Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
མཁས་དང་གྲུབ་པའི་ཁྱུ་མཆོག་ལ་བསྔགས་པའི་གཏམ་ཟླ་བའི་འཁྲི་ཤིང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousམཁས་དང་གྲུབ་པའི་ཁྱུ་མཆོག་ལ་བསྔགས་པའི་གཏམ་ཟླ་བའི་འཁྲི་ཤིང་། next

མཁས་དང་གྲུབ་པའི་ཁྱུ་མཆོག་ལ་བསྔགས་པའི་གཏམ་ཟླ་བའི་འཁྲི་ཤིང་།


JKT002_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་དང་གྲུབ་པའི་ཁྱུ་མཆོག་ལ་བསྔགས་པའི་གཏམ་ཟླ་བའི་འཁྲི་ཤིང་ཞེས་བྱ་བ། ཀ་ཀུ་བྷ་ལྟར་སྒེག་པའི་མཆུ་སྒྲོས་ལས། །ཁ་བའི་རྡུལ་བརྩེགས་ཁྲོད་ན་གནས་པའི་འགྲོ། །གྲ་ལ་བ་དེར་ཕན་བྱེད་དམ་པའི་ཆོས། །ང་བདག་འཛིན་པའི་གཉེན་པོ་དག་ཏུ་སྩལ། ༡ །ཅ་ཅོའི་རླབས་ཕྲེང་བྲལ་ཀྱང་བདེན་གཉིས་རྒྱུན། །ཆ་ཙམ་མཚོན་བྱེད་ལེགས་བཤད་ཆར་རྒྱུན་ཏེ། །ཇ་ཆང་སྐྱེམས་ཀྱིས་མི་མཚོན་ལམ་གྱི་མཆོག །ཉ་ཟླ་ཆ་ཤས་གང་བའི་རྗེས་སུ་འགྲོ། ༢ །ཏུ་ལའི་ཕྲེང་བས་བསྐོར་བའི་དབེན་པའི་གནས། །ཐ་དད་འདུ་འཛི་བྲལ་བའི་ནགས་ཁྲོད་དེར། །ད་ལྟར་སྒྲུབ་པའི་དམ་བཅའ་རབ་བཟུང་སྟེ། །ན་མ་ལས་མ་དྷི་ལས་འདའ་མི་བགྱིད། ༣ །པ་ལ་ཤ་ཡི་ཡལ་འདབ་གསར་པ་དང་། །ཕ་རོལ་ས་འཛིན་མཛེས་བྱེད་པདྨོའི་ཚལ། །བ་མཆོག་འདོད་འཇོའི་ཀཱ་ལ་ཤི་བཞིན་དུ། །མ་ཆགས་ཚུལ་ཁྲིམས་མཆོག་གིས་རབ་ཏུ་སྒེག ༤ །ཙ་ན་སྣ་ཚོགས་འགྱུར་བའི་ཆོས་ཉིད་ཕྱིར། །ཚ་གྲང་ཁུར་བཟོད་


JKT002_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པའི་དམ་བཅའ་དང་། །ཛ་ཡའི་བསྟན་ལ་སྨན་པའི་ལྷག་བསམ་ནི། །ཝ་ལྟར་ཀུན་ཏུ་ཉུལ་ཀྱང་ཡོངས་མི་གཏོང་། ༥ །ཞྭ་ཐོད་དར་གྱི་ཕོད་ཁ་བཅིངས་བྱས་ཏེ། །ཟ་འོག་གོས་སུ་བཀླུབས་པའི་འབྱོར་ལྡན་ཀྱང་། །འ་འུར་ནད་ཀྱི་ཕོ་ཉས་བཏབ་པའི་ཚེ། །ཡ་མཱནྟ་ཀའི་གདུང་བ་རབ་འཇིགས་ཕྱིར། ༦ །རཱ་མ་ཎ་ཡི་ཉག་ཕྲན་སྦྱོར་བ་ལྟར། །ལ་ཀླུང་འགྲོ་ཀུན་ཐར་པར་སྒྲོལ་བའི་སྙིང་། །ཤ་ཟ་ཁྲག་འཐུང་རྣམས་ཀྱིས་ཐོབ་མིན་ཏེ། །ས་བཅུ་ལྡོག་མེད་ཀློང་དུ་རྒྱ་ཡིས་བཏབ། ༧ །ཧ་ཅང་ཁྱོད་འདྲའི་མཁས་དང་གྲུབ་པ་ཡིས། །འཛམ་བུས་མཚན་པའི་ལྗོངས་འདིར་གང་གྱུར་ན། །ཨ་ལ་ལ་སྟེ་ད་དུས་སྙིགས་མ་འདིར། །དེ་འདྲའི་སྐལ་པས་ཕོངས་ཕྱིར་སྐྱོ་བའི་གནས། ༨ །འོན་ཀྱང་གང་གི་ཡོན་ཏན་ཨུཏྤལ་དཀར། །རབ་བསྔགས་ཟླ་ཤེལ་གསར་པའི་སོར་མོ་ཡིས། །བཟུང་སྟེ་དད་པའི་ཐོར་ཚུགས་རྩེ་མོ་རུ། །བཅིངས་པས་བདག་ཀྱང་སྐལ་བ་ཨེ་མ་སྦོམ། ༩ །སརྦ་ཛ་ཡནྟ། ༈ །།གནས་ལྔ་རིག་པའི་ཚུལ་ལ་མཁས་པའི་ཁྱུ་མཆོག་ཆེན་བོར་བསྔགས་པའི་གཏམ་ཨུཏྤལ་དོ་ཤལ་ཞེས་བྱ་བ། ཀ་ན་ཀ་ལྟར་མཁྱེན་པའི་གཟི་བྱིན་གྱིས། །ཁ་བའི་ཕྲེང་བས་བསྐོར་བའི་འགྲོ་བ་ལ། །ག་དར་དམ་པའི་ཆོས་ཀྱི་མཆོག་སྩལ་བས། །ང་བདག་འཛིན་པའི་གདུང་བ་ཅི་དགར་བཅིལ། ༡ །ཅ་ཅོ་བྲལ་བའི་འགོག་བདེན་དོན་དམ་ཆོས། །ཆ་མཐུན་ལམ་བདེན་སྡེ་


JKT002_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

སྣོད་རྣམ་བཞིའི་དོན། །ཇ་ཧོང་ལས་ལྡོག་ཐར་པའི་འོད་དཀར་ཅན། །ཉ་རྒྱས་ཟླ་འདྲའི་ལམ་མཆོག་རྨད་བྱུང་སྩལ། ༢ །ཏ་ཐཱ་ག་ཏས་ལེགས་གསུངས་ཕྱི་ནང་ཆོས། །མ་འདྲེས་མཁྱེན་པའི་ལང་ཚོས་རབ་སྒེག་ཕྱིར། །ད་ལྟ་འཇམ་དཔལ་གཞོན་ནུ་ལས་གཞན་པ། །ན་མར་ཁྱོད་ཀྱི་དོ་ཟླ་སུ་ཡིས་སྦོབས། ༣ །པ་སངས་ལྟ་བུའི་ཡན་ལག་བརྒྱད་ལྡན་ལམ། །ཕ་རོལ་འགྲོ་ཀུན་རྒྱུད་ལ་སྦྱོར་བ་ཡིས། །བ་མོར་ཉི་བཞིན་རྣམ་འགྱུར་བྲོ་ནད་ཚོགས། །མ་ལུས་བཅིལ་ཏེ་ཕན་བདེའི་ས་ལ་སྦྱོར། ༤ །ཙ་ཀོ་ར་ཚོགས་སྤྲིན་བཞིན་འདུ་བའི་གཞི། །ཚ་ཟེར་ཅན་གྱིས་བསྐྱེད་པའི་ཨུཏྤལ་ལྟར། །ཛ་ཡའི་བསྟན་པ་གསལ་བྱེད་བརྡ་སྤྲོད་རིག །ཝ་ལྟར་ཉུལ་མིན་མཁྱེན་པའི་སྟོབས་ཀྱིས་རྟོགས། ༥ །ཞྭ་རེངས་བྲལ་བའི་སོར་མོའི་ཟློས་གར་གྱིས། །ཟ་མ་ཏོག་ལྟར་ཕུན་ཚོགས་ཡོན་ཏན་གཏེར། །འ་ཅག་མཆོད་པའི་རྟེན་གྱུར་གསང་གསུམ་བཟོས། །ཡ་བྲལ་ཙམ་མིན་ཐམས་ཅད་མཁྱེན་པར་མཛད། ༦ །ར་ལྟར་འཁྲུལ་པའི་རྡུལ་གྱིས་མ་གོས་ཤིང་། །ལ་ལ་ཙམ་མིན་ཆོས་ཀུན་གཞལ་བའི་མཐུས། །ཤཱ་བ་རི་པས་ཐོགས་པའི་ཉག་ཕྲན་བཞིན། །ས་གསུམ་ལོག་པའི་རྟོག་གེའི་སྙིང་ལ་འབིགས། ༧ །ཧྭ་རིའི་དྲི་བསུང་འཐུལ་བའི་ཙནྡན་བཞིན། །ཐར་མཆོག་ལམ་གྱུར་གནས་ལྔ་རིག་པའི་གཟུགས། །ཨཱ་དན་ལྟར་ཁྱོད་ཀྱི་བློ་གྲོས་དེར། །གཅིག་ཅར་འཆར་བའི་


JKT002_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

ཕ་མཐའ་སུ་ཡིས་འཛིན། ༨ །དེ་སྐད་ལེགས་གསུངས་ཐེག་པའི་བཅུ་དྲུག་ཆ། །རྟག་ཏུ་སྙིང་ལ་ངལ་འཚོའི་འཛུམ་ཟེར་གྱིས། །ཐུན་མོང་རིག་ལམ་ཨུཏྤལ་དཀར་པོའི་ཚལ། །བཞད་མཛད་མཆོག་དེར་བསྔགས་པའི་སྤྲིང་ཡིག་གོ། ༩ །སརྦ་ས་མནྟ་ཤུ་བྷཾ།།


previousམཁས་དང་གྲུབ་པའི་ཁྱུ་མཆོག་ལ་བསྔགས་པའི་གཏམ་ཟླ་བའི་འཁྲི་ཤིང་། next