Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
དགེ་འདུན་འདུས་པའི་སྡེ་ལ་བསྔགས་པའི་གཏམ་ཆར་སྤྲིན་རོལ་མོ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདགེ་འདུན་འདུས་པའི་སྡེ་ལ་བསྔགས་པའི་གཏམ་ཆར་སྤྲིན་རོལ་མོ། next

དགེ་འདུན་འདུས་པའི་སྡེ་ལ་བསྔགས་པའི་གཏམ་ཆར་སྤྲིན་རོལ་མོ།


JKT002_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་འདུན་འདུས་པའི་སྡེ་ལ་བསྔགས་པའི་གཏམ་ཆར་སྤྲིན་རོལ་མོ་ཞེས་བྱ་བ། ཀ་དམ་པ་ཅན་བསིལ་ཡབ་འཁྲིགས་པ་ལྟའི། །ཁ་དོག་མཛེས་པའི་འདུས་སྡེ་དམ་པ་ནི། །ག་བུར་འཛིན་པས་བསྐྱེད་པའི་ཨུཏྤལ་ལྟར། །ང་ཅག་སྙིང་དང་མིག་གི་བདུད་རྩིར་གྱུར། ༡ །ཅ་ཅོ་བྲལ་བའི་སྙན་པའི་དམ་ཆོས་དབྱངས། །ཆ་བྱད་ངུར་སྨྲིག་བགོས་པས་ལེགས་སྒྲོག་པ། །ཇ་ཆང་སྐྱེམས་ལས་ལྷག་པའི་སིམ་པ་ནི། །ཉ་རྒྱས་ཀུ་མུད་འཛུམ་ཕྲེང་དགོད་པ་བཞིན། ༢ །ཏཱ་ལའི་འཁྲི་ཤིང་གསར་པའི་བསིལ་ཡབ་དང་། །ཐ་དད་བསྟི་གནས་ཕོ་བྲང་མཛེས་པར་བཅས། །ད་གཟོད་མཐོང་ན་དགའ་བའི་བཀོད་པ་ནི། །ན་མར་ས་འཛིན་ཕྲག་པས་བསྟེན་པ་བཞིན། ༣ །པ་ལ་ཤ་ཡི་ཡལ་འདབ་ལྟར་སྒེག་པའི། །ཕ་རོལ་ཚུ་རོལ་མཛེས་པའི་ངུར་སྨྲིག་གོས། །བ་མཆོག་ཙིནྟ་མ་ཎིའི་རྗེས་འགྲོ་བའི། །མ་ལུས་དགོས་འབྱུང་དགེ་འདུན་རྣམས་ཀྱིས་བཟུང་། ༤ །ཙ་ན་བསོད་ནམས་འབྲས་བུ་རབ་འབྱུང་ཕྱིར། །ཚ་གྲང་གདུང་བ་སྐྱོབ་པའི་རྒྱ་ཕིབས་ནི། །ཛམྦུ་ནཱ་ད་ཞུན་མས་ལེགས་བྱུགས་པས། །ཝ་ལྟར་ཉུལ་བའི་འབྱུང་པོའི་ཡིད་ཀྱང་འཆིང་། ༥ །ཞྭ་མོ་ལས་གཞན་རལ་པའི་ཟུར་ཕུད་སྤངས། །ཟླ་འོག་ཇི་བཞིན་མ་འདྲེས་ཚུལ་ཁྲིམས་བསྲུང་། །འ་འུར་བྲལ་བའི་ཉེར་ཞིའི་བསམ་གཏན་ལ། །ཡ་བྲལ་ཙམ་མིན་རྟག་ཏུ་མཉམ་པར་འཇོག ༦ །རྭ་ལྟར་རེངས་པའི་བསམ་སྦྱོར་དང་བྲལ་ཞིང་། །ལ་ཀླུང་ཉུལ་


JKT002_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

བའི་མུ་ཏོའི་ཚུལ་ཀྱང་མིན། །ཤ་ཆང་ལོག་འཚོ་སྤངས་པའི་དགེ་འདུན་སྡེར། །ས་བཅུའི་བྱང་སེམས་རྣམས་ཀྱང་དགྱེས་པའི་རྒྱུ། ༧ །ཧ་རིའི་དྲི་བསུང་འཐུལ་བ་བསླབ་པའི་གནས། །ཆེས་ཆེར་བསྲུང་བའི་མངོན་རྟགས་ཉིད་ཡིན་ན། །ཨ་ལ་ལ་ཞེས་ངོ་མཚར་གད་མོའི་སྒྲས། །ས་བླའི་ལྷ་རྣམས་ཕན་ཚུན་སྦྲན་པ་བཞིན། ༨ །དེ་ལྟར་བསྔགས་པར་འོས་པའི་ཡོན་ཏན་གཏེར། །རྒྱ་མཚོ་ཆེན་པོའི་མཐའ་དང་མཉམ་གྱུར་མོད། །འདི་ན་ཅུང་ཟད་བླངས་པའི་དགེ་བ་དེས། །རང་གཞན་ཐར་པའི་མྱུ་གུ་འཕེལ་བར་ཤོག ༩ །སརྦ་སིདྡྷ།།


previousདགེ་འདུན་འདུས་པའི་སྡེ་ལ་བསྔགས་པའི་གཏམ་ཆར་སྤྲིན་རོལ་མོ། next