཡོན་མ་བཟོད་གུས་པ་ཆེའི། །ཆུ་སྐྱེས་


JKT002_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

ཐལ་མོ་སྙིང་གར་བཀོད་ནས་བསྔགས་བརྗོད་དྲི་བསུང་སྤྲོ་དེར་དད། ༡ །འགྲོ་ལ་ཕན་དགོངས་གང་གི་བསྟན་པ་ལུང་དང་རྟོགས་པའི་བདག་ཉིད་དེ། །རིམ་དང་རིམ་མིན་ཀུན་ཀྱང་མྱ་ངན་འདས་པའི་དགོངས་པར་རོ་གཅིག་ཕྱིར། །རྟོན་པ་བཞི་ཡིས་ཟབ་དོན་འཇལ་ཚེ་ལོག་ལྟའི་མུན་པ་སངས་མོད་དེ། །ཕྱོགས་རིས་བཅས་པའི་གྲུབ་མཐའི་མེ་ཡིས་ཐར་པའི་ལྗོན་ཤིང་བསྲེག་འདིར་དགོངས། ༢ །ཡིད་ཀྱི་སྲུབས་ཤིང་འདོད་འགྲོ་སྦྱོར་ལས་བྱུང་བའི་མི་བཟད་གདུག་པའི་སྡེ། །ཕྲག་དོག་ང་རོས་ཕ་རོལ་བཅིངས་ཤིང་ཀུན་ཏུ་རྨོངས་པ་དེ་རྗེས་སུ། །འཇུག་ལ་རིངས་པའི་འགྲོ་བ་འདི་དག་ཁྱོད་ཀྱི་ཐུགས་རྗེས་སླར་བཏུལ་ཏེ། །དགོངས་གཞི་དགོས་པ་ཁྱད་པར་ལྡན་པའི་ལམ་


JKT002_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་རྣམས་ལ་རྟག་གུས་མཛོད། ༣ །ཁྱད་པར་སྦྱངས་པའི་ཡོན་ཏན་ཀུན་རྫོགས་རིག་གྲོལ་ཟླ་བའི་འཛུམ་ཕྲེང་གིས། །ཀུན་རྨོངས་མུན་སྟུག་ཡོངས་སུ་བཅོམ་མཛད་འཕགས་པའི་དགྲ་བཅོམ་རྒྱ་མཚོ་དང་། །ལམ་ལྔ་ས་བཅུའི་ཐེམ་སྐས་ལ་འཛེགས་བྱང་སེམས་གྲངས་མེད་རྗེས་བཟུང་ནས། །ཞལ་གྱི་བདུད་རྩི་ཉེ་བར་སྩལ་བཞིན་བདག་ཀྱང་ཐུགས་རྗེ་ཆེན་པོས་སྐྱོངས། ༤ །འཇམ་ཞིང་མཉེན་སོགས་ཡོངས་སུ་དག་པའི་མཚན་དཔེའི་སྣང་བརྙན་ལྷག་པར་འབར། །ཐོས་པས་ཀུན་ཏུ་ཐར་པའི་དཔལ་སྟེར་མ་འདྲེས་བདེན་གཉིས་འབྱེད་པའི་བདག །སྟོང་དང་སྙིང་རྗེའི་ངོ་བོ་ཉིད་ནི་མི་ཕྱེད་རྡོ་རྗེའི་མཚན་དོན་ཅན། །སྲིད་ལམ་མྱ་ངན་འདས་པ་ཀུན་གྱི་སྐྱབས་སུ་གྱུར་ཁྱོད་བདག་ལ་དགོངས། ༥ །ཀྱེ་མ་ཐོག་མེད་དུས་ནས་མངོན་གོམས་འཁྲུལ་བཅས་གཟུང་འཛིན་རྒྱ་མཚོ་ཆེར། །ཀུན་རྨོངས་གདོན་དང་ལྷན་ཅིག་མཛའ་བས་སྲིད་པའི་འཇིགས་སྟེར་འཛིན་ཁྲིའི་ཁྲོད། །སྡུག་བསྔལ་གསུམ་གྱིས་ཉམ་ཐག་གྱུར་ཀྱང་སྐད་ཅིག་སྐྱབས་མེད་འདིར་གཟིགས་ལ། །རྣམ་ཐར་བཞི་ལྡན་མཁྱེན་པའི་རལ་གྲིས་ཡུད་ཙམ་དག་གིས་བཟློག་མཛོད་ཀྱེ། ༦ །ཁྱད་པར་སྤྲོས་པའི་མཐའ་དང་མི་མཛའ་ཟབ་མོ་སྟོང་པ་ཉིད་ཀྱི་དོན། །སྒྲོ་འདོགས་སྐུར་འདེབས་ཁས་ལེན་བྲལ་བའི་ཡང་དག་བསྒྲུབ་བྱའི་མཐར་ཐུག་ལ། །རྟག་ཆད་རྡུལ་གྱིས་ནོངས་པར་བྱས་དེས་


JKT002_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

ཟུང་འཇུག་ལམ་ལས་རིང་གྱུར་པའི། །སྙིགས་མའི་མཐུས་སྒྲིབ་སྤྱོད་ཚུལ་འདི་ལས་མྱུར་དུ་བཟློག་པར་མཛོད་ཅེས་གསོལ། ༧ །འཕགས་པ་ཉིད་དང་ཐ་མི་དད་ཀྱང་སོ་སོར་དབྱེ་བ་ལྟར་བསྟན་པའི། །ཨཱརྱ་དེ་ཝ་རྗེས་སུ་བཟུང་ཞིང་ཤེས་རབ་རལ་གྲི་མངོན་དུ་བྱིན། །ཙནྡྲ་གོ་མཱིས་བསྟོད་པའི་དབྱངས་ཀྱིས་ཀུན་ནས་ཁྱེད་ཐུགས་རབ་དགྱེས་པས། །གསུང་གིས་དབུགས་དབྱུང་སྩལ་བ་ཇི་བཞིན་བདག་ཀྱང་དེ་ལྟར་མཛད་དུ་གསོལ། ༨ །འཆི་མེད་གྲོང་ཁྱེར་དབུས་སུ་གནས་ཀྱང་འདོད་པའི་རོ་ལ་རྩེན་པས་མིན། །ཅི་ཕྱིར་ཞེ་ན་འཁོར་བའི་གཡུལ་ངོར་ཀུན་ཏུ་མ་ཕམ་གྲགས་ལྡན་ཅིང་། །འཇིག་རྟེན་འདིར་ནི་རྣམ་པར་རྒྱལ་ཚེ་ཐབས་དང་འཇུག་པ་ལམ་བདེ་བའི། །བླ་མེད་བདེན་པ་ཟབ་མོ་སྒྲོགས་ཞེས་ཡོངས་སུ་གསལ་དེ་མངོན་དགོངས་ཤིག ༩ །དོན་ཀུན་གྲུབ་པའི་སྣང་བརྙན་མིན་ཀྱང་ཁྱོད་གསུང་ཐུབ་པ་ཇི་བཞིན་ཏེ། །ཕྱིར་མི་ལྡོག་པའི་ངེས་དོན་གཏམ་གྱི་སེང་གེའི་སྒྲ་དེ་རབ་སྒྲོག་པས། །འདི་ན་ལོག་ལྟའི་ལུས་སྟོབས་རབ་རྒྱས་གཉིས་འཐུང་ཚོགས་རྣམས་སྙིང་འདར་ཞིང་། །བདག་ལྟའི་སྤུ་ལོངས་མངོན་པར་གཡོ་དེ་སྙིང་རྗེའི་གནས་མཆོག་ཉིད་ཡིན་ཕྱིར། ༡༠ །དེས་ན་ཁྱོད་སྐུ་ངུར་སྨྲིག་གིས་བཀླུབས་འཇིག་རྟེན་འདི་རུ་མངོན་བསྟན་ཅིང་། །ལུང་དང་རིགས་པའི་རྗེས་སུ་མཐུན་པར་ཡང་དག་ལྟ་བ་རབ་བཀྲལ་ཏེ། །སྲིད་ལམ་དུབ་


JKT002_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འགྲོ་བ་ཀུན་ཀྱང་ཕྱིར་མི་ལྡོག་པའི་ཤེས་རབ་མཆོག །ལྷུན་གྱིས་གྲུབ་སྟེ་བསྟན་དང་འགྲོ་བའི་ཉེར་འཚོའི་གཞི་རུ་འགྱུར་མཛོད་ཀྱེ། ༡༡ །བརྩོན་པའི་མཐུ་ཡིས་ཁྱོད་སྐུ་སྒྲུབ་མཛད་འཇིག་རྟེན་མིག་གཅིག་ཐོགས་མེད་ཞབས། །དེ་ཡིས་བཅོས་མིན་སྙིང་རྗེ་ཆེན་པོས་ཁྱོད་ཐུགས་ཀུན་ནས་བསླུས་གྱུར་ཏེ། །མངོན་སུམ་རྗེས་བཟུང་འཆི་མེད་གྲོང་དུ་ངལ་བསོའི་དབུགས་འབྱིན་མཛད་པ་དང་། །ལྷན་ཅིག་དམ་པའི་ཆོས་སྡེ་ལྔ་སྩལ་དེ་འདྲ་ཇི་བཞིན་བདག་ཀྱང་ཟུངས། ༡༢ །ལྷ་དང་དྲང་སྲོང་གྲུབ་པའི་རིག་འཛིན་གནོད་སྦྱིན་འབྱུང་པོའི་ཚོགས་རྣམས་ཀྱིས། །ཉིན་རེ་བཞིན་ཀྱང་ཁྱོད་ཞབས་པདྨོ་བསྟེན་ཅིང་མཆོད་པས་ཅི་ཞིག་སྟེ། །གསང་ཆེན་མྱུར་འགྲོ་ཀུན་ཏུ་ཐོགས་མེད་རྡོ་རྗེ་ཐེག་པའི་ལམ་མཆོག་ཆེའི། །བདག་ཉིད་གཅིག་གྱུར་གཞན་དུ་སྲིད་ན་དཔའ་བོ་ཁྱོད་ཀྱི་མཐུ་ཁོ་ན། ༡༣ །ཡིད་སྲུབས་འཁྲི་ཤིང་སྙིང་ལ་ཉལ་བས་བསྟན་འགྲོར་གེགས་བྱེད་ལུས་ཅན་དང་། །གདུག་པའི་བསམ་སྦྱོར་ཀུན་ནས་འཆང་བའི་ལུས་མེད་འབྱུང་པོའི་སྡེ་ཚོགས་རྣམས། །ཁྱོད་ཀྱི་ཕྱག་ན་འབར་བའི་རྡོ་རྗེ་གདེངས་པ་དེ་ཡིས་མྱུར་བཅོམ་པ། །སླན་ཆད་དུ་ཡང་བྲལ་བར་མཛོད་ཅིག་ལྷག་པའི་ལྷ་མཆོག་ཧེ་རུ་ཀ ༡༤ །ཁྱད་པར་རིན་ཐང་ཆེས་ཆེར་གཅལ་བའི་ངུར་སྨྲིག་གོས་ཀྱིས་བཀླུབས་བྱས་ཤིང་། །དབུགས་བྲལ་བམ་རོའི་ཐོད་པ་འཆང་ཞིང་རལ་པའི་ལན་བུ་


JKT002_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

གཡོ་བ་ཡང་། །འཇུག་སྡོམ་ཁྲིམས་དང་རིམ་གཉིས་ལམ་བྲལ་མངོན་པར་ཞེན་པའི་སྟོབས་ལྡན་པས། །འཕོས་པའི་ཚེ་ན་འགྲོ་ཀུན་རྒྱུད་དཀྲུགས་མ་རུངས་གྱུར་རྣམས་འདུལ་མཛོད་ཀྱེ། ༡༥ ། བྲམ་ཟེའི་རིགས་འཁྲུངས་བརྟུལ་ཞུགས་སྤྱོད་པས་མདའ་མཁན་མཆོག་གི་ཚུལ་བཟུང་ཞིང་། །རིམ་གཉིས་ཟུང་འཇུག་བདུད་རྩིར་རོལ་པས་སྣོད་དང་ལྡན་པར་རབ་གཟིགས་ཏེ། །མངོན་སུམ་ཉིད་དུ་ཁྱོད་ཀྱིས་རྗེས་བཟུང་སྨིན་དང་གྲོལ་བའི་ལམ་སྟེར་བས། །གྲུབ་པ་མཆོག་གི་ས་ལ་གཤེགས་བཞིན་བདག་ཀྱང་དེ་འདྲར་མཛད་དུ་གསོལ། ༡༦ །རྟག་ཏུ་མཁྱེན་པའི་སྤྱན་རས་མི་གཡོ་སྙིང་རྗེས་འགྲོ་ལ་ཉེར་གཟིགས་ཏེ། །ལུས་མེད་སྒྲིབ་གཉིས་ཀུན་ནས་བསལ་དང་ལུས་ཅན་རྣམས་ལ་ཕན་བདེ་སྟེར། །ཐར་པའི་ཕྱོགས་སུ་འཛུམ་དཀར་གྲོལ་བའི་ལམ་དང་ལམ་སྟེགས་གཅིག་པུའི་བདག །དེ་རིང་བདག་གིས་གསོལ་བ་འདེབས་སོ་སླར་ཡང་ཐུགས་རྗེས་གཟིགས་པར་མཛོད། ༡༧ ཀྱེ་མ་ཕྱོགས་རྣམས་ཀུན་དང་ཁྱད་པར་གངས་ལྡན་དབྱིག་འཛིན་འདི་དག་ཏུ། །ཁྲག་འཐུང་སྲིན་མོ་ཁྲོས་པའི་ཁ་རླངས་རྡོ་རྗེའི་ཚེར་མའི་སྤྲིན་ཆགས་ཤིང་། །དྲན་པས་སྙིང་ལ་ཟུག་རྔུས་དམ་འཁྱུད་གཡུལ་གྱི་སྤྲིན་སྒྲའི་ང་རོ་སྒྲོགས། །ཤིན་ཏུ་ཉམ་ཐག་བཟའ་བས་ཕོངས་པའི་སྨྲེ་སྔགས་མི་བཟད་ཆར་འབབ་པས། ༡༨ །འགྲོ་འདི་མནར་བ་བཟློག་པར་མཛོད་ཅེས་སྙིང་


JKT002_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

ནས་མཆི་མ་དཀུ་ཞིང་གསོལ། །གལ་ཏེ་དེ་ལ་དགོངས་པར་མི་མཛད་ཞི་བའི་དབྱིངས་སུ་སླར་མནལ་ན། །གྲངས་མེད་བསྐལ་པར་ལུས་ཅན་ཡོངས་སྒྲོལ་སྙིང་རྗེས་དམ་བཅའི་སྤྲིང་ཡིག་གིས། །འགྲོ་ཀུན་མངོན་སུམ་ཉིད་དུ་བསླུའོ་ཀྱི་ཧུད་དེ་དག་མི་གཟིགས་སམ། ༡༩ །འཕགས་པའི་ཡུལ་དུ་ཙནྡྲའི་མཚན་དང་ཞི་བའི་གོ་ཆས་སྒེག་ལ་སོགས། །སྐལ་བཟང་ཀུན་ལ་དགྱེས་ཞལ་བསྟན་ཏེ་རྣམ་པར་གྲོལ་བའི་ལམ་མཆོག་བྱིན། །ཁྱད་པར་བྷོ་ཊའི་ཡུལ་གྱི་ལྗོངས་འདིར་སྤྲུལ་པའི་སྒྱུ་འཕྲུལ་མཐའ་ཀླས་པས། །འགྲོ་རྣམས་རྗེས་སུ་བཟུང་བར་མཛད་བཞིན་བདག་ཀྱང་ཐུགས་རྗེས་རྟག་ཏུ་སྐྱོངས། ༢༠ །མཚོ་སྐྱེས་གཞོན་ནུའི་འཛུམ་ཕྲེང་ལས་གྲོལ་འཆི་མེད་རྟག་པའི་རྡོ་རྗེའི་སྐུའི། འཛམ་གླིང་འགྲོ་ཀུན་གདུལ་བར་མཛད་དང་ལུང་རྟོགས་བསྟན་པ་སླར་སྤེལ་བའི། །སངས་རྒྱས་གཉིས་པ་པདྨའི་ཞབས་ཁྱོད་གངས་ཅན་འགྲོ་ལ་བཀའ་དྲིན་མཐུ། །ཁུར་དུ་བཟོད་ན་ལྷ་དང་བཅས་པ་འཇིག་རྟེན་ཁམས་ཀྱིས་ག་ལ་ཐེག ༢༡ །དེ་ལྟར་ན་ཡང་འབྱུང་པོས་རྒྱུད་དཀྲུགས་ངན་སོང་མངོན་སྒྲུབ་སྐྱེ་བོ་འགས། །བུས་པ་གཞོན་ནུས་མ་ལ་སྡང་བཞིན་དྲིན་དུ་བཟོ་བ་ཅི་ཞིག་ཀྱང་། །ཐུགས་རྗེ་ཆེན་པོ་འཁྲུགས་པ་ལྟ་ཅི་སླར་ཡང་སྙིང་རྗེ་གསར་པའི་མཐུ། །མངོན་པར་བསྐྱེད་ནས་བྷོ་ཊའི་ལྗོངས་འདིར་སྤྲུལ་པའི་ཟློས་གར་བསྒྱུར་བར་མཛོད། ༢༢ །ལུས་ཅན་མཐའ་


JKT002_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

དག་བཟའ་བ་དང་ནི་རྒྱན་དུ་བྱེད་པའི་སྲིན་པོའི་ཚོགས། ཁྱོད་ཀྱི་ཐུགས་རྗེས་གདུལ་བར་བཟོད་ན་གངས་ཅན་ལྗོངས་ཀྱི་སྐྱེ་འགྲོ་ཕལ། །ཚུལ་མིན་བདུད་ཀྱིས་མངོན་སུམ་བརླབས་པས་གནག་པའི་ལས་ལ་གོམས་པའི་མཐུ། །མྱུར་དུ་ཞི་བྱེད་ཡེ་ཤེས་འཇུག་པ་ཆེན་པོས་དེང་འདིར་ཁྱབ་པར་མཛོད། ༢༣ །འདི་ན་ཁྱོད་ཀྱི་ཐུགས་རྗེས་སྤྲུལ་པའི་སྐྱེས་བུ་ཆེན་པོ་ཐམས་ཅད་ལ། །སླར་ཡང་ཞལ་གྱི་དཀྱིལ་འཁོར་བསྟན་ཏེ་གསུང་གི་རྗེས་སུ་དབུགས་དབྱུང་ཞིང་། །དབང་བསྐུར་དམ་པའི་རྒྱལ་ཐབས་བྱིན་ཞེས་ལུས་མེད་ཁམས་སུ་གྲགས་འབར་བ། །དེ་བཞིན་བདག་ལ་སྩོལ་བར་མཛད་ཅེས་གུས་དང་སྐྱོ་བའི་ཡིད་ཀྱིས་གསོལ། ༢༤ །གཞན་ཡང་ལམ་ལྔ་ས་བཅུའི་ཐེམ་སྐས་ཤིན་ཏུ་སྤ་པའི་འབབ་སྟེགས་སུ། །ཞུགས་དང་ལམ་གྱུར་འབྲས་བུ་མངོན་རྫོགས་རྒྱལ་དང་དེ་སྲས་བྱང་ཆུབ་སེམས། །སྲིད་པའི་དགྲ་བཅོམ་ཉན་ཐོས་རང་རྒྱལ་རྣལ་འབྱོར་རིག་པ་འཛིན་པའི་སྡེ། །ཧེ་རུ་ཀ་དཔལ་འཁོར་ལོའི་མགོན་སོགས་སྐྱབས་སུ་གྱུར་ཀུན་མངོན་དགོངས་ཤིག ༢༥ །དེང་དུས་ཤིན་ཏུ་སྙིགས་མར་གྱུར་པའི་སྦྲུལ་གདུག་ཁ་རླངས་གཡོ་བའི་ཁྲོད། །འགྲོ་རྣམས་ངན་སྤྱོད་དུག་གིས་རབ་མྱོས་ཚུལ་མིན་དུ་ཁའི་ཞགས་པས་བཅིངས། །རྒྱལ་བསྟན་སྒྲོན་མེའི་འོད་ཀྱང་མི་འབྱིན་ཕྱོགས་ཀྱི་ཁོ་ར་ཁོར་ཡུག་ཀུན། །ཡིད་སྲུབས་གདོན་གྱིས་བཏབ་པར་ལྔ་


JKT002_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་འདིར་ཀྱི་ཧུད་ཅུང་ཟད་མི་གཟིགས་སམ། ༢༦ །འདི་ལྟར་རྩ་བཞི་ཅི་དགར་སྤྱོད་བཞིན་ཕྲ་མོ་སྲུང་ལ་སྡོམ་པར་རློམ། །ཕ་རོལ་རྙེད་སྐུར་དཔལ་ལ་བརྐམས་པའི་རྣམ་གཡེང་བྱང་ཆུབ་སེམས་སུ་བསྒོམ། །སྨིན་བྱེད་དང་བྲལ་ཟབ་དོན་འཆད་ཅིང་ནོར་གྱི་ཕྱིར་དུ་དམ་ཚིག་དོར། །སྦྱང་གཞི་སྦྱོང་བྱེད་དེ་འབྲས་ལས་བརྒལ་མངོན་པར་ཞེན་པའི་ཀུན་བརྟགས་བསྐྱེད་རིམ་དང་། ༢༧ །མཚན་མ་ཡིས་བཅིངས་རགས་པའི་ཡོན་ཏན་ཅུང་ཟད་ལ་རོལ་ཡོངས་གྲུབ་ལམ། རྫོགས་རིམ། །དབང་གི་ཡེ་ཤེས་མཐོང་བ་རིང་སྤངས་ཉམས་ཀྱི་འཛིན་སྟངས་མ་ཞིག་བཞིན། །བྱུང་ཚོར་གནས་ཉམས་ངོ་སྤྲོད་བྱེད་ནས་ཉེར་སྤྱོད་ཉི་ཚེའི་བསམ་གཏན་ལ། །ཟག་པ་བྲལ་བའི་ཡེ་ཤེས་ཆེར་འཛིན་གཏི་མུག་འོད་གསལ་མཆོག་ཏུ་རེ། ༢༨ །འགའ་ཞིག་སྤངས་རྟོགས་ཡོན་ཏན་རང་གཟུགས་ཀུན་གསལ་པདྨོའི་ཟླ་བོ་ཅན། །བླུན་པོས་བཏགས་པའི་གྲགས་སྙན་ལ་བསྙེགས་རང་གཞན་ཕན་བདེའི་འབྲས་བུ་གཅོད། །ཕལ་ཆེར་ལོག་སྤྱོད་རྫུན་གྱི་ཕྲེང་བས་གྲུབ་པའི་གོ་འཕང་ལ་རོལ་ཞིང་། །གཞན་ཡིད་གདུགས་ལྟར་བསྐོར་བའི་ངང་ཚུལ་མིག་སྨན་ལས་ཀྱང་ཆེས་ཆེར་གནག ༢༩ །ཉེ་བར་བཟུང་བའི་གཟི་བྱིན་རྫུ་བག་རྣམ་པར་རེག་པས་སྒྲིབ་པའི་མོད། །འཇིག་རྟེན་དག་གིས་ཆེན་པོར་བརྟགས་ཤིང་འདོད་པའི་འབྲས་བུ་རྒྱུན་མི་འཆད། །སྲོག་དང་སྲུང་དང་སྤེལ་བས་


JKT002_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་བསྔལ་ཕལ་ལས་བྲེལ་བའི་སྤྱོད་ཚུལ་ཅན། །སྦྱངས་པའི་ཡོན་ཏན་དགྲ་བོར་འཛིན་གྱུར་འདྲེན་པའི་དཔལ་དུ་མངོན་པར་བསྟོད། ༣༠ །ཁྱད་པར་བདེན་གཉིས་གནད་ཀྱི་ངེས་གསང་ཕན་ཚུན་ལྟོས་གྲུབ་འགལ་མེད་པར། །མཐོང་མིན་གང་དེའི་རྟེན་འབྱུང་ཚུལ་ལས་ཤིན་ཏུ་རིངས་པའི་བློ་ཅན་དག །སྒྲོ་སྐུར་རྙོགས་མའི་ཕྲེང་བ་སྤེལ་དང་རང་ལྟ་མཆོག་འཛིན་ཕ་རོལ་རྨོངས། །ལ་ལ་ཐོས་བསམ་དགྲ་ཟླར་གྱུར་པས་སྒོམ་པའི་ལམ་ལས་ཕྱིར་ཕྱོགས་སོགས། ༣༡ །རྨོངས་པ་ལས་ཀྱང་རྨོངས་པར་གྱུར་པས་ཤིན་ཏུ་གདུང་བྱས་འགྲོ་འདི་རྣམས། །ཀྱེ་མ་དེང་དུས་ཁྱེད་རྣམས་མཐུ་ལས་གཞན་དུ་སུ་ཡིས་འདུལ་བར་འགྱུར། །ཚུལ་དེའི་ཕྱིར་ན་བདག་ཡིད་རབ་སྐྱོ་ཡང་ཡང་གདུང་བའི་སྤུ་ལངས་གཡོ། །ངན་སོང་གནས་སུ་རྐང་པ་བཀོད་ལས་མི་ཤེས་བཞིན་དུ་སྨྲེ་སྔགས་ཀྱི། ༣༢ །མཆིད་ཚིག་འདི་ནི་ཁྱེད་རྣམས་ལ་གསོལ་ཚུལ་འདིར་བས་པ་གང་མཆིས་པ། །ཐུགས་རྗེ་ཆེན་པོས་བཟོད་པར་མཛད་ནས་མྱུར་དུ་མཁྱེན་དང་བརྩེ་བ་ཡི། །སྤྱན་རས་གསར་པས་ཀུན་ཏུ་གཟིགས་ནས་ཡང་དག་ལམ་གྱི་དེ་ཉིད་ལ། །ཞུགས་དང་འཇུག་ཚོགས་རྣམ་པར་རབ་དད་བྲལ་སྨིན་ཡོན་ཏན་འགྲུབ་མཛོད་ཀྱེ། ༣༣ །ཨེ་མ་རྨད་བྱུང་པད་དཀར་ལྟར་བསྔགས་རྣམ་འདྲེན་བཞི་པ་ཤཱཀྱའི་ཏོག །ཟབ་ཞི་སྤྲོས་བྲལ་དབུ་མའི་དབྱིངས་སུ་མཚན་དཔེའི་སྒྱུ་


JKT002_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲུལ་ཉེར་སྡུད་ཚེ། །ལུང་དང་རྟོགས་པའི་བསྟན་པ་ལེགས་གཏད་སྟོན་པ་གཉིས་པར་དབུགས་དབྱུང་ཞིང་། །འཕགས་པའི་སར་བཞུགས་བརྒྱད་གཉིས་གྲངས་ལྡན་གནས་བརྟན་ཆེན་པོའི་ཚོགས་རྣམས་དགོངས། ༣༤ །དེང་དུས་ཛམྦུའི་རྐང་འཐུང་གིས་མཚན་ནོར་འཛིན་དགའ་མའི་ཡུལ་གྱི་དབུས། །མ་ག་དྷ་དང་རྡོ་རྗེ་གདན་སོགས་ལོག་པར་སྨྲ་དང་ཀླ་ཀློས་ཁེབས། །བྷོ་ཊའི་ལྗོངས་ཀྱང་དེ་ལ་སྨོད་བཞིན་སྤྱོད་ལམ་དེ་ཡི་སྤུན་ཟླ་རུ། །བོས་པ་འདི་ཀོས་རྒྱལ་བའི་བསྟན་པ་རི་མོའི་ནཱ་དའི་རྗེས་སུ་སོང་། ༣༥ །དེ་འདྲའི་སྙིགས་སྤྱོད་ཚ་གདུང་སྟུག་པོས་ཕན་བདེའི་དགའ་ཚལ་ཉམས་པ་འདིར། །ཁྱེད་རྣམས་ཐུགས་རྗེའི་སྤྲིན་དཀར་ལེགས་བསྐུལ་མཁྱེན་བརྩེའི་བདུད་རྩིའི་ཐིགས་ཕྲེང་གིས། །གཞི་གསུམ་ཆོ་གའི་རྩ་བ་ལེགས་བརྟན་སྨོན་འཇུག་བྱང་སེམས་ཡལ་ག་རྒྱས། །རྡོ་རྗེ་ཐེག་པའི་མེ་ཏོག་མཛེས་འཛིན་ཕན་བདེའི་འབྲས་བུ་འཇོ་གྱུར་ཅིག ༣༦ །ཐོས་པའི་ཟླ་ཤེལ་གཞོན་ནུའི་བཏུང་པ་རྣ་བའི་ཨུཏྤལ་དཀར་པོར་རོལ། །བསམ་བྱུང་ཤེས་རབ་འཇོ་སྒེག་རབ་གཡོ་ལེགས་བཤད་གསར་པའི་འཛུམ་ཕྲེང་དགོད། །སྒོམ་སྤང་འཕགས་པའི་གེ་སར་ཁུར་ལྕི་ཞི་བསིལ་མྱང་འདས་རོ་ཡི་གཏེར། །ཡོངས་སུ་རྫོགས་པས་བཤད་སྒྲུབ་བསྟན་འཛིན་སྲིད་མཐའི་བར་དུ་འཕེལ་མཛོད་ཀྱེ། ༣༧ །གཞན་ཡང་མགོན་པོ་ཐུགས་རྗེ་ཆེ་ལྡན་སྲས་


JKT002_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་གྲངས་མེད་རྒྱལ་ཀུན་དགོངས། །ལྕགས་སྲེག་འབར་བའི་འོད་ཟེར་གྱིས་འཁྱུད་ཚལ་པར་སོང་གྱུར་དེ་ཡི་ལུས། །རྣག་ཁྲག་རྒྱུན་གྱིས་བརླན་པར་བྱས་དང་རླུང་གི་རེག་བྱས་ཆེར་བཅོམ་པས། །ཨུཏྤལ་ལྟར་གས་སྣང་ཚུལ་སྣ་ཚོགས་དམྱལ་བའི་འགྲོ་འདིར་ཡུད་ཙམ་གཟིགས། ༣༨ །དེ་བཞིན་རབ་ཏུ་རིང་བའི་དུས་ནས་ཆུ་ཐིགས་ཙམ་གྱི་བཏུང་བ་ཡང་། །ཉིན་མཚན་མེད་པར་འབད་པས་བཙལ་ཀྱང་ཅུང་ཟད་རྙེད་མིན་དེ་དག་གིས། །ལྟོ་བ་ཡུལ་ལྗོངས་ཆེན་པོའི་རྗེས་སྙེགས་བརྐམ་ཆགས་སེར་སྣའི་འབྲས་བུ་ཅན། །ཡི་དྭགས་འགྲོ་འདིར་རྨད་བྱུང་ཐུགས་རྗེས་སྤྱན་རས་ཡངས་པོས་བཙའ་བར་མཛོད། ༣༩ ། ཕལ་ཆེར་བདག་ཏུ་བཟུང་བས་དམ་བཞག་བཅིངས་དང་བརྡེག་པའི་འཚེ་བས་གཞུར། །འགའ་ཞིག་རྔོན་པའི་སྦྱོར་བ་རྩུབ་མོས་རང་བཞིན་མེད་པར་སྲོག་འཕྲོག་ཅིང་། །ཀུན་ཀྱང་གཏི་མུག་ལམ་གོལ་ལ་འཁྱམས་ཐར་པའི་སྣང་བ་རིང་བྲལ་བའི། །དུད་འགྲོའི་གནས་ཀྱང་སྡུག་བསྔལ་མི་བཟད་སྐད་ཅིག་ཡེ་ཤེས་འཇུག་པས་ཟུངས། ༤༠ །སྐྱེ་བའི་ཆུ་གཏེར་འགྱུར་དང་འདུ་བྱེད་རླབས་ཕྲེང་གཡོ་བའི་སྐ་རགས་ཅན། །རྒ་ན་འཆི་སོགས་འཛིན་ཁྲིའི་གྲོང་ཁྱེར་ཚད་མེད་འཇིགས་པའི་དུ་ཁས་མནར། །རྟག་པ་ཉིད་དུ་འབད་པས་བསྒྲུབས་ཀྱང་ཉོན་མོངས་དྲི་བཞོན་དང་འགྲོགས་པའི། །ཉམ་ཐག་མི་ཡུལ་གྲོང་ཁྱེར་འདི་ཡང་


JKT002_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

མཁྱེན་དང་བརྩེ་བའི་ཞགས་པས་སྐྱོངས། ༤༡ །བསྲན་པར་མི་བཟོད་ཕྲག་དོག་གོ་ཆ་སྟུག་པོར་བགོས་དེའི་ལག་པ་ནི། །རང་གཞན་ཁོང་ཁྲོའི་ཟུག་རྔུའི་དཔལ་སྦྱིན་དགྲ་སྟས་མཚན་པས་བསྣུན་པའི་མོད། །ཐར་པའི་མགོ་བོ་ཚལ་པར་བཀས་ཀྱང་ལྷ་ཡི་བསོད་ནམས་ལས་དམན་པས། །རང་ཉིད་མི་བཟད་སྡུག་བསྔལ་གྱིས་མནར་ལྷ་མིན་ཡུལ་འདིར་སྐད་ཅིག་གཟིགས། ༤༢ །རིང་པོར་འཚོ་བའི་ལེ་ལོའི་དབང་གྱུར་ཞི་བདེའི་བདུད་རྩི་བརྟེན་མི་བགྱིད། །འབྱོར་དང་ལང་ཚོའི་ཡོན་ཏན་ལྡན་ཀྱང་ནམ་ཞིག་ཉིང་མཚམས་སྦྱོར་བའི་ཚེ། །མེ་ཏོག་ཕྲེང་བ་རྣམ་པར་ཉམས་སོགས་འགྱུར་བའི་སྡུག་བསྔལ་བརྒྱ་ཕྲག་གིས། །མྱ་ངན་ཁོང་བུར་ཡུན་རིང་ཚུད་གྱུར་ལྷ་ཡི་གནས་ཀྱང་གཟིགས་པར་འོས། ༤༣ །དེ་སོགས་འཁོར་བའི་ནགས་སུ་རབ་འཁྱམས་སྣང་ཚུལ་མི་བཟད་འདི་ཉིད་ཀུན། །རྟག་པ་ཉིད་དུ་ཁྱེད་ཀྱིས་གཟིགས་མོད་བདག་གིས་བསྐུལ་འདེབས་མི་འཚལ་མོད། །དེ་ལྟར་ན་ཡང་རང་ཉིད་ལས་བྱས་རྣམ་སྨིན་ཁུར་གྱིས་མནར་བ་ཡིས། །མ་བཟོད་སྨྲེ་སྔགས་བར་མེད་སྒྲོགས་འདི་ཉོན་མོངས་པ་ཡི་སྐྱོན་དུ་ཟད། ༤༤ །ཚུལ་དེར་སླར་ཡང་སྙིང་རྗེས་གཟིགས་ནས་བྱམས་པའི་ཆུ་གཏེར་འཕྱུར་བ་དང་། །ཕན་བདེའི་དགའ་བའི་འཛུམ་ཕྲེང་ལེགས་སྤྲོ་གཉིས་སྐྱེས་གཞོན་ནུ་ཐོན་པའི་མོད། །ཕྱོགས་རིས་མེད་པར་བཏང་སྙོམས་མངོན་བརྡལ་


JKT002_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

གདུང་སེལ་བདུད་རྩི་འཛག་པ་ལས། །ལམ་ལྔ་ས་བཅུའི་ཆ་ཤས་ཀུན་གང་ཐར་པའི་ཀུན་བཞད་གྱུར་ཅིག ༤༥ །ངེས་པར་འབྱུང་བའི་སེམས་ཀྱིས་རབ་བསྐུལ་སོ་སོར་ཐར་པས་རྒྱུད་བསྡམ་ཞིང་། །གཞན་ལ་ཕན་དགོངས་དམ་བཅའ་གསར་པར་སྨོན་འཇུག་བྱང་ཆུབ་སེམས་མཆོག་བསྐྱེད། །ཐུན་མོང་མ་ཡིན་སྔགས་ཀྱི་འཇུག་སྒོ་གཞི་ཡི་སྨིན་བྱེད་ལེགས་བླངས་ནས། །རྟག་ཏུ་ལམ་དབང་དོན་ལ་བསྙེན་ཅིང་སྡོམ་དང་དམ་ཚིག་འདའ་མི་བགྱིད། ༤༦ །སྐྱེ་གནས་བཞི་ཡི་སྣང་ཞེན་སྦྱོང་བྱེད་རྡོ་རྗེའི་ལམ་མཆོག་གཞིར་བཞག་སྟེ། །ཁམས་དང་ཕུང་པོའི་བྱེད་ལས་བཅིངས་པས་བདེ་སྟོང་ཡེ་ཤེས་མངོན་མཐོང་ལམ། །ཐུན་མོང་མ་ཡིན་ཉེ་རྒྱུ་ལ་བརྟེན་གྲུབ་པའི་ཐེམ་སྐས་ལ་འཛེགས་ཤིང་། །ལྷན་ཅིག་སྐྱེས་པའི་གཉུག་མའི་རང་ཞལ་འདུ་འབྲལ་དབྱེན་དང་མི་མཛའ་བས། ༤༧ །ཕྱི་ནང་ཉོན་མོངས་ཤེས་བྱའི་སྒྲིབ་བཅོམ་སྐུ་བཞིའི་འཁོར་ལོ་སྦྱོང་པའི་དཔྱིད། །ཡང་དག་ལམ་གྱི་དེ་ཉིད་ལ་བརྟེན་གནས་སྐབས་མཐར་ཐུག་དོན་རྣམས་ཀུན། །ལྷུན་གྱིས་གྲུབ་པའི་ངོ་མཚར་རྨད་བྱུང་རིས་མེད་འགྲོ་བ་ཐམས་ཅད་ཀྱིས། །རྟག་པ་ཉིད་དུ་ལོངས་སུ་སྤྱོད་ནས་མཆོག་དངོས་ཚེ་འདིར་འགྲུབ་གྱུར་ཅིག ༤༨ །ཁྱད་པར་སྡེ་སྣོད་བྱེ་བའི་གན་མཛོད་ཡོན་ཏན་ནོར་བུའི་ཟ་མ་ཏོག །ཐོས་དང་བསམ་དང་སྒོམ་པའི་འཇོ་སྒེག་རྣམ་པར་གཡོ་བའི་རང་གཟུགས་


JKT002_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །མཚམས་སྤྲིན་གཞོན་ནུའི་རེག་བྱས་མངོན་བཀླུབས་གྲངས་མེད་དགེ་འདུན་འདུས་པའི་སྡེས། །ནོར་འཛིན་ཁམས་འདི་ཡོངས་སུ་ཁྱབ་ནས་བཤད་སྒྲུབ་གླུ་དབྱངས་ལེན་པར་ཤོག ༤༩ །གནས་སྐབས་སུ་ཡང་མི་ངས་ལ་སོགས་འགྲོ་ལ་འཚེ་བའི་དཔལ་བྲལ་ནས། །བཟའ་དང་བཏུང་བའི་ལོངས་སྤྱོད་ཕུན་ཚོགས་དུས་བཞིའི་ཤིང་རྟས་དྲངས་པ་ཡི། །འཚོ་བའི་བདག་པོ་ཡིད་འོང་ཐོབ་ནས་གཡུལ་ངོར་འཇུག་པའི་ཨཱི སྦྱོར་བ་སོགས། །ཕན་ཚུན་འཚེ་བའི་བསམ་པ་ཀུན་བྲལ་རྫོགས་ལྡན་འབྱོར་པས་ཕྱུག་གྱུར་ཅིག ༥༠ །དེ་ལྟར་སྐྱབས་མེད་ཀུན་གྱི་སྐྱོབ་གྱུར་འགྲོ་བའི་བླ་མ་སྲས་བཅས་ལ། །རབ་ཏུ་གུས་པས་གསོལ་བ་གདབ་དང་རྣམ་པར་སྐྱེ་བའི་སྨྲེ་སྔགས་དབྱངས། །བབ་ཅོལ་གོམས་པའི་ཞུ་མཆིད་སྣ་ཚོགས་སྒྲོག་པ་གང་དེར་ལེགས་བྱས་མཐུ། །ཅུང་ཟད་ཙམ་ཡང་མཆིས་པར་གྱུར་ཀུན་འགྲོ་རྣམས་ཀུན་མཁྱེན་ཐོབ་ཕྱིར་བསྔོ། ༥༡ །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སྲས་དང་སློབ་མར་བཅས་པ་ལ་འཕྲིན་དུ་གསོལ་བའི་གཏམ་ཕྱོགས་ཀྱི་རྣ་རྒྱན་ཞེས་བྱ་བ་འདི་རིས་མེད་པའི་བསྟན་པ་ཀུན་ལ་མཆོག་ཏུ་གུས་པའི་རྨོངས་རྟུལ་གཞོན་ནུ་ཨ་བྷཱ་ཡ་ཞེས་བགྱི་བས་རང་ལོ་བཅུ་བདུན་པར་རྗེ་བཙུན་ཨེ་ཝཾ་པའི་རིང་ལུགས་འཛིན་པའི་ཆོས་གྲྭ་ཆེན་པོར་གསོལ་བ་བཏབ་པ་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག །སརྦས་མནྟ་མངྒ་ལཾ་ཀུཅནྟུ།། །།


no previousགཏམ་གྱི་ཚོགས་རིག་གཞུང་རྒྱ་མཚོར་འཇུག་པའི་གྲུ་རྫིང་།next