Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
༈ ཕྲིན་ལས་ཀྱི་དབེན་གནས་མོན་ཁ་ནེ་རིང་སེང་གེའི་རྫོང་དུ་བགྲོད་པའི་གཏམ་རྡོ་རྗེ་སྒྲ་མའི་ངག
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previous༈ ཕྲིན་ལས་ཀྱི་དབེན་གནས་མོན་ཁ་ནེ་རིང་སེང་གེའི་རྫོང་དུ་བགྲོད་པའི་གཏམ་རྡོ་རྗེ་སྒྲ་མའི་ངགnext

༈ ཕྲིན་ལས་ཀྱི་དབེན་གནས་མོན་ཁ་ནེ་རིང་སེང་གེའི་རྫོང་དུ་བགྲོད་པའི་གཏམ་རྡོ་རྗེ་སྒྲ་མའི་ངག


JKT002_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཕྲིན་ལས་ཀྱི་དབེན་གནས་མོན་ཁ་ནེ་རིང་སེང་གེའི་རྫོང་དུ་།། བགྲོད་པའི་གཏམ་རྡོ་རྗེ་སྒྲ་མའི་ངག་ཅེས་བྱ་བ། ན་མོ་གུ་རུ་བཛྲ་ཀུ་མཱ་རཱཡ། ཡོངས་གྲུབ་རིག་པ་འོད་གསལ་ཕུར་བུས་སྲིད་ཞིའི་སྤྲོས་ལ་རྒྱས་བཏབ་པས། །ཤིན་ཏུ་ཞི་བ་ཆོས་དབྱིངས་རྡོ་རྗེ་གཞོན་ནུ་གཟུགས་སྐུའི་ཕྲིན་ལས་གར། །ཀུན་བརྟགས་སྣང་ཆར་འཛུམ་པའི་མོད་ནས་ཡིད་ཅན་རྒྱ་མཚོ་དབུགས་འབྱིན་པའི། །ནེའུ་གསིང་རིང་མོ་སེང་གེའི་རྫོང་ཞེས་གྲགས་པའི་ཡི་གེས་མཛེས་པར་གྱུར། ༡ །གང་དེར་བསྙེན་པར་ཚུ འདོད་པ་ཡི། །བདུད་རྩིས་རབ་མྱོས་གཞོན་ནུ་ཞིག །རྫ་དང་ཁ་བའི་རྡུལ་བརྩེགས་སྤོ། །བརྒལ་ནས་ནགས་ཀླུང་སྟུག་པོར་སླེབས། ༢ །དེ་ན་རྐང་འཐུང་ཁང་བཟང་དུ། །ངལ་འཚོའི་དབུགས་འབྱིན་ཐོབ་སོ་གཅིག་


JKT002_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

པ་ན། །འཕུར་འགྲོའི་སློབ་དཔོན་ཆེན་པོ་ཡི། །ཐུགས་རྗེའི་ཨུཏྤལ་མཆོག་ཏུ་དགོད། ༣ །གང་གི་ཟིལ་དངར་བསྟེན་པ་ཡིས། །དགེ་བྱས་དོན་གཉེར་བུང་བ་ནི། །རིང་མིན་གྲུབ་པའི་སྨན་ལྗོངས་སུ། །མངོན་སུམ་ཉིད་དུ་ཕྱིན་པར་གྱུར། ༤ །དེ་ཚེ་དད་པའི་ཆགས་ཚོན་གྱིས། །སྒེག་ལྡན་ཡིད་ཀྱི་སོར་མོ་ཡིས། །བསྔགས་བརྗོད་ངག་གི་ཏམྱུར། །འདི་སྐད་བསྒྲེང་བའི་སྐལ་བཟང་ཐོབ། ༥ །ཨེ་མ་སངས་རྒྱས་ཀུན་གྱི་དངོས། །འཆི་མེད་པདྨ་ཐོད་ཕྲེང་གི །བྱིན་རླབས་བཀྲ་ཤིས་འབྱུང་བའི་གནས། །ས་ལ་འོག་མིན་གཉིས་པ་བཞིན། ༦ །ཨོ་རྒྱན་རང་བྱུང་དུར་ཁྲོད་ནི། །སྤྲིན་ནག་འཁྲིགས་པའི་མཚན་སྙན་ཡང་། །འདི་ཉིད་ཁོ་ནའི་བཀོད་པ་དང་། །མཚུངས་པའི་དགེ་མཚན་ཡིད་ལ་འཆར། ༧ །ཕྱོགས་ཀུན་གངས་རིའི་ཕྲེང་བ་དང་། །རྡོ་རྗེའི་བྲག་རི་བརྗིད་ཆགས་ཤིང་། །སཱ་ལའི་ནགས་ཀླུང་བར་མེད་པར། །གཅན་གཟན་ཁྲོ་བོའི་ཚོགས་ཀྱིས་གཏམས། ༨ །རྡོ་རྗེའི་སྔགས་ཀྱི་སྒྲ་དབྱངས་དང་། །མི་ཕྱེད་འབབས་ཆུའི་གདངས་སྙན་ཞིང་། །ནེའུ་གསིང་རྒྱས་པའི་ས་གཞི་ནི། །བྱ་དང་རི་དྭགས་ཚོགས་ཀྱིས་བསྟེན། ༩ ། ཉིན་དང་མཚན་མོའི་སྐབས་ཕལ་ཆེར། །བྱིན་རླབས་ཆར་རྒྱུན་འཇོ་བའི་སླད། །སྤྲིན་དང་ན་བུན་འཁྲིགས་པ་ཡིས། །གཟུང་འཛིན་སྣང་ཆ་སྡུད་པ་བཞིན། ༡༠ །ཁྱད་པར་རྣམ་ཐར་གསུམ་ལྡན་པ། །ཆོས་


JKT002_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་འབྱུང་གནས་བརྩེགས་པའི་དབྱིབས། །ཨེ་དབྱིངས་རྡོ་རྗེ་བཙུན་མོའི་ཞིང་། །བེམ་པོའི་ཚུལ་དུ་སྣང་བར་སྟོན། ༡༡ །དེ་དབུས་རྡོ་རྗེ་ཐོད་ཕྲེང་དང་། །ཤེས་རབ་ཌཱ་ཀི་མཚོ་རྒྱལ་གྱིས། །དཔལ་ཆེན་བཛྲ་ཀུ་མཱ་ར། །མངོན་སུམ་ཉིད་དུ་བསྙེན་མཛད་པའི། ༡༢ །ངོ་མཚར་རྡོ་རྗེའི་ཕུག་པ་ནི། །འཕྲོག་བྱེད་དྲེགས་པས་འགྱིང་བ་ཡིས། །བདུད་སྡེའི་རི་དྭགས་མཐར་མཛད་དབྱིབས། །དེ་སླད་སེང་གེ་རྫོང་ཞེས་གྲགས། ༡༣ །གཞན་ཡང་ཨེ་ཝཾ་ཟུང་འཇུག་པ། །རྡོ་རྗེ་རིན་ཆེན་པདྨའི་རྫོང་། །རྩེ་མོ་རྫོང་སོགས་གྲུབ་པའི་གནས། །ཡོན་ཏན་བྱེ་བས་བརྒྱན་པ་ཡོད། ༡༤ །འདི་མཐོང་ཚེ་འདིའི་སྣང་ཞེན་འགག །ཐོས་པས་ཡིད་ལ་དགའ་སྟེར་ཞིང་། །དྲན་པ་ཙམ་ཡང་དོན་ལྡན་སླད། །སུ་ཞིག་འབད་པས་བསྙེན་མི་བགྱིད། ༡༥ །དེ་ལྟར་ཤེས་ནས་དད་ཐོབ་བཞིན། །རྡོ་རྗེ་ཁྲོས་པའི་དཀྱིལ་འཁོར་དུ། །སྲིད་པ་རྡོ་རྗེར་བསྒྲུབ་པ་དང་། །རྡོ་རྗེའི་མཆོད་སྤྲིན་ཅིར་ཡང་སྤྲོས། ༡༦ །དེ་ཡི་དགེ་བས་ཆོས་དབྱིངས་ཕུར་བུས་གཟུང་འཛིན་སྤྲོས་པ་དབྱིངས་ཐིམ་བཞིན། །ཚད་མེད་ཐུགས་རྗེ་ཆེན་པོའི་ཕུར་པས་སྲིད་པའི་འགྲོ་ལ་སྙིང་བརྩེ་བས། །མཐའ་གཉིས་མི་གནས་བྱང་སེམས་ཕུར་བུས་ཁ་སྦྱོར་རྡོ་རྗེའི་སྐུར་སྨིན་བཞིན། །གང་འདུལ་མཚན་མ་རྫས་ཀྱི་ཕུར་བུས་ཡིད་སྲུབས་དཔུང་བཅས་འཆིང་གྱུར་ཅིག ༡༧ །ཅེས་པའང་རིག་


JKT002_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་གྱི་བཙུན་པ་རྒྱལ་ཁམས་ཉུལ་བའི་ད་རི་དྲྭ་འཇིགས་པ་མེད་པའི་སྡེས་ཀུན་ལྡན་དབྱུག་པ་ཟླ་བའི་དཀར་ཕྱོགས་ཀྱི་དགའ་བ་གཉིས་པར་གསོལ་བ་བཏབ་པའི་རྟོགས་པ་བརྗོད་པ་ཤིན་ཏུ་གསལ་བར་ཕྱེ་བ་སརྦ་དཱ་མངྒ་ལཾ་བྷཱུ་ཡཱ་ཏ།།


previous༈ ཕྲིན་ལས་ཀྱི་དབེན་གནས་མོན་ཁ་ནེ་རིང་སེང་གེའི་རྫོང་དུ་བགྲོད་པའི་གཏམ་རྡོ་རྗེ་སྒྲ་མའི་ངགnext