Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
ངེས་དོན་གྲུབ་པའི་ཁྱུ་མཆོག་ལ་བསྔགས་པའི་གཏམ་ཟླ་གཞོན་འཛུམ་ཟེར།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousངེས་དོན་གྲུབ་པའི་ཁྱུ་མཆོག་ལ་བསྔགས་པའི་གཏམ་ཟླ་གཞོན་འཛུམ་ཟེར། next

ངེས་དོན་གྲུབ་པའི་ཁྱུ་མཆོག་ལ་བསྔགས་པའི་གཏམ་ཟླ་གཞོན་འཛུམ་ཟེར།


JKT002_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་དོན་གྲུབ་པའི་ཁྱུ་མཆོག་ལ་བསྔགས་པའི་གཏམ་ཟླ་གཞོན་འཛུམ་ཟེར་ཞེས་བྱ་བ། ཀ་དག་གཟོད་ནས་རབ་ཞི་ཐུགས་ཆུད་པས། །ཁ་བཤད་ནེ་ཙོའི་བཟླས་བརྗོད་དབྱིངས་སུ་ཡལ། །གངྒཱའི་རྒྱུན་ལས་ལྷག་པའི་ཏིང་ངེ་འཛིན། །ང་བདག་ཚ་གདུང་སེལ་ཕྱིར་ལྷག་པར་འབེབས། ༡ །ཅ་ཅོ་བྲལ་བའི་ཕྱག་རྒྱ་ཆེར་རོལ་ཅིང་། །ཆུ་བྱད་ཧེ་རུ་ཀ་ཡི་རོལ་པས་སྒེག ། ཇ་ཆང་ལོག་འཚོའི་རྫས་ཀྱང་བརྟུལ་ཞུགས་ཀྱིས། །ཉ་རྒྱས་ཀུ་མུད་རོལ་བཞིན་ལྷག་པར་མཛེས། ༢ །ཏ་ཐཱ་ག་ཏའི་སྙིང་པོ་འགྲོ་རྒྱུད་ལ། །ཐ་དད་བྲལ་བར་བཞུགས་ཕྱིར་ཡེ་ཤེས་སེམས། །ད་གཟོད་གཞན་ནས་འཚོལ་བའི་རྟོག་པ་ཀུན། །ན་མར་ཟུང་འཇུག་བདེ་ཆེན་ཆོས་སྐུར་རོལ། ༣ །པཱ་ར་མི་ཏ་དྲུག་ཀྱང་རིག་སྟོང་གཤིས། །ཕ་མཐའ་བྲལ་བའི་ཡེ་ཤེས་ལ་རྫོགས་པས། །བ་ལང་ལྟ་བུའི་རྨོངས་པའི་དགྲ་ཟླ་ཀུན། །མ་ལུས་སོར་རྟོག་ཤེས་རབ་དབྱིངས་སུ་རོལ། ༤ །ཙཱ་རི་ཏྲ་སོགས་ཕྱི་ནང་གནས་ཡུལ་ཀུན། །ཚ་གྲང་མཉམ་སྦྱོར་འཁོར་ལོ་ལྔ་རུ་ཤར། །ཛ་ཧུའི་རྒྱུན་ལྟར་ཞུ་བདེའི་རོས་སིམ་པས། །ཝ་ལྟར་ཉལ་བའི་


JKT002_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་ཚོགས་དབྱིངས་སུ་ཐིམ། ༥ །ཞྭ་ཐོད་བྲལ་ཡང་རལ་པའི་ཟུར་ཕུད་བརྗིད། །ཟ་འོག་མིན་ཀྱང་གཏུམ་མོའི་བླ་གོས་གསོལ། །འ་འུར་སྣང་སེམས་ཟུང་འཇུག་བདེ་སྟོང་རོས། །ཡ་བྲལ་ལམ་ཀུན་གཞུག་མའི་ཏི་ལར་བསྡམ། ༦ །རཱ་ས་ན་ཞེས་ཐབས་ཀྱི་འཁྲི་ཤིང་དང་། །ལ་ལ་ན་སྟེ་ཤེས་རབ་རོལ་པ་ཀུན། །ཤ་ཁྲག་བྲལ་བའི་དབུ་མར་བསྡམས་པ་ཡིས། །ས་བཅུའི་ཡོན་ཏན་དགོངས་པའི་ཀློང་ནས་ཤར། ༧ །ཧྭ་རི་ནི་ས་ལས་སྐྱེས་ཌཱ་ཀི་ནི། །ཕྱག་རྒྱ་རྣམ་བཞིའི་ངོ་བོར་དགྱེས་རོལ་པའི། །ཨ་ཧཾ་ཟུང་འཇུག་འབར་འཛག་བདུད་རྩི་ཡིས། །མཚན་མའི་འཁྲུལ་ཆོས་ལྷན་སྐྱེས་དགའ་བཞིར་ཐིམ། ༨ །དེ་སྐད་གྲུབ་པའི་ཁྱུ་མཆོག་ཆེན་པོ་ལ། །བསྔགས་བརྗོད་ཆུ་ཤེལ་གསར་པའི་སོར་མོ་ཡིས། །དད་གསུམ་ཀུ་མུད་བཞད་པའི་འཛུམ་དཀར་དེས། །བདག་ཡིད་བདེ་སྟོང་མཆོག་གི་རོས་ཚིམ་ཤོག ༩ །སརྦ་ས་མནྟུ་ཤུ་བྷཾ།།


previousངེས་དོན་གྲུབ་པའི་ཁྱུ་མཆོག་ལ་བསྔགས་པའི་གཏམ་ཟླ་གཞོན་འཛུམ་ཟེར། next