Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
འཕགས་པ་འཇམ་དཔལ་གྱི་ཐུགས་རྗེ་ལ་སྐུལ་བའི་གཏམ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའཕགས་པ་འཇམ་དཔལ་གྱི་ཐུགས་རྗེ་ལ་སྐུལ་བའི་གཏམ།next

འཕགས་པ་འཇམ་དཔལ་གྱི་ཐུགས་རྗེ་ལ་སྐུལ་བའི་གཏམ།


JKT002_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨཱརྱ་མཉྫཤི་ཡཀཱ་རུ་ཎེ་ཀེ་པ་ཀཱ་ཐ་ནཱ་མ། བོད་སྐད་དུ། འཕགས་པ་འཇམ་


JKT002_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་གྱི་ཐུགས་རྗེ་ལ་སྐུལ་བའི་གཏམ་ཞེས་བྱ་བ། བཅོམ་ལྡན་འདས་གསུང་གི་རྡོ་རྗེ་ལ་ཕྱག་འཚལ་ལོ། །འཇམ་དང་འབར་རྒྱས་ཆགས་པའི་སྐུ་ནི་སྣ་ཚོགས་མོས་པའི་རྗེས་སུ་འཆེལ། །འཇམ་མཉེན་དབྱངས་ཀྱི་པུཎྜ་རཱི་ཀས་ཆོས་ཕུང་རྒྱ་མཚོའི་རྡུལ་དམར་སྤྲོ། །འཇམ་པའི་ཐུགས་ནི་གློ་བུར་སྒྲིབ་བྲལ་འོད་གསལ་རྟག་པ་དམ་པའི་དངོས། །འཇམ་དཔལ་མགོན་ཁྱོད་དེང་ནས་བྱང་ཆུབ་བར་དུ་དགེ་བའི་བཤེས་སུ་མཛོད། ༡ །འདི་ན་འགའ་ཞིག་ཁྱོད་ཀྱི་རྣམ་ཐར་ཟླ་བ་གཞོན་ནུར་འཁྲུལ་གྱུར་ཏེ། །ཐུགས་རྗེའང་སིམ་འོད་ཟག་པ་ལ་ཆགས་སླར་ཡང་ཤར་གྱི་ཐིག་ལེའི་གཟུགས། །མཐོང་བས་དད་པའི་སྤུ་ལངས་འདཀར་པོས་ལང་ཚོའི་ཆུ་བུར་དམ་འཁྱུད་པ། །འཇམ་དཔལ་མགོན་ཁྱོད ༢ གལ་ཏེ་རྫབ་ཀྱིས་དཀྲིས་པའི་པདྨར་མཚན་དཔེའི་འཇོ་སྒེག་རབ་འབར་ཞིང་། །འཛུམ་སྒྲོས་ཡིད་འོང་རྒྱས་པའི་ཁོང་ནས་ལུང་༡ རྟོགས་སྦྲང་རྩི་སྐྱུགས་མཁས་ན། །ཁྱོད་ཀྱི་སྤུན་ཟླར་འོས་པ་ཉིད་ཅེས་ཕལ་ཆེར་ག་ཞའི་ཚིག་འབྱིན་པ། །འཇམ་དཔལ༴ ༣ ཤིན་ཏུ་ཡིད་འོང་སཱ་ཧ་ཀ་ར་མཛེས་པས་བཟུང་ཡང་རྡུལ་གྱིས་གཏམས། །ཀཽ་ཤུའི་འཁྲི་ཤིང་རྒྱས་པའི་ཅོད་པན་བྲལ་བས་ཉེན་ལ་གདུང་བའི་རྒྱུ། །དེ་སླད་གཞོན་ནུའི་སེན་མོའི་འཛུམ་འོད་སྐྱོན་གྱི་རྣམ་པ་རིང་བཅད་པ། །འཇམ་དཔལ༴ ༤ དགའ་བ་བརྒྱ་པའི་གདོང་པ་རྣམ་བཞིས་མིག་མི་འཛུམ་


JKT002_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

པར་ལྟ་བགྱིད་ཅིང་། །གྲགས་པའི་མུ་ཁྱུད་འདྲེན་བྱེད་ཇི་སྙེད་ཞབས་རྡུལ་དག་ལ་རིང་ཆགས་བཞིན། །སྣ་ཚོགས་གཟུགས་ཀྱང་ཞུམ་པ་ལྷུར་ལེན་དེ་སླད་ལྷར་བཅས་འགྲོ་བའི་སྐྱབས། །འཇམ་དཔལ༴ ༥ གང་གི་རང་གཟུགས་བལྟ་བའི་ཡུལ་ལས་རིང་དུ་སོན་པའི་ཕ་རོལ་ནས། །ཡེ་ཤེས་མཆོག་གི་རྩེ་དགའ་བཟུང་ལ་སྙིང་རྗེའི་ལང་ཚོ་དར་བབས་ཕྱིར། །དྲན་པ་ཙམ་གྱིས་ཕྲ་རྒྱས་རིང་བཅད་དགྱེས་ཞལ་དག་པའི་ཀེ་ཏ་ཀ །འཇམ་དཔལ༴ བདེ་ཆེན་བཅུ་དྲུག་རོ་ཡིས་རབ་སིམ་མི་འགྱུར་མཆོག་དེའི་ཨུཏྤ་ལ། །རྡོ་རྗེའི་ཉི་མ་འབར་བའི་འཛུམ་རླབས་ཚོན་ཆགས་གསར་བའི་དོག་པ་དང་། །རྡོ་རྗེ་ཟླ་བ་དྲི་མེད་འོད་འཕྲོ་ཟུང་འཇུག་གྲུབ་པའི་གྲིབ་བསིལ་ཅན། །འཇམ་དཔལ ༧ ལག་ལྡན་མྱོས་པའི་འདུལ་སྦྱོང་ལ་མཁས་འཕྲོག་བྱེད་དྲེགས་པའི་རྒྱུད་མང་ཡང་། །སྙིང་པོའི་ལྗིད་ཀྱིས་ནོན་པ་སྤངས་ན་གང་གསུང་དབྱངས་བདུན་ཡོངས་རྫོགས་པ། །ཅི་ཕྱིར་ཕྱོགས་ལས་རྣམ་པར་མི་རྒྱལ་རྡོ་རྗེ་ནཱ་དས་སྒེག་པའི་ཕྱིར། །འཇམ་དཔལ ༨ འདི་ན་སྲིད་པའི་ཡུལ་ལ་ཆགས་ཀྱང་ཀུན་ཏུ་སྦྱོར་བ་འདུ་མི་བགྱིད། །ཞི་བ་དམ་པའི་རོ་ཡིས་སེམས་ཀྱང་འཇུག་དང་ལྡང་བ་ཡོངས་སུ་སྤངས། །གཅིག་པུའི་ཐིག་ལེར་བཤེས་པ་ཉིད་མོད་དུ་མའི་གར་དུ་རྣམ་རོལ་པ། །འཇམ་དཔལ ༩ བྱིས་པ་རྣམས་ཀྱིས་བྱེ་བྲག་རྟོག་མིན་འདི་ཞེས་བརྗོད་


JKT002_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

པའང་སྤངས་པ་ཉིད། །ནར་སོན་འགའ་ཞིག་གཏམ་དུ་གླེང་བའང་ཕྱོགས་རེར་འཆེལ་ལ་སྐྲག་གྱུར་ནས། །འཆི་མེད་རྫིང་རིང་གསར་དུ་སྤྲུལ་སྙམ་རྣམ་པ་ཀུན་ལྡན་ཡེ་ཤེས་ཐུགས། །འཇམ་དཔལ= ༡༠ འགའ་ཞིག་རྣ་བའི་གྲགས་པ་ལ་བརྐམས་རྒྱ་མཚོའི་གོས་ཅན་མཐར་འགྲོ་ཞིང་། །ཕལ་ཆེར་གདུག་པའི་དཔུང་པས་ཉེར་བཟུང་ས་འཛིན་ལ་ཡང་རེ་བ་མཐོང་། །བདག་སོགས་གང་གི་ཡོན་ཏན་ལ་ཆགས་དེ་ལའང་འདོད་པ་ཇི་བཞིན་འཇོ། །འཇམ་དཔལ༴ ༡༡ རིང་པོར་ཟིམ་བུའི་མིག་གིས་བལྟ་བའི་མཁུར་ཚོས་བནྡྷའི་ཐིག་ལེ་ཅན། །འཆི་མེད་བུ་མོའི་ལག་པད་ཀྱིས་གཏོར་གསེར་གྱི་ཆུ་སྐྱེས་གཡོ་བས་ཀྱང་། །ཞབས་མཐིལ་ཙམ་ཡང་བརྟེན་པར་རྙེད་དཀའ་འདི་ནི་ཨེ་མ་ངོ་མཚར་ཞེས། །འཇམ་དཔལ༴ ༡༢ སྦྲང་རྩིས་མྱོས་པའི་བུང་བ་མ་ལགས་ཁྱོད་ཞབས་སེན་མོའི་དོག་པ་ནི། །རྐང་པས་འཐུང་བའི་གེ་སར་མ་ལགས་ཨུཏྤལ་གདན་ལ་མཉམ་བཀོད་པས། །བསུང་ཞིམ་སྤྲིན་གྱི་ཕྱག་རྒྱ་མ་ལགས་འདི་ན་ངལ་འཚོའི་སླད་རྒྱུ་བས། །འཇམ་དཔལ༴ ༡༣ གང་གི་བྱང་ཆུབ་སྤྱད་པའི་ཚུལ་ནི་གླང་པོའི་མཆེ་བ་ལྟ་བུར་དཀར། །དེ་ཡང་གཞན་ཕན་བརླན་ལ་ཆགས་དང་བནྡྷ་ཛཱི་བ་ཇི་བཞིན་སྒེག །དེས་ཀྱང་ཀུན་དགའི་ཚོར་བ་སྦོམ་འདི་དཔྱིད་ཀྱི་དུས་སྟོན་ལ་ཆགས་པ། །འཇམ་དཔལ༴ ༡༤ ཉིན་མོའི་ཐིགས་པ་


JKT002_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

ལན་འགའ་བཏུང་ངམ་རྒྱ་མཚོའི་ཐིག་ལེའི་སིམ་འོད་དམ། །མཛེས་མའི་རྐང་རྩེས་བསྣུན་པ་མིན་མོད་གང་ཞབས་ཐུགས་རྗེའི་ཐུགས་བཟུང་བས། །བློ་མཆོག་སྤོབས་པའི་དགའ་ཚལ་དར་བབས་དེ་ཚེ་བསྔགས་འོས་མཛོད་འཛིན་པས། །འཇམ་དཔལ= ༡༥ ཅི་འདི་མཛེས་པའི་མིག་སྨན་རྒྱས་པས་ནེའུ་གསིང་གདེངས་ཀ་ཁེབས་པའམ། །རབ་དྭངས་རྫིང་བུའི་པདྨོ་གཞོན་ནུར་བུམ་རྒྱ་སྐྱེས་ཀྱིས་བྱུགས་སམ་ཅི། །གཞན་དུ་སྨྲ་བའི་ཟླ་བ་གཅིག་པུའི་མཆུ་སྒྲོས་གཡོ་ཞེས་འཁྲུལ་བསྐྱེད་པའི། །འཇམ་དཔལ༴ ༡༦ འགའ་ཞིག་དེ་ལས་བྱུང་བའི་བཅུད་ནི་ལག་འགྲོའི་སྙིང་པོར་རྟོག་བྱེད་ལ། །ཕལ་ཆེར་ཐང་ཆུ་དཀར་པོའི་ཆུ་རྒྱུན་རྣ་བར་སིམ་ཞེས་བ་བཅོལ་སྨྲ། །དོན་དུ་ཐོས་པས་རིན་ཐང་ཆེར་བྱེད་ལེགས་གསུང་མཆོག་ཏུ་ངེས་རྙེད་པ། །འཇམ་དཔལ༴ ༡༧ མཐའ་ཀླས་རྒྱལ་བ་སྲས་བཅས་ཀུན་གྱི་མཁྱེན་རབ་ཕུང་པོ་གཅིག་བསྡུས་ན། །ཁྱོད་ཀྱི་སྤོབས་པའི་ལྕིད་དང་མཉམ་མོད་དེ་ལས་གཞན་པའང་དེ་ཉིད་ཀྱིས། །རྣམ་འདྲེན་ཡོངས་ཀྱི་ཡེ་ཤེས་ལ་འཁུ་གྲགས་དཀར་ཟླ་ཚེས་གསར་པ་ཅན། །འཇམ་དཔལ༴ ༡༨ ལ་ལ་གཡོ་སྒྱུས་འཇུག་པ་རྩུབ་མོས་འཇིག་རྟེན་གསུམ་འདི་ཡོངས་བཟུང་བའི། །བིཥྛའི་ངོ་མཚར་གཏམ་དུ་གླེང་མོད་ཁོ་བོས་བྱང་སེམས་འཇམ་པོ་ཡིས། །སྲིད་དང་ཞི་བའི་ཕྱོགས་ལས་རྣམ་རྒྱལ་གང་ཚུལ་ཁོ་ནར་སེམས་


JKT002_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་པ། །འཇམ་དཔལ༴ ༡༩ གསེར་གྱི་མངལ་ཅན་རྟོགས་པ་བརྗོད་ཚེ་སྐྱོན་གྱི་རྣམ་པ་ཕྲག་བརྒྱ་ཡིས། །གཞར་ཡང་སྟོང་མིན་སྲིད་འདི་སྤྲུལ་ཅེས་ཡི་གེའི་གྲགས་པ་འགོག་པའི་སླད། །གང་གི་སྙིང་རྗེའི་ཉི་མ་འབར་བས་ཡིད་ཅན་ཉོན་མོངས་བརླན་སྐེམས་པའི། །འཇམ་དཔལ༴ ༢༠ ཕལ་ཆེར་ལྷ་ཆེན་ཁྲོས་པའི་ཞུགས་ཀྱིས་ཡིད་སྲུབས་ལུས་མེད་གནས་སྦྱར་བའི། །རྣམ་ཐར་ཁོ་ནར་གླེང་བར་བརྩམས་མོད་བདག་ཅག་བྱམས་པའི་བདུད་རྩི་ཡིས། །མེ་ཏོག་མདེའུ་རྣོན་རྟུལ་པོར་བགྱིས་པའི་ཁྱོད་ཞབས་བསྔགས་ལ་མི་ཕྱེད་པའི། །འཇམ་དཔལ ༢༡ རྨོངས་དང་མ་རིག་རླུང་ཐོབ་སར་ལྡན་ལྡང་བས་ཟོས་པའི་དེ་མ་ཐག །ཡེ་ཤེས་མཆོག་གི་གཟི་བརྗིད་འབར་བས་ཤེས་དང་ཤེས་བྱའི་ཆུ་ཀླུང་འབུམ། །བཏུང་ནས་སླར་ཡང་འགྲོ་བའི་ཉེར་འཚོ་བདུད་རྩིར་སྐྱུགས་མཁས་བུམ་པ་སྐྱེས། །འཇམ་དཔལ ༢༢ གཞན་གྱིས་མི་བརྫི་མཚོན་པའི་དཔེ་བྲལ་གཟུགས་སུ་སྣང་བའི་ཕྱོགས་ཀྱིས་བཏང་། །རང་བཞིན་འོད་གསལ་དག་པ་ཟུང་ནི་ཤིན་ཏུ་སད་པ་སད་པའི་བདག །མཁྱེན་གཉིས་རབ་རྫོགས་རྣམ་ཀུན་མཆོག་ལྡན་ཆོས་དབྱིངས་རྟག་པའི་ཡེ་ཤེས་སྐུ། །འཇམ་དཔལཟ ༢༣ ཐོག་མཐའ་དབུས་བྲལ་བྱང་ཆུབ་ཀྱིས་སེམས་ལས་ཀྱི་དྲི་བཞོན་དག་པ་ལས། །རྡུལ་བྲལ་སྟོང་པའི་རང་གཟུགས་གཞོན་ནུ་འཆར་ཀའི་མེ་ཏོག་དར་


JKT002_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

བབས་པའི། །རྣ་རྒྱན་འོག་མིན་གྲུབ་པའི་འགྲམ་བཀོད་ལོངས་སྤྱོད་རྫོགས་ཞེས་གྲགས་འབར་བ། །འཇམ་དཔལ༴ ༢༤ ཤེས་རབ་ཉིད་དང་སྲིད་ལ་བལྟ་བས་དེ་དེར་ཆགས་པའི་ལམ་བཅད་ནས། །ལྷན་སྐྱེས་གྲུབ་པའི་ཐིག་ལེ་ལ་འཆེལ་དེ་ཚེ་རྒྱུ་དང་མི་རྒྱུ་བའི། །དངོས་པོ་ཀུན་ཀྱང་གཅིག་ཏུ་བསྡམས་པའི་སྤྲུལ་པ་སྣ་ཚོགས་སྐུ་འཆང་བ། །འཇམ་དཔལ ༢༥ མཆོག་ཏུ་མི་འགྱུར་སྦྱིན་པའི་རྡོ་རྗེ་ཡང་དག་མཐའ་ཡི་ཕ་རོལ་སོན། །སངས་རྒྱས་བྱང་ཆུབ་གཉིས་སྣང་རྟོག་བྲལ་སྟོང་པ་ཉིད་ལས་ལྡང་གྱུར་པ། །དག་པ་ཉིད་ཀྱང་པྲ་ཕབས་གཟུགས་བརྙན་མེ་ལོང་ལྟ་བུའི་ཡེ་ཤེས་ཆེ། །འཇམ་དཔལ ༢༦ རྣམ་ཀུན་མཐའ་བྲལ་ཡུལ་ལ་ཆགས་གྱུར་ཟག་མེད་མཆོག་བདེའི་འདོད་པས་བརླན། །འགྱུར་བཅས་མཐའ་དག་ཕམ་པ་ལ་དགྱེས་དེ་ཚེ་རྩེ་དགའི་ལག་པ་ཡིས། །རྟག་པ་རྒྱུན་གྱི་འཁོར་ལོར་དམ་འཁྱུད་ཆོས་དབྱིངས་ཡེ་ཤེས་མངོན་གྱུར་པས། །འཇམ་དཔལ ༢༧ རྡུལ་དང་ཤེས་བྱའི་ཆོས་ཀྱི་སྟོང་གཟུགས་ཕྱག་རྒྱ་ཆེན་མོའི་བཞིན་དཔལ་འཛུམ། །ཡང་དག་དོན་གྱི་སྦྲང་རྩིས་རོས་མྱོས་འཕོ་མེད་གསུང་གི་རྒྱུད་མང་ཅན། །དེ་ཁོ་ཉིད་ཀྱིས་མཛའ་བས་གཏོང་མིན་སོ་སོར་རྟོག་པའི་མེ་ནཱ་ཀ །འཇམ་དཔལ ༢༨ རང་བཞིན་མེད་པའི་སྦྱོར་བ་ལས་བྱུང་བདེ་མཆོག་སྐད་ཅིག་གཅིག་རྫོགས་པས། །མཁའ་ལྟར་མཚན་མའི་ཡུལ་ལས་རིང་


JKT002_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

སོང་རང་རིག་ཡེ་ཤེས་སྒྱུ་མའི་འཕྲུལ། །དངོས་ཀུན་མཐའ་དག་མཉམ་པ་ཉིད་གྱུར་མཆོག་གི་ཆུ་གཏེར་ལ་ཆགས་པ། །འཇམ་དཔལ་མགོན་ཁྱོད ༢༩ །སྒྱུ་མ་ལྟ་བུའི་གཟུགས་སྐུའི་དྲྭ་བས་སངས་རྒྱས་མཛད་པ་རྣམ་རོལ་པའི། །ཡོན་ཏན་ཟད་མེད་བསྟོད་འོས་མཆོག་སྟེ་ལྷན་ཅིག་སྐྱེས་སྐུའི་འཇོ་སྒེག་ནི། །བྱ་བ་གྲུབ་པའི་རྣམ་པ་ལ་ཆགས་དེ་ཚེ་སྲིད་ཞིའི་གཙུག་མཛེས་པ། །འཇམ་དཔལ༴ ༣༠ ལ་ལ་འཁྲུལ་པ་བདེན་པར་འཛིན་ཅིང་འགའ་ཞིག་རྟག་ཆད་སྦྱོར་བས་འཁྱུད། །ཕལ་ཆེར་རྡུལ་དང་ཤེས་བྱ་ཉིད་དམ་སེམས་སམ་ཕུང་པོ་རྣམ་དཔྱད་པའི། །སྟོང་པ་ཉིད་ཀྱི་ཚིག་གིས་རིག་མིན་རྒྱལ་བ་ཀུན་གྱི་ཡེ་ཤེས་སྐུ། །འཇམ་དཔལ༴ ༣༡ མདོར་ན་བསྔགས་པའི་ཕ་རོལ་ལས་བརྒལ་དེ་བཞིན་གཤེགས་ཀུན་རིགས་ཀྱི་དབང་། །མིང་ཙམ་གྱིས་ཀྱང་དོན་ཆེན་ཁོང་ཆུད་དག་པས་སྤངས་པ་ཕུན་ཚོགས་ཤིང་། །མཚན་མའི་སྡིག་ལས་ཡང་དག་འདས་གྱུར་རྨད་བྱུང་རྟོགས་པའི་མཆོག་བསྐྱེད་པ། །འཇམ་དཔལ ༣༢ དེ་ལྟར་བདེན་དོན་ཉི་མ་གཅིག་པུ་སྐུ་ལྔའི་ཟུར་ཕུད་སྒེག་ལྡན་པར། །ལྷ་དང་དྲང་སྲོང་གྲུབ་པའི་གཙོ་བོ་བྱང་ཆུབ་སྤྱི སངས་རྒྱས་སྲས་བཅས་ཀྱིས། །གུས་པའི་པདྨོ་གཅིག་ཏུ་འཛུམ་ན་ཁོ་བོ་དེ་དེའི་རྗེས་ཕྱོགས་ཀྱིས། །འཇམ་དཔལ ༣༣ ཤེས་པས་ཞི་བསིལ་ཆུ་གཏེར་ལ་ཞུགས་རྙོགས་པའི་རྡུལ་གྱིས་ཀུན་ནས་སངས། །


JKT002_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་རྗེའི་མཆེ་བའི་འཛུམ་འོད་འབར་བས་སྲིད་པའི་ཀུན་བཟོད་དབུགས་རབ་འབྱིན། །མི་གནས་འཇུག་པ་གསུམ་པའི་གཟུགས་ཅན་ཡང་སྲིད་ཀུན་ཏུ་བསྟེན་བགྱིད་ན། །འཇམ་དཔལཟ ༣༤ གཞོན་ནུ་འགའ་ཞིག་འཆར་ཀས་དམར་བའི་གོས་ཀྱིས་བཀླུབས་བྱས་རྩ་ལག་འཚོའི། །མཆུ་སྒྲོས་ཟླ་བས་ཟུམ་པ་ལ་འཁྲུལ་ཐལ་མོའི་བསྟི་སྟངས་སྒེག་ལྡན་པས། །ཆེར་རློམས་ཀུན་གྱིས་གཙུག་གིས་རྙེད་དཀའ་ཞབས་སེན་སྤྲིན་གྱི་ཕྱོགས་དུད་ནས། །འཇམ་དཔལ ༣༥ རབ་འབྱམས་རྒྱ་མཚོ་མུ་མཐའ་མེད་པའི་མནྡ་ར་ཡི་འགྲམ་པ་རུ། །མངོན་འདོད་གཟུགས་ཀྱི་རྣམ་པ་མང་ལྡན་འདོད་རྒུའི་སྒོ་འཕར་བྱེ་བའི་དཔྱ། །དམན་བདག་བསོད་ནམས་གྲུབ་པ་འཛིན་སླད་གུས་པ་མཆོག་གིས་སྟོབ་བགྱིད་ན། །འཇམ་དཔལ ༣༦ དུས་གསུམ་ཀུན་ཏུ་གནག་པའི་རྗེས་སོང་སྒྲིབ་གཉིས་ཚ་གདུང་སྡུག་ལྡན་པ། །རྒྱ་མཚོའི་སྟོབས་ཀྱིས་ལམ་གསུམ་འབབས་པས་ལྷག་མ་མེད་པར་འཇིལ་བྱས་ནས། །སླར་ལ་དག་པའི་ཆུ་སྐྱེས་རྒོད་ན་སྙིང་རྗེའི་ཟུར་མིག་ཆགས་ལྡན་པ། །འཇམ་དཔལ ༣༧ གང་ཞིག་དང་པོའི་ཤུལ་ལམ་ཞུགས་ནས་མཐར་གྱིས་སློབ་པ་མིན་པའི་བར། །ལེགས་སྤྱད་མཆོག་གི་ཐལ་གོང་དཀར་ལྡན་སྤྲིན་གྱི་དུམ་བུའི་ཚོགས་རྣམས་ལ། །རྗེས་སུ་ཡི་རངས་པད་རྩ་མངར་པོའི་དགའ་སྟོན་སར་པ་སྦྱིན་བགྱིད་ན། །འཇམ་དཔལ ༣༨


JKT002_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ན་ཕལ་ཆེར་དོན་དང་ལྡན་མིན་འགའ་ཞིག་ལོག་པར་ལྟ་བས་ཉེན། །ཕལ་ཆེར་སྙིང་པོའི་ལྗིད་ཀྱིས་ནོན་སྤངས་དེ་སླད་ལེགས་གསུང་ནོར་བུའི་ཆར། །དགེ་ལེགས་རྟག་པའི་སྤྲིན་ལས་བྱུང་ཞེས་དབྱངས་ཀྱི་ཡན་ལག་གིས་བསྐུལ་ན། །འཇམ་དཔལ༴ ༣༩ ཐོག་མར་སྐྱེ་བའི་ཕ་རོལ་ཟད་ན་མཐར་གྱིས་འགག་པའི་ཚུ་རོལ་དང་། །ནམ་ཡང་མཛའ་བའི་གོ་སྐབས་སྦེད་ནས་རྡོ་རྗེའི་སྐུ་ནི་གཅིག་པུ་བ། །ཆ་མེད་རྡུལ་བྲལ་ཁྱབ་ཅིང་རྟག་པར་བཞུགས་ཞེས་གསོལ་བའི་ཚིག་སྨེངས་ཚེ། །འཇམ་དཔལ ༤༠ དེ་ལྟར་ཅུང་ཟད་བསྔགས་ལས་བྱུང་བའི་ལེགས་བྱས་ཆུ་སྐྱེས་ཀུནྡཱའི་ཚལ། །ཁ་བའི་དུམ་བུའི་ཕྲེང་བ་འཁྲུགས་དང་གཉིས་འཐུང་ཕྲག་གོང་ལྟར་དཀར་ལ། །གང་གི་མཁྱེན་པའི་ཡོངས་བསྔོའི་རྗེས་འབྲངས་བརྟུལ་ཞུགས་བཟང་པོ་ལྷུར་ལེན་ན། །འཇམ་དཔལ ༤༡ བདག་དང་གཞན་གྱིས་བསྡུས་པའི་ཡིད་ས ཅན་མ་ལུས་ལུས་པ་མེད་པ་ཡིས། །ཆོས་ཀྱི་མིག་ནི་རྡུལ་བྲལ་དམ་པ་ཉིན་མོས་རྩེན་པའི་དཔག་བསམ་གྱིས། །དོ་ཤལ་ར་བ་ཚར་དུ་དངར་ལས་ཀུན་མཁྱེན་གྲིབ་བསིལ་སྣུམ་ལྡན་སླད། །འཇམ་དཔལ་མགོན་ཁྱོད་དེང་ནས་བྱང་ཆུབ་བར་དུ་དགེ་བའི་བཤེས་སུ་མཛོད། ༤༢ །དེ་ལས་བྱུང་བའི་གྲུབ་པའི་གཟི་ཡིས་འཕོ་འགྱུར་མཚན་མ་རིང་དུ་བཅད། །དེས་ཀྱང་རྣམ་མེད་ཤེས་རབ་མར་འཁྱུད་དེ་ཡིས་རྣམ་བཅས་ཤེས་


JKT002_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

བྱའི་ཚུལ། །དེ་དེར་འདུལ་བའི་གཟུགས་སུ་བཟུང་བས་གང་དང་མཉམ་པ་ཉིད་གྱུར་པའི། །བཀྲ་ཤིས་སྣང་བ་དམ་པའི་ངལ་གསོ་ཁམས་གསུམ་ཀུན་ཏུ་འགྲོ་གྱུར་ཅིག ༤༣ །འདི་ནི་བླ་མ་འཇམ་པའི་དཔལ་གྱི་ཞབས་སེན་ནོར་བུའི་འཁྲི་ཤིང་གིས། །རེག་པས་བློ་གྲོས་ཆུ་གཏེར་གཡོ་བ་གསར་དུ་དྭངས་པ་ལས་བྱུང་ཕྱིར། །མཐོང་ངམ་ཐོས་སམ་ཡིད་ལ་བྱེད་དམ་རྗེས་སུ་ཡི་རངས་ཐོབ་ཀུན་ཀྱང་། །གསུང་གི་རྡོ་རྗེའི་རྣམ་ཐར་རྒྱ་མཚོར་དེང་ནས་བཟུང་སྟེ་འཇུག་པར་ཤོག ༤༤ །དེ་ལྟར་མཐོང་བ་རྫུན་ལས་རྙེད་པའི་ཕྱིན་ཅི་ལོག་གི་བློ་དང་། རྟག་པ་དང་། ཆད་པ་དང་། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྡུལ་དང་། ཤེས་བྱ་དང་། རྣམ་རིག་དང་། སྟོང་པ་ཙམ་གྱི་ཕ་རོལ་ལས་ཀྱང་ཆེས་ཕ་རོལ་ཏུ་སོན་པ་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་ཡེ་ཤེས་ཀྱི་སྐུ་ཅན་བཅོམ་ལྡན་འདས་འཇམ་དཔལ་རྡོ་རྗེའི་ཐུན་མོང་དང་། ཐུན་མོང་མ་ཡིན་པའི་རྣམ་པར་ཐར་པའི་ཆ་ཤས་ཕྲ་མོ་འགའ་ཞིག་བརྗོད་བྱར་བྱས་ཏེ་སྙན་པར་དངགས་ཀྱི་དབྱངས་ཀྱིས་བསྟོད་པ་དང་། ཚད་མེད་པའི་ཐུགས་རྗེ་ལ་བསྐུལ་ཏེ་འདིས་ཀྱང་བྱང་ཆུབ་བར་དུ་དགེ་བའི་བཤེས་སུ་དམ་བཅས་པའི་གཏམ་གྱི་ཕྲེང་བ་ཉུང་ངུ་འདིའང་། འཇམ་མགོན་བླ་མའི་ཡོན་ཏན་གྱིས་དད་པའི་ཆུ་གཏེར་གློ་བུར་དུ་གཡོས་པ་ལས་ཚིག་རྒྱན་གྱི་མེ་ཏོག་ཆལ་ཆིལ་དུ་དགོད་པའང་གང་ཤར་ཤུགས་འབྱུང་གི་ཚུལ་ལས་གཅིག་ཏུ་རྟོག་གེའི་བློས་མ་བརྟགས་པར་ཡུལ་མཐའ་འཁོབ་ཏུ་སྐྱེས་པའི་རྒྱལ་ཁམས་ཉུལ་བའི་ད་རི་དཱ་གཙུག་ལག་སྨྲ་པའི་ཉི་མར་བོད་པས། ཡོན་ཏན་རིན་པོ་ཆེ་དུ་མའི་འབྱུང་གནས་དཔལ་ཨེ་ཝཾ་ཆོས་ལྡན་གྱི་རི་ཁྲོད་བླ་བྲང་


JKT002_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

ཐར་པ་རྩེར་ས་ཟླའི་དཀར་ཕྱོགས་ཀྱི་སྟོང་པ་དང་པོ་རྒྱལ་བའི་དུས་ཀྱི་ཡོད་པ་བཞི་ལྡན་གྱི་མཚན་མོར་སྣང་གསལ་ཞིག་གི་ངོགས་སུ་ཤར་མར་སྤེལ་པའི་མཐུ་ལས་ཇི་ལྟར་སྨོན་པའི་དོན་རྣམས་ཀྱིས་རེ་བའི་ཤིང་རྟ་ཡོངས་སུ་འགེངས་པའི་རྒྱུར་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།།


previousའཕགས་པ་འཇམ་དཔལ་གྱི་ཐུགས་རྗེ་ལ་སྐུལ་བའི་གཏམ།next