Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
   
བོད་ཡུལ་གྱི་རྡོ་རྗེའི་གནས་ཆེན་དག་ལ་བསྔགས་པའི་གཏམ་ཌཱ་ཀི་དགྱེས་པའི་རོལ་མོ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབོད་ཡུལ་གྱི་རྡོ་རྗེའི་གནས་ཆེན་དག་ལ་བསྔགས་པའི་གཏམ་ཌཱ་ཀི་དགྱེས་པའི་རོལ་མོ། next

བོད་ཡུལ་གྱི་རྡོ་རྗེའི་གནས་ཆེན་དག་ལ་བསྔགས་པའི་གཏམ་ཌཱ་ཀི་དགྱེས་པའི་རོལ་མོ།


JKT002_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

བོད་ཡུལ་གྱི་རྡོ་རྗེའི་གནས་ཆེན་དག་ལ་བསྔགས་པའི་གཏམ་ཌཱ་ཀི་དགྱེས་པའི་རོལ་མོ་ཞེས་བྱ་བ། ཀ་དམྦ་ཅན་རྔ་ཡབ་ཀྱིས་འཐོར་བའི། །ཁ་བའི་རྡུལ་བརྩེགས་ཀེ་ལ་ཤ་རིའི་སྤོར། །ག་བུར་འཛིན་པ་གསར་པའི་ལང་ཚོ་ཅན། །ང་ཅག་གདུང་སེལ་ཌཱ་ཀིའི་ཚོགས་རྣམས་འདུད། ༡ །ཅ་ཅོ་བྲལ་བའི་མགྲིན་པའི་ཏམྦུ་ར། །ཆ་མཐུན་གསང་སྔགས་གླུ་རུ་འཇོ་བ་ཡིས། །ཇ་ཧོང་ལས་ལྡོག་ངེས་གསང་ཐེག་པའི་ལམ། །ཉ་རྒྱས་ཟླ་བཞིན་རྣལ་འབྱོར་རྣམས་ལ་སྩལ། ༢ །ཏུ་ལའི་ཕྲེང་བས་བསྐོར་བའི་ས་འཛིན་དང་། །ཐ་དད་བྲག་རིའི་ཁང་བཟང་ཉམས་དགའ་བ། །ད་གཟོད་མ་ཡིན་གྲུབ་པ་མཆོག་རྣམས་ཀྱིས། །ན་མར་རྡོ་རྗེའི་གནས་སུ་བྱིན་གྱིས་བརླབས། ༣ །པ་སངས་སྤྲིན་བྲལ་མཁའ་ལ་ཆས་པ་ལྟའི། །ཕ་མཐའ་མི་མངོན་གསང་བ་གསུམ་གྱི་རྟེན། །བ་མཆོག་དཔག་བསམ་ཤིང་དང་ནོར་བུ་ལྟར། །མ་ལུས་འགྲོ་བའི་རེ་འདོད་བསྐང་ཕྱིར་གནས། ༤ །ཙ་རི་ཏྲ་དང་གངས་ཅན་ལྷུན་པོ་སོགས། །ཚ་གྲང་ཁུར་དུ་བཟོད་པས་བགྲོད་བྱས་ན། །ཛ་ཏིའི་མེ་ཏོག་དར་བའི་མཛེས་སྡུག་ལྟར། །ཝ་བཞིན་ཉུལ་བ་འབྲེལ་ཚད་དོན་གྱིས་ལྕི། ༥ །ཞྭ་ཐོད་ཁ་བའི་རྡུལ་གྱིས་རབ་འཆིང་ཞིང་། །ཟ་འོག་ལྟར་བཀྲའི་པདྨོ་གསར་པས་མཛེས། །འ་ཅག་སྙིང་ལ་སིམ་པ་སྟེར་བྱེད་ཅིང་། །ཡ་མཚན་རྨད་བྱུང་བཀོད་


JKT002_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྣ་ཚོགས་སྟོན། ༦ །རཱ་ཧུ་ལ་དང་ཙ་ཏུམུ་ཁ་སོགས། །ལ་ཀླུང་ངེས་མེད་སྒྲུབ་པའི་གནས་མཆོག་དེར། །ཤ་ཁྲག་རྐྱེན་གྱིས་མ་བསྐྱེད་སྣང་སྟོང་གཟུགས། །ས་བཅུའི་ཀློང་ནས་ཐོགས་མེད་རོལ་གར་བསྒྱུར། ༧ །ཧ་ཧའི་གད་མོ་འབྱིན་པའི་འབྱུང་པོའི་སྡེ། །སྤྲུལ་པའི་ཞིང་དེར་གནས་པའི་སྐྱེ་འགྲོ་ལ། །འཚེ་བར་མི་བགྱིད་རྣལ་འབྱོར་ཚོགས་རྣམས་ཀུན། །ཨ་དོན་སྐྱེ་མེད་རྟོགས་པའི་བོགས་འདོན་སྩལ། ༨ །ཀུན་ཏུ་བྱིན་གྱིས་བརླབས་པའི་གནས་ཀྱི་མཆོག །མཆོག་གི་དངོས་གྲུབ་སྒྲུབ་པའི་ཁང་བཟང་དེར། །དེ་བཞིན་ཉིད་དང་རྣལ་འབྱོར་གཉིས་ཀྱི་དོན། །དོན་སྒོམ་རྟོགས་པའི་ལང་ཚོ་རྒྱས་པར་མཛད། ༩ ། བྷོ་ཊའི་ཡུལ་འདིར་གྲངས་མེད་གྲུབ་པའི་སར། །བྱིན་གྱིས་བརླབས་པའི་ངོ་མཚར་མཐོང་གྱུར་ནས། །བསྟོད་པའི་སྦྱོར་བ་རབ་སྙན་མུ་ཏིག་གི །ཕྲེང་བ་འདིས་ཀྱང་འགྲོ་ཀུན་དགའ་བསྐྱེད་ཤོག ༡༠ །གཙུག་ཕུད་ཐིག་ལེས་སྒེག་པའི་རྨ་བྱ་དང་། །སྤྲིན་སྒྲས་བསྐུལ་པའི་ཟློས་གར་ཇི་བཞིན་དུ། །རབ་ཏུ་དད་པའི་དབང་གྱུར་བདག་གི་ཡིད། །ཐར་པ་མཆོག་གི་ཨུཏྤལ་བཞད་སྙམ་བགྱིད། ༡༡ །དེས་ན་མཐུ་དེར་བརྟེན་པའི་ཨུ ་དགེ་བའི་ཚོགས། །རབ་དཀར་དུང་དང་པད་རྩའི་རྗེས་འགྲོ་བ། །འདིས་མཚོན་ལེགས་བྱས་དགེ་བའི་ཕུང་པོ་ཀུན། །འགྲོ་རྣམས་ཐར་པའི་གོ་འཕང་འཁྲིད་ཕྱིར་བསྔོ། ༡༢།།


previousབོད་ཡུལ་གྱི་རྡོ་རྗེའི་གནས་ཆེན་དག་ལ་བསྔགས་པའི་གཏམ་ཌཱ་ཀི་དགྱེས་པའི་རོལ་མོ། next