Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཡོན་ཏན་གྱི་དབེན་གནས་བསམ་འགྲུབ་ཤེལ་གྱི་བྲག་ཕུག་ལ་བསྔགས་པའི་གཏམ་རྡོ་རྗེ་སྒྲ་མའི་མཆོད་སྤྲིན།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཡོན་ཏན་གྱི་དབེན་གནས་བསམ་འགྲུབ་ཤེལ་གྱི་བྲག་ཕུག་ལ་བསྔགས་པའི་གཏམ་རྡོ་རྗེ་སྒྲ་མའི་མཆོད་སྤྲིན། next

ཡོན་ཏན་གྱི་དབེན་གནས་བསམ་འགྲུབ་ཤེལ་གྱི་བྲག་ཕུག་ལ་བསྔགས་པའི་གཏམ་རྡོ་རྗེ་སྒྲ་མའི་མཆོད་སྤྲིན།


JKT002_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ཏན་གྱི་དབེན་གནས་བསམ་འགྲུབ་ཤེལ་གྱི་བྲག་ཕུག་ལ་བསྔགས་པའི་གཏམ་རྡོ་རྗེ་སྒྲ་མའི་མཆོད་སྤྲིན་ཅེས་བྱ་བ། ན་མོ་གུ་རུ་པདྨ་ཀ་ར་ཡ། སྲིད་དང་ཞི་བའི་མཐའ་ལ་མི་གནས་བྱང་ཆུབ་དམ་པའི་རང་བཞིན་ནི། །བྲལ་སྨིན་ཡོན་ཏན་རྒྱ་མཚོའི་རང་གཟུགས་ཡིད་ཅན་ཀུན་གྱི་ངལ་འཚོའི་དཔྱིད། །རེ་ཞིག་ཚུ་རོལ་མཐོང་བའི་སླད་དུ་ངོ་མཚར་རྡོ་རྗེའི་གནས་ཆེན་པོར། །བསྔགས་པའི་དགེ་མཚན་སྲིད་ན་རབ་འབར་བསམ་འགྲུབ་ཤེལ་གྱི་ཕུག་པར་སྣང་། ༡ །ཨེ་མ་རིག་འཛིན་ཌཱ་ཀི་བྱེ་སྙེད་ཀྱིས། །མཚན་གྱི་ནོར་བུའི་ཅོད་པན་གུས་མཛད་པ། །མཚོ་སྐྱེས་པདྨ་ཐོད་ཕྲེང་ཡེ་ཤེས་སྐུའི། །བྱིན་རླབས་གྲགས་དཀར་ཡི་གེ་སྲིད་ན་བརྗིད། ༢ །གང་དེས་ལྷག་པར་གནས་པའི་མེ་ཏོག་གིས། །འཁྱུད་པའི་ངོ་མཚར་རྫོགས་པར་བཟུང་བ་ནི། །གཞན་མིན་གྲུབ་པའི་བསྟི་གནས་འདིའོ་ཞེས། །མཁའ་སྤྱོད་མིག་ཡངས་མ་རྣམས་ཅ་ཅོ་སྒྲོག ༣ །ཁྱད་པར་ནང་རྒྱུད་སྡེ་གསུམ་རྡོ་རྗེའི་གླུ། །ཐོག་མར་ལེན་མཁས་དྲི་མེད་ཟླ་ཤར་གྱིས། །བདེ་ཆེན་བདུད་རྩིའི་ཆུ་རྒྱུན་རབ་གཡོ་བ། །སྐལ་བཟང་འཆི་མེད་གྲུབ་པའི་དཔྱིད་དུ་གྱུར། ༤ །དབུས་ན་ཡེ་ཤེས་རང་སྣང་ལས་གྲུབ་པའི། །ཞིང་ཁམས་མངོན་སུམ་ཉིད་དུ་སར་འཕོས་པར། །རིགས་འདུས་མ་ཧཱ་གུ་རུའི་སྣང་བརྙན་མཆོག །མཐོང་བའི་མོད་ནས་གཟུང་འཛིན་རང་སར་གྲོལ། ༥ །གཡས་ཕྱོགས་བྲག་རིའི་བ་གམ་བརྗིད་ཆགས་པར། །འཇའ་ལུས་རྡོ་རྗེའི་བཙུན་མོ་མཚོ་རྒྱལ་མས། །ཡུན་རིང་བསམ་


JKT002_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

གཏན་དགའ་བས་སྙེམས་པའི་གནས། །ཐོས་པ་ཙམ་གྱིས་བདེ་སྟོང་རྟོགས་པ་སྤོར། ༦ །གཡོན་ན་ལྷུན་གྲུབ་རིག་འཛིན་པདྨ་ཡིས། །བྱིན་རླབས་ཡ་མཚན་ཤེལ་གྱི་ཕུག་པ་ཞེས། །ཡོན་ཏན་བརྒྱ་ཕྲག་དུ་མས་གཏམས་པའི་ཚུལ། །དྲན་པས་དོན་གཉིས་འདོད་པ་ཅིར་ཡང་འཇོ། ༦ །དེ་སོགས་ཀུན་རྫོབ་སྤྲོས་པའི་ངོ་མཚར་གྱིས། །དོན་དམ་སྤྲོས་མེད་བདེན་དོན་ལ་སྦྱོར་བའི། །བདེན་གཉིས་དབྱེར་མེད་འོད་གསལ་རྡོ་རྗེའི་ཞིང་། །གྲུབ་རི་འདི་ནི་ལྷན་སྐྱེས་ཆོས་སྐུའི་གྲོང་། ༧ །ཀུན་བརྟགས་བྲག་རིའི་བ་གམ་ལྷུན་སྟུག་པར། །གཞན་དབང་དག་པ་རབ་འབྱམས་ཡེ་ཤེས་སེམས། །ཡོངས་གྲུབ་འདུ་འབྲལ་མེད་པར་རྟག་བཞུགས་པའི། །གྲུབ་རི་འདི་ནི་ཟུང་འཇུག་ལོངས་སྐུའི་གནས། ༨ །རྣམ་མང་འཕགས་དང་མཁས་པའི་ཚོགས་རྣམས་ཀྱིས། །བྱིན་རླབས་བཀྲ་ཤིས་སྣང་བ་རབ་འབར་ཞིང་། །དཔའ་བོ་མཁའ་འགྲོའི་འདུ་བ་མི་ཟད་པའི། །གྲུབ་རི་འདི་ནི་འགྲོ་འདུལ་སྤྲུལ་སྐུའི་ཞིང་། ༩ །ཡིད་འཕྲོག་འཇའ་ཟེར་ཐིག་ལེའི་དྲ་བའི་དབུས། །རྩ་གསུམ་རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་གྱིས། །སྐལ་ལྡན་མངོན་སུམ་བྱིན་རློབས་དབུགས་དབྱུང་བའི། །གྲུབ་རི་འདི་ནི་དག་པ་མཁའ་སྤྱོད་གྲོང་། ༡༠ །ལྷག་པར་རྒྱལ་དབང་མཚོ་སྐྱེས་བླ་མ་ཉིད། །དུས་གསུམ་དུས་མེད་ཆེན་པོར་ཞབས་བཀོད་ནས། །བསིལ་ལྗོངས་ཕན་བདེའི་དགའ་


JKT002_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་སྤེལ་བའི་ཕྱིར། །གྲུབ་རི་འདི་ནི་པདྨ་དྲྭ་བའི་གླིང་། ༡༡ །དེ་སླད་མཐོང་ཐོས་དྲན་རེག་ཡིད་ཅན་ཀུན། །དོན་གཉིས་འདོད་དགུ་ལྷུག་པར་འཇོ་བའི་གཞི། །སྔོན་མེད་ནོར་བུའི་ཆུ་གཏེར་ཉམས་དགའ་བར། །#་ཞུགས་པའི་རྣལ་འབྱོར་གཞོན་ནུའི་ལྷག་བསམ་གྱིས། ༡༢ །ཕྱི་ནང་མཆོད་སྤྲིན་སྤྱི་དང་ཁྱད་པར་དུ། །བདེ་གཤེགས་ཀུན་འདུས་པདྨ་ཐོད་ཕྲེང་གི །ལམ་ཟབ་རྡོ་རྗེའི་རྣལ་འབྱོར་ལྷུར་བླངས་ཤིང་། །དགའ་སྟོན་ཚོགས་ཀྱི་འདུ་བས་ལྷག་པར་མཆོད། ༡༣ །ཨ་ཧོ་རྔ་ཡབ་གླིང་དངོས་གནས་མཆོག་འདིར། །དཀར་ཕྱོགས་ཊཱ་ཀི་འདུ་བའི་དུས་ཀྱི་ཚེ། །ཨོ་རྒྱན་བླ་མའི་གོ་འཕང་དོན་གཉེར་བ། །སྐྱེ་བ་དུ་མར་གོམས་པའི་ལེགས་བྱས་མཐུ། ༡༤ །དེ་སླད་རྣམ་དཀར་དགེ་ཚོགས་གངྒཱའི་ཀླུང་། །བྱང་ཆུབ་སྙིང་པོའི་ལམ་གསུམ་ལ་ཆགས་པས། །ཡིད་ཅན་སྒྲིབ་གཉིས་དྲི་མ་ཀུན་སྦྱངས་ནས། །ཕན་བདེའི་འཛུམ་དཀར་མཆོག་ཏུ་གྲོལ་གྱུར་ཅིག ༡༥ གཞན་ཡང་བརྒྱད་གཉིས་འཇིགས་པའི་གདུང་བ་ཞི། །ཚེ་བསོད་དཔལ་འབྱོར་ལུང་རྟོགས་ཡོན་ཏན་རྒྱས། །སྣང་གསུམ་འཕོ་ཆགས་དབུ་མར་དབང་བྱས་ནས། །གཟུང་འཛིན་ཡིད་སྲུབས་དཔུང་ཚོགས་མཐར་བྱེད་ཤོག ༡༦ །ནམ་ཞིག་འདིར་སྣང་ནུབ་པའི་དེ་མ་ཐག །སྙིང་དབུས་པདྨ་འོད་ཀྱི་དཀྱིལ་འཁོར་དུ། །རང་རིག་མཚོ་སྐྱེས་རྡོ་རྗེ་མངོན་གྱུར་ནས། །སྐུ་གསུམ་གོ་འཕང་མྱུར་དུ་


JKT002_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུབ་གྱུར་ཅིག ༡༧ །མདོར་ན་ཡོན་ཏན་བདུད་རྩིའི་དོ་ཤལ་མཁའ་དང་མཉམ་པར་བཀོད་པའི་ཕུལ། །མཐའ་གཉིས་བཅོམ་པའི་གྲགས་དཀར་རབ་མཛེས་ཟླ་བ་ནོར་བུའི་སྙེམས་འཆང་བ། །ཐམས་ཅད་མཁྱེན་པའི་སྒྱུ་འཕྲུལ་རྨད་བྱུང་པདྨ་ཀ་རའི་རྣམ་ཐར་གྱིས། །ས་གསུམ་བཀྲ་ཤིས་སྣང་བ་སྦྱིན་ལ་རྟག་པ་དམ་པའི་མཆོག་བརྙེས་ཤོག ༡༨ །ཅེས་པའང་རང་ལོ་ཉི་ཤུ་པ་ཀུན་ལྡན་ལོའི་དབང་ཆེན་སྤྲེའུ་ཟླ་བའི་དཀར་ཕྱོགས་ཀྱི་ཚེས་བཅུ་དུས་ཀྱི་དགེ་མཚན་ཕུན་སུམ་ཚོགས་པའི་ཉིན་གྲུབ་པའི་བསྟི་གནས་དེ་ཉིད་དུ་ཤར་མདོ་ཁམས་ཀྱི་བཙུན་པ་འཇིགས་མེད་མཁྱེན་བརྩེའི་ཟློས་གར་གྱིས་གང་ཤར་གསོལ་བ་བཏབ་པ་སིདྡྷི་རསྟུ།།


previousཡོན་ཏན་གྱི་དབེན་གནས་བསམ་འགྲུབ་ཤེལ་གྱི་བྲག་ཕུག་ལ་བསྔགས་པའི་གཏམ་རྡོ་རྗེ་སྒྲ་མའི་མཆོད་སྤྲིན། next