Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
ནགས་ཚལ་ལ་བསྔགས་པའི་གཏམ་ཨུཏྤལ་ཆུན་པོ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousནགས་ཚལ་ལ་བསྔགས་པའི་གཏམ་ཨུཏྤལ་ཆུན་པོ། next

ནགས་ཚལ་ལ་བསྔགས་པའི་གཏམ་ཨུཏྤལ་ཆུན་པོ།


JKT002_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

ནགས་ཚལ་ལ་བསྔགས་པའི་གཏམ་ཨུཏྤལ་ཆུན་པོ་ཞེས་བྱ་བ། ཀཎི་ཀ་ཡི་ཡལ་འདབ་གསར་པ་ལྟར། །ཁ་དོག་མཛེས་པའི་རྐང་འཐུང་གཞོན་ནུའི་ཁྲོད། །ག་བུར་འཛིན་པའི་བསིལ་ཡབ་དང་ལྡན་པས། །ང་ཅག་གདུང་བ་སྐྱོབ་པའི་བདུད་རྩིར་གྱུར། ༡ །ཅ་ཅོ་བྲལ་བའི་ཁུ་བྱུག་ཕོ་མོའི་གླུས། །ཆ་མཐུན་ངེས་འབྱུང་སྐྱེ་བོའི་རོལ་མོ་དང་། །ཇ་ཆང་བཏུང་བས་མི་མཚོན་འབྲས་བུའི་ཚོགས། །ཧུ་ཟླ་ཇི་བཞིན་ལང་ཚོ་རྫོགས་པས་གང་། ༢ །ཏ་ལའི་ཕྲེང་བ་དཀྲིགས་པའི་བར་བར་ན། །ཐུ་དད་རི་དྭགས་ཁྱོ་ཤུག་གར་བྱེད་ཅིང་། །ད་ཀོ་མཉན་པར་འོས་པའི་ལྷུང་ལྷུང་སྒྲ། །ན་མར་འབབ་ཆུའི་རྒྱུན་གྱིས་མངོན་པར་སྒྲོགས། ༣ །པ་ལ་ཤ་ལྟར་ཡལ་འདབ་མཛེས་པའི་ངོགས། །ཕ་རོལ་རྒྱན་གྱུར་ཨུཏྤལ་གསར་པའི་ཚོགས། །


JKT002_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཀུ་ལ་ཡི་འདབ་རྒྱ་ཇི་བཞིན་དུ། །མ་ལུས་ཉིན་མོར་བྱེད་པའི་རྩེ་དགར་རོལ། ༤ །ཙཱ་རི་ཏྲ་སོགས་ཌཱ་ཀིའི་གྲོང་ཁྱེར་ཀྱང་། །ཚ་གྲང་ཁུར་བཟོད་ལས་གཞན་བགྲོད་པར་དཀའ། །ཛ་ཧུའི་རྒྱུན་བཞིན་ཞི་ལ་གཞོལ་འདོད་རྣམས། །ཝ་ལྟར་བས་མཐའི་ནགས་ཁྲོད་དམ་པར་ཉུལ། ༥ །ཞྭ་ཐོད་མིན་ཀྱང་ལྗོན་པའི་བསིལ་ཡབ་གཡོབ། །ཟ་འོག་བྲལ་ཀྱང་ཤིང་ཤུན་ཁང་བཟང་དང་། །འ་འུར་སྤངས་པའི་འདབ་ཆགས་སྒེག་མོའི་གྲོགས། །ཡ་བྲལ་ཙམ་མིན་རྟག་ཏུ་འགྲོགས་པར་བདེ། ༦ །ར་ལྟར་མཐོ་བའི་རྒྱལ་ས་ལས་ལྡོག་པའི། །ལ་ཀླུང་འདུ་འཛི་བྲལ་བའི་དབེན་གནས་དེར། །ཤ་ཆང་ལོག་འཚོ་སྤངས་པའི་དྲང་སྲོང་རྣམས། །ས་ལའི་འཁྲི་ཤིང་རྩ་བར་ངལ་འཚོར་གྱུར། ༧ །ཧྭ་རིའི་ཙནྡ་དྲི་ཡིས་བུང་བ་ཀུན། །སྤྲིན་ལྟར་བསྡུ་བའི་གྲགས་པ་ཆེས་གསལ་ལྟར། །ཨ་དོན་སྐྱེ་མེད་རྟོགས་པའི་རྣལ་འབྱོར་རྣམས། །དབེན་པར་ཞུགས་ན་རིག་འཛིན་ཌཱ་ཀི་འདུ། ༨ །གང་ལ་ཕྱོགས་པའི་ཡིད་ཀྱི་གོམ་བདུན་ཀྱང་། །གསེར་སྲང་ལྔ་བརྒྱའི་ལྗིད་ལས་ཆེས་ཐལ་བའི། །ཚོགས་གཉིས་འབྲས་བུ་བདེན་པར་གསུངས་པའི་ཕྱིར། །རྗེས་མཐུན་བསྔགས་པའི་རོལ་མོ་འདི་དཀྲོལ་ལོ། ༩ །དགེ་བ་འདི་ཡིས་ཚེ་འདིར་ཞི་བའི་ལམ། །གཅིག་ཅར་འགྲུབ་པའི་སྐལ་བ་མངོན་བྱས་ཏེ། །མ་རྣམས་སྲིད་པའི་མཚོ་ལས་སྒྲོལ་བ་ཡི། །སྙིང་རྗེའི་དེད་དཔོན་མཆོག་ཏུ་བདག་འགྱུར་ཤོག ༡༠ །སརྦ་སིདྡྷ།།


previousནགས་ཚལ་ལ་བསྔགས་པའི་གཏམ་ཨུཏྤལ་ཆུན་པོ། next