Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྡོ་རྗེའི་གནས་ཆེན་སེར་བ་བྱང་ཆུབ་ཤིང་གི་དགའ་ཚལ་ལ་བསྔགས་པའི་གཏམ་དྲང་སྲོང་གྲུབ་པའི་རྒྱན།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྡོ་རྗེའི་གནས་ཆེན་སེར་བ་བྱང་ཆུབ་ཤིང་གི་དགའ་ཚལ་ལ་བསྔགས་པའི་གཏམ་དྲང་སྲོང་གྲུབ་པའི་རྒྱན། next

རྡོ་རྗེའི་གནས་ཆེན་སེར་བ་བྱང་ཆུབ་ཤིང་གི་དགའ་ཚལ་ལ་བསྔགས་པའི་གཏམ་དྲང་སྲོང་གྲུབ་པའི་རྒྱན།


JKT002_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེའི་གནས་ཆེན་སེར་བ་བྱང་ཆུབ་ཤིང་གི་དགའ་ཚལ་ལ་བསྔགས་པའི་གཏམ་དྲང་སྲོང་གྲུབ་པའི་རྒྱན་ཅེས་བྱ་བ། །ཨོཾ་སྭ་སྟི་སིདྡྷི་རསྟུ། བྱང་ཆུབ་སྙིང་པོར་འཆི་མེད་གྲུབ་པའི་བདུད་རྩིའི་དོ་ཤལ་གསར་པ་ནི། །ཅི་ཡང་བཟུང་བ་མཚོ་སྐྱེས་ཞབས་ཀྱི་རྣམ་པ་ཀུན་ལྡན་ཡེ་ཤེས་ཆེས། །བྱིན་རླབས་ཟླ་བ་ནོར་བུའི་སྙེམས་འཆང་རིག་འཛིན་དགྱེས་པའི་བྲག་ཕུག་ན། །སྲིད་ཞིའི་དགེ་མཚན་ཕྲག་བརྒྱའི་འཛུམ་དཀར་གཅིག་ཅར་དགོད་དེ་བསྔགས་པར་འོས། ༡ །གང་ན་ཟུང་འཇུག་སྒྱུ་མའི་བཀོད་པ་དང་། །རྗེས་མཐུན་པདྨ་ཀ་རའི་མཚན་དཔེའི་ཞལ། །རྣམ་ཐར་གསུམ་ལྡན་དབྱིངས་སུ་སྙོམས་འཇུག་པའི། །ངང་ཚུལ་སྲ་མཁྲེགས་བྲག་རིའི་བ་གམ་ཡོད། ༢ །གཡས་ཕྱོགས་གངས་ཅན་ལྷ་གཅིག་སྲོང་བཙན་རྗེའི། །བསམ་གཏན་ཟིལ་དངར་བཏུང་བའི་བསྟི་གནས་སུ། །འཕགས་མཆོག་ཕྱག་ན་པདྨོའི་ཡེ་ཤེས་སྐུ། །འདུ་འབྲལ་སྤངས་པའི་དགེ་མཚན་རྟག་ཏུ་རྔམས། ༣ །གཡོན་ཕྱོགས་ཐབས་ཤེས་ཨེ་ཝཾ་ཟུང་འཇུག་པ། །རྡོ་རྗེ་དྲིལ་བུའི་མཚན་གྱི་སྒེག་འཆང་བར། །ཆོས་ཀུན་བདེ་ཆེན་སྡོམ་པའི་དཔྱིད་ཐིག་ལེ། །གཅིག་དང་ཐ་དད་བྲལ་བར་མངོན་སུམ་རོལ། ༤ །སྟེང་ཁར་སངས་རྒྱས་


JKT002_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་པདྨ་སྐྱེས། །རྫུ་འཕྲུལ་རྡོ་རྗེའི་བཀོད་པར་དགྱེས་བཞིན་དུ། །བདེ་སྟོང་ཉེ་རྒྱུའི་འདུ་བར་སྤྱོད་པའི་གནས། །མཐོང་བའི་མོད་ནས་ཚེ་འདིའི་སྣང་ཞེན་འཇིལ། ༥ །འོག་ཏུ་གངས་རིའི་ཡུལ་ན་སྔོན་མེད་པའི། །འཇིག་རྟེན་མིག་གཅིག་སྨྲ་བའི་ཉི་མ་ཆེ། །རྣམ་པར་སྣང་མཛད་སྲུང་བས་རིམ་གཉིས་ཀྱི། །བདུད་རྩིའི་མཆོག་དངོས་གྲུབ་w ་མགུལ། །དཔལ་ལྡན་མར་མེ་མཛད་དཔལ་ཡབ་སྲས་ཀྱིས། །བསམ་ཡས་སྒྱུ་འཕྲུལ་བཀོད་པས་གསང་བའི་ཆོས། །འཇིགས་པ་མེད་པའི་སེང་གེའི་སྒྲ་ཆེན་བསྒྲགས། ༧ །གཞན་ཡང་མཁས་པའི་ཚོགས་རབ་བྱེ་བ་དང་། །གྲུབ་པའི་སྐྱེས་བུ་དུ་མས་བསྟེན་པའི་གནས། །ལྷ་དང་དྲང་སྲོང་དགྱེས་པའི་དགའ་ཚལ་ཆེར། །དཔའ་བོ་ཌཱ་ཀིས་རྡོ་རྗེའི་གར་གྱིས་རོལ། ༨ །མདོར་ན་དྲན་པས་སྲིད་བདེའི་འཁྲུལ་པ་ཞིག ། སླེབ་པ་ཙམ་གྱིས་བདེ་ཆེན་ཡེ་ཤེས་སྐྱེད། །རྩེ་གཅིག་བསྒོམས་ན་མཆོག་དང་ཐུན་མོང་གི །དངོས་གྲུབ་མྱུར་དུ་སྦྱིན་པའི་གྲགས་པས་མཛེས། ༩ །དེ་སླད་སྲོག་དང་བཅས་པའི་ལུས་ནི་ཞི་བའི་ནགས་འདིར་མངོན་ཕྱོགས་ནས། །ཐ་མལ་སྣང་བའི་ཞེན་པ་ཇི་སྙེད་སྒྱུ་མའི་ལྷ་སྐུར་ཤར་བའི་མཐར། །བརྟན་དང་གཡོ་བའི་བྱེད་པ་མཐའ་དག་དྷ་ཏཱིའི་ཕྱག་རྒྱར་སྦྱར་བ་ལས། །སྣང་གསུམ་འཕོ་ཆགས་སྤྲོས་པས་མི་ཕྱེད་


JKT002_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

འཆི་མེད་གྲུབ་པ་ཉིད་གྱུར་ཅིག ༡༠ །ཅེས་པའང་རྒྱལ་ཁམས་ཉུལ་པའི་དཱ་རི་དྭ་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་ཀྱིས་གྲུབ་པའི་གནས་ཆེན་དེ་ཉིད་དུ་གསོལ་བ་བཏབ་པ་སརྦ་དཱ་སུ་ཤེ་ཡནྟུ།། #div1 དཔལ་ལྡན་བླ་མའི་ཞབས་པད་དུ་བསྙེན་པས་ཆོས་ཀྱི་བདུད་རྩི་ཐོབ་པ་ལས་བྱུང་བའི་གཏམ་ངོ་མཚར་དཔྱིད་ཀྱི་དགའ་སྟོན།


JKT002_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་བླ་མའི་ཞབས་པད་དུ་བསྙེན་པས་ཆོས་ཀྱི་བདུད་རྩི་ཐོབ་པ་ལས་བྱུང་བའི་གཏམ་ངོ་མཚར་དཔྱིད་ཀྱི་དགའ་སྟོན་ཅེས་བྱ་ཐོ། །ཨཱ་དི་པཱ་པཉྩཔར་མི་ཏས་དྭཤཱན་ཡོདྷརྨཀཱཡམཱདཱཡྻཾ་སམྦྷཙུབིཀབྷབནཛྷཱནསཾབྷོགཀཱཡཾབྱདམཱནཱཙིཏནུགབཧུརུཔིཀཾནིརྨཀཱཡཾཝཔཱལནྡྷཤཱམཱིགུརུཙཀུལིཤཱིཙྪིཏྠབྷེདཾཏྲཀཱཡ༔ གཟོད་ནས་སྤྲོས་པའི་ཕ་རོལ་ལས་བརྒལ་ཤིན་ཏུ་ཞི་བ་ཆོས་ཀྱི་སྐུ། །གཉིས་སུ་མེད་པའི་ཡེ་ཤེས་ལས་བྱུང་ཁ་སྦྱོར་བདུན་ལྡན་ལོངས་སྤྱོད་རྫོགས། །མཐའ་ཀླས་གདུལ་བྱའི་མོས་པའི་རྗེས་འགྲོ་སྣ་ཚོགས་གཟུགས་ཅན་སྤྲུལ་པའི་སྐུ། །སྐུ་གསུམ་དབྱེར་མེད་དཔལ་ལྡན་བླ་མ་རྡོ་རྗེ་སྙེམས་མའི་བདག་པོས་སྐྱོངས། །བྲལ་སྨིན་ཡོན་ཏན་བྱེ་བའི་གཞིར་གྱུར་མཚན་དཔེའི་མཚར་སྡུག་རྫོགས་པའི་སྐུ། །ཡན་ལག་དྲུག་ཅུའི་དབྱངས་སྙན་དང་འགྲོགས་ལུང་རྟོགས་ཆོས་ཕུང་རྒྱ་མཚོའི་གསུང་། །ཇི་ལྟ་ཇི་སྙེད་གཟིགས་པའི་ཡེ་ཤེས་རྣམ་པ་ཀུན་གྱི་མཆོག་ལྡན་ཐུགས། །མི་ཟད་རྒྱན་གྱི་འཁོར་ལོར་བསྔགས་འོས་རྫོགས་སངས་རྒྱས་དེས་ཤིས་པར་མཛོད། །གང་གིས་ཕན་དགོངས་བརྩེ་བའི་རོལ་མཚོ་ཅིར་ཡང་འཕྱུར་བའི་རྦ་རླབས་ལས། །རྨད་བྱུང་ཞི་བསིལ་བདུད་རྩིའི་སྤྲིན་ཕུང་རྒྱས་པར་དཀྲིགས་པའི་འཇོ་སྒེག་གིས། །བསླབ་


JKT002_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ནོར་བུའི་གྲུ་ཆར་འབེབས་པས་རིགས་ཅན་གསུམ་གྱི་འགྲོ་བ་ཀུན། །ཐར་པ་མཆོག་གི་ངལ་འཚོ་སྦྱིན་མཛད་དམ་པའི་ཆོས་ཀྱིས་དགེ་ལེགས་སྩོལ། །བག་མེད་འགོག་པའི་ས་བོན་ལས་འཁྲུངས་མང་ཐོས་རྩ་བ་རབ་བརྟན་པར། །བསམ་བྱུང་རིག་ལམ་པདྨོ་འཛུམ་ཞིང་བསྒོམ་སྤང་འབྲས་བུའི་ཁུར་ལྕི་བས། །སྔོན་མེད་ཡོངས་འདུ་ས་བརྟོལ་ཉིད་ཅེས་གྲགས་པའི་ཡི་གེས་མཛེས་འབར་བ། །བྱང་ཆུབ་སེམས་དཔའི་དགེ་འདུན་ཚོགས་ཀྱིས་ཤིས་པའི་མེ་ཏོག་ཆར་དུ་བསྙིལ། །མཐའ་ཀླས་སྡེ་སྣོད་རྒྱུད་སྡེའི་ཆུ་གཏེར་མཁྱེན་དཔྱོད་དཔུང་པས་བསྲུབས་པ་ལས། །རྒྱལ་བསྟན་རིན་ཆེན་དོ་ཤལ་གཡོ་བ་སྐལ་བཟང་འགྲམ་པར་འགོད་མཁས་པའི། །འཕགས་ཡུལ་པཎ་གྲུབ་རྒྱ་མཚོ་སྤྱི་དང་རྣལ་འབྱོར་དབང་ཕྱུག་བརྒྱུད་བཅས་ཀྱི། །ཞབས་སེན་དམར་པའི་འོད་རྡུལ་སྟུག་པོ་མཆོག་ཏུ་དྭངས་པའི་གཙུག་གིས་མཆོད། །ཕུལ་བྱུང་མཁྱེན་དང་བརྩེ་བའི་དཔལ་ནི་གདེངས་ཅན་བསྟི་གནས་ལྟ་བུར་གཡོ། །དེ་ཡིས་དམ་ཆོས་སྣང་བ་སྤྲོ་གང་ཤར་གྱི་ཐིག་ལེའི་རྗེས་སུ་བྱེད། །དེས་ཀྱང་དོན་གཉིས་སིམ་པ་སྟེར་ལ་ག་བུར་དོག་པས་ཉེར་མཚོན་ཕྱི་པ། །གངས་ལྗོངས་རིས་མེད་མཁས་གྲུབ་ཚོགས་ཀུན་དད་པའི་ཕྱག་གིས་རྟག་ཏུ་བསྙེན། །ལྷག་པར་རྡོར་འཛིན་བྱེ་པའི་གཙུག་རྒྱན་པད་དཀར་འཆང་བ་སྙིང་པོའི་ཞབས། །ཡོངས་རྫོགས་བསྟན་པའི་དགོངས


JKT002_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

དོན་འགྲེལ་མཁས་གྲུབ་པའི་ཁྱུ་མཆོག་བསོད་ནམས་རྩེ། །རྒྱལ་རྣམས་གསུང་གི་རྡོ་རྗེའི་རྒྱུད་མང་མགྲིན་པའི་རྩེ་དགའ་ལ་ཆགས་པས། །བསིལ་ལྡན་ངེས་གསང་དབྱངས་ཀྱིས་གཏམས་མཛད་གྲགས་པའི་མཚན་གྱི་ཡི་གེ་བརྗིད། །མཁས་ཀུན་དགའ་བའི་རྒྱལ་མཚན་གཅིག་གྱུར་འཇམ་དཔལ་མགོན་དངོས་པཎྜི་ཏ། །ཟླ་མེད་ཆོས་ཀྱི་འཁོར་ལོས་སྒྱུར་བ་འགྲོ་མགོན་འཕགས་པའི་མཚན་ཅན་སོགས། །སྲིད་དང་ཞི་བའི་གཙུག་ཏོར་རྩེར་མཛེས་ས་སྐྱ་པ་ཞེས་གྲགས་དཀར་གྱིས། །ཡིད་སྲུབས་དཔུང་བཅས་མཛེས་པ་ཟུམ་པའི་རྣམ་ཐར་ཚངས་པའི་བློ་ལས་འདས། །ཀུན་མཁྱེན་གསུང་གི་ཟིལ་དངར་གྱིས་རེག་ཁྱོད་ཞབས་དག་པའི་པདྨོ་ནི། །དགའ་བའི་གྲིབ་བསིལ་མངོན་པར་སྡུག་ལྡན་ཕྲིན་ལས་བཟང་པོའི་ངལ་འཚོའི་དཔྱིད། །རྡོ་རྗེ་འཆང་ཆེན་མི་ཡི་གཟུགས་ཅན་དཔག་བསམ་རྐང་འཐུང་ཨེ་ཝཾ་པ། །སློབ་མར་བཅས་པའི་ཡོན་ཏན་ཁུར་གྱིས་ནོར་འཛིན་བུ་མོའང་འདར་བ་བཞིན། །གཞན་ཡང་གསང་ཆེན་གདམས་པའི་གུར་གུམ་ཟབ་དོན་དྲི་བཟང་ཚོགས་ཀྱི་གཏེར། །བློ་གསལ་བུང་པའི་གསོས་སུ་འབྱེད་ལས་གྲུབ་གཉིས་ལང་ཚོ་དར་བབས་པའི། །སྙན་བརྒྱུད་རྒྱ་མཚོའི་བསྟན་པའི་སྲོག་ཤིང་ཚར་པ་ཆོས་རྗེ་ཡབ་སྲས་སོགས། །བསྔགས་པར་འོས་པའི་ཉིན་བྱེད་ཀུན་ལའང་མཆོག་ཏུ་གུས་པའི་ཨུཏྤལ་འཛུམ། །ཁྱད་པར་བྱམས་བརྩེའི་ཤར་རིའི་


JKT002_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲག་པས་ཉེ་བར་དྲངས་པའི་ཟླ་ཤེལ་ནི། །རྡོ་རྗེ་ནམ་མཁའི་ཐིག་ལེ་ལས་འོངས་རྨད་བྱུང་ཡོན་ཏན་ཆས་རྫོགས་པར། །ཐུགས་རྗེའི་བསིལ་ཟེར་ཕྲག་བརྒྱས་སྒེག་ཁྱོད་བདག་རྒྱུད་འཆི་མེད་རྟག་པའི་གྲོང་། །དབུགས་འབྱིན་བྱེད་པོ་གཅིག་ཏུ་ངེས་སོ་བྱང་ཆུབ་བར་དུ་རྗེས་སུ་ཟུངས། །དེས་སོགས་སྨིན་གྲོལ་གདམས་པའི་འབིགས་བྱེད་རླུང་། །དལ་གྱིས་བབས་པས་སྲིད་པའི་འཐིབ་བུ་ཀུན། །བཅིལ་ནས་ཕན་བདེའི་ངལ་འཚོ་ལ་སྦྱར་བའི། །ཡོངས་འཛིན་བླ་མའི་ཚོགས་ལ་གུས་བཏུད་ནས། །གང་གི་དྲིན་ལས་ཟབ་དང་རྒྱ་ཆེ་བའི། །ཆོས་ཀྱི་ཀཏྤར་རྡུལ་མང་འཛག་པ་ཅན། །ཐོབ་པའི་སྤྲིང་ཡིག་ངོ་མཚར་བདུད་རྩིའི་འོད། །རང་གཞན་དད་སྤྲོའི་ཆུ་གཏེར་འཕེལ་ཕྱིར་འོང་། །རྒྱུ་དེས་སྐལ་བཟང་འཆི་བ་མེད་པའི་གཞོན་ནུའི་ཚོགས། །སྙིང་ལ་སྤྲིན་སྔོན་ཆུན་པོ་གཡོ་བའི་ཏམྦུ་རས། །རེག་པ་རྨ་བྱའི་བུ་མོའི་ལང་ཚོ་ཇི་བཞིན་དུ། །ཀུན་དགའི་དུས་སྟོན་ཆེས་ཆེར་དར་བའི་ཤིས་པ་སྒྲུབས། །དེ་སླད་གཅིག་ཏུ་དོན་གཉེར་པའི། །དཔྱོད་ལྡན་ར་ཡིག་གཉིས་པའི་ཚོགས། །ཚིག་དོན་མཚར་སྡུག་མ་སྨད་པའི། །སྐྱེད་མོས་ཚལ་འདིར་གར་རྩེན་ཤིག ༈ །རྡོ་རྗེ་འཆང་དབང་ཡེ་ཤེས་ཆུ་གཏེར་བྱམས་པའི་བསྲུབས་ཐག་གིས་བསྐུལ་བས། །ནམ་མཁའི་མཐས་ཀྱང་མཚོན་པར་མི་ནུས་ཕན་བདེའི་འདོད་དགུ་འཇོ་བའི་དཔྱིད། །འཆི་མེད་སྐུ་བཞིའི་ངལ་


JKT002_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

འཚོ་སྟེར་མཁས་རྣམ་འདྲེན་བླ་མ་དཔག་བསམ་དབང་། །གང་དེའི་ཞབས་སེན་རྙེད་དཀའི་མེ་ཏོག་དད་པའི་ཕྱག་གིས་ལེགས་བསྙེན་ནས། །ཟབ་ཅིང་རྒྱ་ཆེའི་དམ་པའི་ཆོས། །ཅུང་ཟད་ཐོབ་ཚུལ་བརྗོད་འདི་ཡིས། །བདག་སོགས་འགྲོ་ཀུན་བྱང་ཆུབ་བར། །ཁྱོད་ཞབས་པདྨོས་སྐྱོང་གྱུར་ཅིག ༡ །ཀུན་དགའི་མཚན་དཔེའི་མཚར་སྡུག་རབ་གཡོ་ལྷར་བཅས་གཙུག་ན་མཛེས་པའི་སྐུ། །མཁས་གྲུབ་རྒྱ་མཚོའི་རྣ་བའི་དཔྱིད་གྱུར་ཞི་བསིལ་ཆོས་ཕུང་རྒྱ་མཚོའི་གསུང་། །ཇི་ལྟ་ཇི་སྙེད་གཟིགས་པའི་ཡེ་ཤེས་སྤྲོས་པའི་ཕ་རོལ་ལས་བརྒལ་ཐུགས། །ཁྱབ་བདག་བླ་མ་སྲིད་ཞིའི་དབང་པོས་ཤིས་པའི་མེ་ཏོག་ཆར་དུ་བསྙིལ། །གང་དེའི་ལས། །དམ་ཆོས་དགའ་སྟོན་ཐོབ་པའི་ཚུལ། །བརྗོད་འདོད་ཡིད་ཀྱི་དཔྱིད་དཔལ་མོས། །ངག་ཚིག་ཨུཏུལ་ཅིར་ཡང་དགོད། །ཇི་ལྟ་ཇི་སྙེད་ཆོས་ཀུན་གཟིགས་པའི་མཁྱེན་རབ་འཇམ་དཔལ་གཞོན་ནུའི་སྤྱན། །ལྷར་བཅས་དགའ་བའི་ཕན་བདེའི་མཛད་བཟང་བརྩེ་ཆེན་པད་དཀར་འཆང་བ་དངོས། །ནུས་པས་ཡིད་སྲུབས་དཔུང་པ་འཆིང་མཛད་གསང་བ་འཛིན་པའི་བདག་པོའི་གཟུགས། །རིགས་གསུམ་འདུས་ཞལ་མཁས་གྲུབ་དབང་པོའི་ཞབས་སེན་སྤྱི་བོར་ལེགས་བསྙེན་ནས། །སྲིད་འདིར་རྙེད་དཀའི་དམ་ཆོས་ཀྱི། །རྨད་བྱུང་དགའ་སྟོན་ཐོབ་པའི་ཚུལ། །གསལ་བར་བརྗོད་འདིའི་ལེགས་བྱས་ཀྱིས། །


JKT002_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གཞན་བྱང་ཆུབ་མཆོག་བརྙེས་ཤོག ༢ །འཇམ་མགོན་རིགས་ཀྱི་ཐིག་ལེ་ལས་འོང་དབང་བཅུ་མངའ་བའི་ཡེ་ཤེས་ཀྱི། །པུཎྜ་རཱི་ཀའི་ལང་ཚོ་གསར་པས་སྲིད་ཞིའི་དགེ་མཚན་བུང་བའི་ཚོགས། །། གཅིག་ཅར་སྡུད་པའི་ངོ་མཚར་རོལ་མོས་ལྷར་བཅས་ཀུན་དགའི་མཆོག་སྦྱིན་ཕྱིར། །སྐྱབས་ཀུན་འདུས་པའི་སྙིང་པོར་མོས་བཅས་གུས་པའི་ཕྱག་གིས་ལེགས་བསྙེན་ནས། །གང་དེའི་ཞབས་སེན་འདབ་མ་དང་། །འགྲོགས་པའི་དད་གསུམ་བྷ་མ་རས། །དམ་ཆོས་སྦྲང་རྩི་ཅུང་ཟད་ཀྱིས། །སྐལ་བཟང་བྱས་གང་གཏམ་དུ་གླེང་། །སྲས་བཅས་རྣམ་འདྲེན་ཡོངས་ཀྱི་ཡབ་གཅིག་རྗེ་བཙུན་འཇམ་དཔལ་དཔའ་བོ་ཡི། །རིགས་ཀྱི་དགེ་མཚན་རྣམ་པ་མང་ལྡན་གྲུབ་པའི་ཐིག་ལེར་ཉེར་འཁྲུངས་ཏེ། །ཟབ་གསང་ཆོས་ཀྱི་རྒྱལ་ཐབས་སྐྱོང་ལ་འཛམ་གླིང་འདི་ན་གྲགས་འབར་བའི། །ཞབས་སེན་ཡིད་བཞིན་ནོར་བུའི་མེ་ལོང་སྤྱི་བོའི་རྒྱན་དུ་ལེགས་བསྙེན་ནས། །བྱིན་རླབས་ཁ་བས་རེག་པ་ཡི། །དམ་ཆོས་གངྒཱའི་དཔལ་མོའི་འཛུམ། །ཅུང་ཟད་ཐོབ་ཚུལ་བརྗོད་འདི་ཡིས། །གྲུབ་གཉིས་དགའ་སྟོན་རྒྱས་གྱུར་ཅིག ༣ །སྲིད་ཞིའི་དཔལ་གྱི་མངོན་པར་མཐོ་བའི་ཁ་སྦྱོར་བདུན་ལྡན་ཆུ་གཏེར་ལས། །སྣ་ཚོགས་སྤྲུལ་པའི་རྣམ་རོལ་རྨད་བྱུང་རིན་ཆེན་དོ་ཤལ་གཡོ་བ་ཡིས། །ཟབ་རྒྱས་ཆོས་ཀྱི་གན་མཛོད་གཅིག་གྱུར་སྐལ་བཟང་འདོད་པ་འཇོ་བའི་གཏེར། །


JKT002_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ་བདག་བླ་མའི་ཞབས་སེན་པདྨོར་གུས་པའི་ཕྱག་གིས་བཏུད་བྱས་ནས། །གང་དེའི་བཀའ་དྲིན་ཟླ་མེད་པ། །ཤར་གྱི་ཐིག་ལེའི་རྩེ་དགའ་ཡིས། །བདག་བློའི་ཀུན་སྐྱོང་བའི་ཚུལ། །དད་པའི་ཡིད་ཀྱིས་བསྙད་ལ་ཕྱོགས། །དཔལ་ལྡན་ཡོན་ཏན་ཀུན་གྱི་དཔྱིད་གྱུར་དཔག་བསམ་དབང་པོའི་ལྗོན་པ་ནི། །རིན་ཆེན་དམ་པའི་ཆོས་ཀྱི་མཛོད་ཅེས་གཟུར་གནས་འཆི་མེད་དགའ་ཚལ་དུ། །གྲགས་པའི་སྤྲིང་ཡིག་དལ་གྱིས་སྒྲོགས་པས་སྐལ་བཟང་ལེགས་བྲིས་གཞོན་ནུའི་ཚོགས། །མགྲོན་དུ་གཉེར་བའི་འདོད་པ་མཆོག་སྦྱིན་གང་དེར་གུས་པས་ཉེར་བསྙེན་ནས། །ཟབ་གསང་བདུད་རྩིའི་ཐིག་པ་འགའ། །མགྲིན་པར་ཐོབ་པའི་རྟོགས་བརྗོད་ནི། །ཇི་བཞིན་སྨྲས་འདིས་བདག་གཞན་ཀུན། །ཕན་བདེའི་ངལ་འཚོ་རྒྱས་པར་ཤོག ༤ །བསོད་ནམས་ཡེ་ཤེས་བ་གམ་ལྷུན་སྟུག་བྱང་ཆུབ་སྤྱོད་པའི་ཟླ་ཤེལ་གྱིས། །ཉེ་བར་བརྟེན་བྱས་གྲུབ་གཉིས་རིང་པར་ཚུར་མཐོང་འགྲོ་བའི་གདུང་སེལ་སླད། །ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་རྨད་བྱུང་ཆུ་གཏེར་ཆེན་པོའི་རྦ་རླབས་ཀྱི། །གདེངས་ཀས་མངོན་པར་བཏུད་པའི་དཔལ་ཅན་གང་དེར་གུས་པས་ཕྱག་བྱས་ནས། །རྗེ་བཙུན་རྡོ་རྗེ་བཙུན་མོ་ཡི། །གྲུབ་པའི་དགེ་མཚན་སྦྱིན་གྱུར་པ། །འཇིགས་མེད་འབྱུང་གནས་སྦས་པའི་སྡེས། །ལེགས་བཀྲལ་སྨིན་བྱེད་ཐོབ་ཚུལ་བརྗོད། །ཚུལ་གནས་ཁྲིམས་ཀྱི་དགའ་


JKT002_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

ཚལ་ལྷུན་སྟུག་བསོད་ནམས་བརླན་གྱིས་གྲུབ་པ་ལས། །རྣམ་དག་ཏིང་འཛིན་མེ་ཏོག་རབ་འབར་ཤེས་རབ་གསུམ་གྱི་འབྲས་བུས་གཏམས། །བསྔགས་འོས་ཕྲིན་ལས་བདུད་རྩིའི་ཟིལ་དངར་ཡིད་ཅན་ཀུན་གྱི་གདུང་སེལ་བ། །བཤེས་གཉེན་ལེགས་བྲིས་ལྗོན་པའི་སྤུན་ཟླར་དད་གསུམ་ཕྱག་གིས་ལེགས་བསྙེན་ནས། །རྡོ་རྗེ་ཐེག་པའི་རྒྱུད་སྡེ་བཞིའི། །སྒྲུབ་དཀྱིལ་ཕྲེང་བར་ལེགས་སྤེལ་བའི། །དབང་བསྐུར་ཐོབ་ཚུལ་བརྗོད་འདི་ཡིས། །གྲུབ་པའི་ལམ་བཟང་རྒྱས་གྱུར་ཅིག ༥ །ཟབ་གསང་ཆོས་ཚུལ་རྒྱ་མཚོའི་མངའ་བདག་རྗེ་བཙུན་བརྩེ་བ་ཆེན་པོ་ཡི། །རིང་ལུགས་རིན་ཆེན་ཕྲག་བརྒྱའི་གན་མཛོད་མཁྱེན་དཔྱོད་དཔུང་པས་བཟུང་ནས་སླར། །སྐལ་བཟང་འགྲོ་ལ་ཅི་དགར་སྩོལ་པའི་རྣམ་ཐར་རྨད་དུ་བྱུང་བའི་དཔྱིད། །གྲགས་པ་གསལ་ལྡན་ཁྱབ་བདག་བླ་མ་ཡོན་ཏན་དྲན་པས་བཏུད་བྱས་ནས། །གང་དེའི་བཀའ་དྲིན་ཉི་གཞོན་གྱིས། །བདག་བློའི་བནྡྷ་ཛཱི་པ་ཀ །རྗེས་སུ་སྐྱོང་བའི་གཏམ་གྱི་སྒོ། །སྦྲང་རྩིའི་ཐིགས་པ་བཞིན་དུ་སྤྲོ། །རྣམ་མང་རིན་ཆེན་ཕྲག་བརྒྱས་གཏམས་པའི་ཆུ་གཏེར་ཆེན་པོའི་རྦ་རླབས་དང་། །རྩ་བརྟན་འབྲས་སྤྱི་བུ་ཁུར་གྱིས་མངོན་མཐོ་དཔག་བསམ་དབང་པོའི་གྲགས་དཀར་གྱིས། །མཚོན་མིན་གང་གིས་རེག་པ་ཙམ་ནས་མཆོག་དང་ཐུན་མོང་དངོས་གྲུབ་ཀྱི། །འདོད་དགུ་གཅིག་ཅར་སྦྱིན་པའི་དཔལ་ཅན་བླ་མ་མཆོག་


JKT002_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཞབས་བསྙེན་ནས། །དམ་པའི་ཆོས་ཀྱི་མེ་ཏོག་གི །ཕྲེང་བས་མགུལ་པ་མཛེས་བྱས་ཚུལ། །བརྗོད་འདིས་བདག་གཞན་ཀུན་མཁྱེན་གྱི། །ཐེམ་སྐས་མཆོག་ལ་འཛེགས་པར་ཤོག ༦ །སངས་རྒྱས་གཉིས་པ་པདྨ་ཀ་རའི་རིང་ལུགས་བདུད་རྩིའི་བཅུད་ལེན་གྱིས། །གྲུབ་གཉིས་ལང་ཚོ་དར་ལ་བབས་པས་བདུད་ཚོགས་འདུལ་བའི་མཐུ་སྟོབས་དང་། །བཤད་སྒྲུབ་བསྟན་པའི་རྒྱལ་མཚན་བསྒྲེང་མཁས་ཐུགས་རྗེའི་གཏེར་ཆེན་རྗེ་བླ་མའི། །ཞབས་མཐིལ་བནྡྷ་ཛཱི་པའི་འཁྲི་ཤིང་བདག་བློའི་བུང་བས་གུས་བསྙེན་ནས། །གསང་ཆེན་གཏམ་གྱི་ལི་ཁྲིའི་རྡུལ། །ཅུང་ཟད་འཐུང་པ་ལས་བརྩམས་པའི། །བརྗོད་པ་དབྱངས་ཀྱི་ཡན་ལག་གིས། །མ་སྨད་རྒྱུད་མང་ལྟ་བུར་བསྒྲེངས། །མཁྱེན་པའི་པདྨོ་ཅིར་ཡང་དགོད་ཅིང་བརྩེ་བའི་མཚར་སྡུག་མཚུངས་པ་མེད། །ནུས་པས་བདུད་དཔུང་འདུལ་བའི་མཐུ་སྟོབས་རྡོ་རྗེའི་མེ་ཆར་རབ་གཡོ་བའི། །སྲིད་དང་ཞི་བའི་མིག་འཕྲུལ་གཅིག་པུ་སྔ་འགྱུར་བསྟན་པའི་རྒྱལ་མཚན་ཆེ། །གང་གི་ཞལ་གྱི་ཆུ་སྐྱེས་གཞོན་ནུ་འཛུམ་བཅས་རོལ་པས་རྗེས་བཟུང་ནས། །གསུང་གི་བདུད་རྩི ད་ཙམ། །ཐོབ་ཚུལ་བརྗོད་འདིའི་ལེགས་བྱས་ཀྱིས། །གྲུབ་པ་མཆོག་གི་ལམ་བཟང་ལ། །དད་པའི་དབང་པོ་རྒྱས་གྱུར་ཅིག ༧ །དཔལ་ལྡན་བརྩེ་ཆེན་སྙིང་པོའི་བསྟན་འཛིན་འཆི་བ་མེད་པའི་དགའ་ཚལ་དུ། །མཁས་པའི་


JKT002_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་དཔྱོད་ཡལ་ག་རབ་གཡོ་གྲུབ་གཉིས་བདུད་རྩིའི་བརླན་ཆགས་པས། །འདི་དང་གཏན་གྱི་ཕུན་ཚོགས་འཇོ་ལ་ལྗོན་པ་མཆོག་གི་རྗེས་འགྲོ་བའི། །བསྔགས་འོས་མཛད་བཟང་དྲན་པའི་མོད་ནས་ཐལ་མོའི་ཨུཏྤལ་ཟུམ་བྱས་ཏེ། །གང་དེའི་བཀའ་དྲིན་ཟླ་ཤེལ་གྱིས། །བརླན་ལྡན་མཱ་ལཱ་ཡ་ཡི་ཤིང་། །དད་སྤྲོའི་འབིགས་བྱེད་རླུང་གཞོན་གྱིས། །བསྐུལ་བས་གཏམ་གྱི་བསུང་ཞིམ་སྤྲོ། །རིས་མེད་བསྟན་པའི་པད་ཚལ་ཡངས་པར་བློ་གྲོས་བུང་པས་ཉུལ་བ་ལས། །ཟབ་དོན་སྦྲང་རྩིའི་བཅུད་ལེན་འཛིན་བཟོད་གསང་ཆེན་གཏམ་གྱི་གླུ་དབྱངས་ཀྱིས། །འགྲོ་མང་ཕན་བདེའི་ངལ་འཚོར་འགོད་མཁས་རྣམ་ཐར་ཕུན་སུམ་ཚོགས་པའི་དཔྱིད། །གང་གི་ཐུགས་རྗེའི་ཆར་སྤྲིན་རོལ་པས་བདག་ཡིད་ཨུཏྤལ་རྗེས་བཟུང་ནས། །ཞི་བསིལ་བདུད་རྩིའི་ཟེགས་མ་ནི། །ཅུང་ཟད་བཏུང་པའི་ངང་ཚུལ་ལས། །བརྩམས་ཏེ་ཡི་གེའི་དོ་ཤལ་གསར། །སྦྱིན་འདིས་ཀུན་ཏུ་སྨིན་གྱུར་ཅིག ༨ །ངག་གི་དབང་ཕྱུག་ཡེ་ཤེས་ཉི་མ་ཚུར་མཐོང་སྐྱེ་རྒུའི་འཆི་མེད་ལམ། །ཤར་བའི་མོད་ནས་ས་གསུམ་མུན་སེལ་བརྩེ་ཆེན་སྙིང་པོ་ཡབ་སྲས་ཀྱིས། །་ཆོས་ཀྱི་རྒྱལ་ཐབས་མཆོག་ལ་དབང་འབྱོར་རྡོ་རྗེ་འཛིན་པའི་གཙུག་རྒྱན་ཆེའི། །ཟླ་མེད་བཀའ་དྲིན་རྨད་བྱུང་དྲན་པས་གུས་པའི་མེ་ཏོག་འཐོར་དང་བཅས། །གང་དེའི་ཞལ་གྱི་བུམ་བཟང་ལས། །རྡོ་རྗེ་ནག་པོ་


JKT002_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་དང་། །ཞིང་སྐྱོང་སྟོབས་འཕྲོག་དབང་པོ་ཡི། །རྗེས་གནང་འགའ་ཞིག་ཐོབ་ཚུལ་འབྲི། །རིང་ནས་གོམས་པའི་རྣམ་ཐར་བ་དན་བརྩོན་པའི་རླུང་གིས་བསྐུལ་བའི་མཐུས། །ཟབ་གསང་སྙན་བརྒྱུད་མན་ངག་རྒྱ་མཚོ་རྣམ་དཔྱོད་རིན་ཆེན་གྲུ་བོ་ཡིས། །ཕ་མཐར་བརྒོལ་བའི་བརྟུལ་ཞུགས་གྲུབ་པས་མཆོག་ཐུན་ནོར་བུའི་དགའ་སྟོན་ལ། །དབང་བསྒྱུར་ཆོས་ཀྱི་འབྱོར་པས་མངོན་མཛེས་གང་དེའི་བཀའ་དྲིན་ལ་བརྟེན་ནས། །རྒྱལ་བསྟན་སྐྱོང་བའི་སྲུང་མ་ཆེ། །རྣམ་པ་གཉིས་ཀྱི་རྗེས་གནང་བ། །བཀྲ་ཤིས་གྲངས་ཀྱིས་འབྱོར་པའི་གཏམས། །འདིས་ཀྱང་རང་གཞན་ཉེར་འཚོར་ཤོག ༩ །བགྲང་ཡས་གྲུབ་པ་མཆོག་གི་དེད་དཔོན་ངག་དབང་འཇམ་དཔལ་གཞོན་ནུའི་གར། །ཡོངས་རྫོགས་བསྟན་པའི་མངའ་བདག་གཅིག་གྱུར་རྣལ་འབྱོར་དབང་ཕྱུག་ས་སྐྱ་པ། །སློབ་མར་བཅས་པའི་སྙན་བརྒྱུད་རིན་ཆེན་ཐོས་བསམ་སྒོམ་པའི་དཔུང་པ་ཡིས། །འཛིན་མཁས་ཁྱབ་བདག་བླ་མ་མཆོག་དེར་མི་ཕྱེད་གུས་པའི་ཐལ་མོ་སྦྱོར། །གང་དེའི་གསུང་གསང་མཱ་ལཱ་ཡར། །ལེགས་འཁྲུངས་ཟབ་དོན་དཔལ་གྱི་དུམ། །ཆ་ཤས་ཙམ་ཞིག་གདུང་སེལ་གྱི། ཉེར་འཚོར་ཐོབ་ཚུལ་འདི་ན་བརྗོད། །མཁས་དང་གྲུབ་པའི་ཡོངས་འཛིན་རྣམས་ལས་ཟབ་རྒྱས་ཆོས་ཚུལ་བདུད་རྩི་ཡིས། །བློ་གྲོས་ཞིང་ས་མཆོག་ཏུ་དགེ་བྱས་རིམ་གཉིས་ཏིང་འཛིན་དྲོད་གཤེར་གྱིས། །


JKT002_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་དང་རྟོགས་པའི་འཁྲི་ཤིང་གཡུར་ཟ་ངག་གི་དབང་ཕྱུག་ས་སྐྱ་པའི། །ངེས་གསང་སྙན་བརྒྱུད་རིན་ཆེན་འཛིན་བཟོད་སྔོན་མེད་དཔག་བསམ་ལྗོན་པ་དེར། །མཆོག་ཏུ་དྭང་བའི་བློ་གྲོས་ཀྱིས། །བསྙེན་ནས་ཆོས་ཚུལ་ཅུང་ཟད་ཙམ། །ཐོབ་པའི་རྟོགས་པ་བརྗོད་འདི་ཡིས། །གྲུབ་གཉིས་ལང་ཚོ་རྒྱས་གྱུར་ཅིག ༡༠ །ངག་གི་དབང་ཕྱུག་ཡེ་ཤེས་ཆུ་གཏེར་སྙིང་རྗེའི་བསྲུབས་ཐག་གིས་བསྐུལ་བས། །བཅས་ཀུན་དགའི་ཆ་ཤས་ཡོངས་གང་བཀྲ་ཤིས་མཚན་པའི་རི་མོ་ཅན། །ཡིད་སྲུབས་མུན་པའི་དཔུང་ཚོགས་འཇིལ་ལ་མཐུ་སྟོབས་རྨད་དུ་བྱུང་བའི་འོད། །སྤྲོ་མཁས་བསྟན་འཛིན་སྨྲ་བའི་ཟླ་བ་ཕྲིན་ལས་བཟང་པོར་གུས་བཏུད་ནས། །གང་གི་གསུང་གསང་ནཱ་དའི་སྒྲ། །ལེགས་བཤད་རྒྱུད་དུ་འཕོས་པའི་དབྱངས། །ཐོབ་འདི་སྐལ་བཟང་ཆེ་ལྡན་ཕྱིར། །དད་སྤྲོའི་ཡི་གེའི་ཕྲེང་བར་སྤེལ། །སྲིད་དང་ཞི་བའི་དཔལ་གྱིས་མངོན་མཐོ་ནོར་བུའི་ཁྲི་འཕང་མཐོན་པོ་རུ། །མཁས་ཤིང་གྲུབ་པ་ཆེན་པོའི་རིགས་འཁྲུངས་ཁྱོད་ཞབས་པདྨ་བཞད་ཙམ་གྱིས། །བདུད་ཚོགས་འདུལ་བའི་ཕྲིན་ལས་རྨད་བྱུང་ཡོངས་རྫོགས་བསྟན་འགྲོའི་སྨན་གཅིག་པུ། །དབང་ཕྱུག་བརྒྱད་ལྡན་རྣམ་འདྲེན་མཆོག་གི་ཞབས་སེན་གཙུག་ཏུ་ཐོབ་པ་ལས། །དྲི་མེད་དམ་ཆོས་བེ་ཌཱུརླའི། །ཕྲེང་བས་མགུལ་པ་མཛེས་བྱས་ཚུལ། །ཉུང་གསལ་ངག་གིས་བརྗོད་འདི་ཡིས། །


JKT002_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

ཕན་བདེའི་དཔལ་གྱིས་རོལ་པར་ཤོག ༡༡ །ངག་ལ་དབང་འབྱོར་ཆོས་ཕུང་རྒྱ་མཚོ་འཆད་རྩོད་རྩོམ་པའི་གྲགས་དཀར་གྱིས། །མཁས་ཀུན་དགའ་བའི་རྒྱལ་མཚན་གཅིག་གྱུར་རིན་ཆེན་ཚུལ་གནས་ཁྲིམས་ཀྱི་གཞིར། །གཞན་ཕན་ཨུཏྤལ་སྙེ་མ་གཡུར་ཟ་དབང་ཕྱུག་བརྒྱད་ཀྱི་ཟིལ་དངར་ཅན། །འགྲོ་འདུལ་ཕྲིན་ལས་བཟང་པོའི་མཆོག་སྦྱིན་དཔལ་ལྡན་བླ་མར་གུས་བཏུད་ནས། །དྭང་བའི་ཡིད་ཀྱི་ཆུ་གཏེར་ལ། །# གང་གི་བཀའ་དྲིན་ཟླ་ཟེར་གྱིས། །རེག་པས་དད་སྤྲོའི་རྦ་རླབས་བཅས། །གཏམ་གྱི་བདུད་རྩི་ཅུང་ཟད་སྤྲོ། །གང་གི་རྣམ་ཐར་དཔག་པར་དཀའ་བ་བྱིས་པའི་ངག་གིས་བརྗོད་མི་བཟོད། །ཆ་ཤས་ཙམ་ཞིག་རྣ་བར་ལྷུང་ཀྱང་དད་སྤྲོའི་དབང་པོ་རྒྱས་གྱུར་པའི། །ཡོན་ཏན་མཚུངས་མེད་གྲགས་དཀར་ཡི་གེས་ལྷར་བཅས་ཀུན་དགའི་དཔལ་སྟེར་བ། །གསང་ཆེན་བསྟན་པའི་རྒྱལ་མཚན་གཅིག་པུའི་ཞབས་སེན་སྤྱི་བོར་ལེགས་བསྙེན་ནས། །དམ་པའི་ཆོས་ཀྱི་བཀའ་དྲིན་མཆོག །ཅུང་ཟད་ཐོབ་ཚུལ་བརྗོད་འདི་ཡི། །རྣམ་དཀར་འབིགས་བྱེད་རླུང་གཞོན་གྱིས། །སྒྲིབ་གཉིས་ཚ་གདུང་བཅིལ་གྱུར་ཅིག ༡༢ །ངག་གི་དབང་ཕྱུག་རིགས་ཀྱི་ཐིག་ལེར་མཚན་དཔེའི་ངོ་མཚར་སྣང་བའི་མོད། །ཀུན་དགའི་དགེ་མཚན་རྣམ་པ་མང་ལྡན་སྲིད་ཞིའི་ཕ་མཐར་སོང་བའི་གཏམ། །རིན་ཆེན་འབྱུང་གནས་གཏིང་མཐའ་ལས་བརྒལ་གྲུབ་གཉིས་


JKT002_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་གྱིས་མངོན་མཐོ་བའི། །ཞབས་མཐིལ་བཀྲ་ཤིས་འཁོར་ལོའི་རི་མོར་གུས་པའི་ཕྱག་གིས་མཆོད་བྱས་ནས། །གང་དེའི་ཞལ་གྱི་པདྨོ་ལས། །ལེགས་གསུངས་སྦྲང་རྩིའི་དོ་ཤལ་གྱིས། །སྐལ་བཟང་བྱས་པའི་གཏམ་གྱི་སྒོ། །དད་སྤྲོའི་བུང་བས་དབྱངས་སུ་ལེན། །གསང་སྔགས་རྒྱ་མཚོའི་གན་མཛོད་འཆང་བ་རྡོ་རྗེ་འཛིན་པའི་ཡེ་ཤེས་ཀྱི། །སྒྱུ་འཕྲུལ་དྲྭ་བའི་རོལ་རྩེད་གཅིག་པས་ལྷར་བཅས་ཀུན་དགའི་མཆོག་སྦྱིན་ཕྱིར། །སྔོན་མེད་གྲུབ་པའི་རིན་ཆེན་ཉིད་ཅེས་ཕྱོགས་ཀྱི་བུ་མོའི་རྣ་ལུང་དུ། །བརྗོད་པ་སྙན་པའི་ཡི་གེས་མཛེས་བྱས་དཔལ་ལྡན་བླ་མའི་ཞབས་བསྙེན་ནས། །ཉིན་མོར་བྱེད་པའི་ཐིག་ཕྲེང་ནི། །པུཎྜ་རཱི་ཀས་བཏུང་པ་བཞིན། །ཞི་བསིལ་བདུད་རྩི་ཐོབ་པའི་ཚུལ། །བརྗོད་འདིས་དོན་གཉིས་འཇོ་བར་ཤོག ༡༣ །ངག་གི་དབང་ཕྱུག་རིགས་ཀུན་བདག་པོའི་ཡེ་ཤེས་སྐུ་ཡི་རོལ་རྩེད་ནི། །རྡོ་རྗེ་གསུམ་གྱི་སྣང་ཆར་ཤར་ལས་ཕན་བདེའི་འདོད་པ་འཇོ་བའི་ཚུལ། །རིན་ཆེན་བྱེ་བ་ཕྲག་བརྒྱས་མངོན་གཏམས་ཆུ་གཏེར་ཆེན་པོས་མཚོན་མིན་པའི། །རྣམ་འདྲེན་བླ་མའི་ཞབས་ཀྱི་པདྨོས་ཤིས་པའི་དགེ་མཚན་སྦྱིན་གྱུར་ཅིག །གང་གསུང་དཔྱིད་ཀས་བཟུང་བ་ལས། །དད་སྤྲོའི་མེ་ཏོག་འཛུམ་དང་བཅས། །དེ་ཚུལ་བརྗོད་པའི་ཏམྦུ་རཿ བློ་གྲོས་སོར་རྩེས་བསྒྲེང་བར་བྱ། །ངག་ལ་དབང་འབྱོར་རྣམ་པར་ཐར་པས་གསུང་གི་རྡོ་


JKT002_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

རྗེར་རྣམ་བརྟགས་ཤིང་། །རིན་ཆེན་བྱང་ཆུབ་སེམས་ལ་དབང་འབྱོར་ཕྱག་ན་པདྨོའི་སྤུན་ཟླ་ཅན། །ཐུགས་རྗེས་ཡིད་སྲུབས་དཔུང་ཚོགས་འཆིབ་མཛད་གསང་བ་འཛིན་པའི་བདག་པོ་ཞེས། །སྲས་བཅས་རྒྱལ་བས་རྟག་ཏུ་བསྔགས་དེའི་ཞབས་སེན་ནོར་བུའི་རེག་པ་ལས། །སྲིད་ཞིའི་ཕུན་ཚོགས་ཀུན་འཇོ་བའི། །རྨད་བྱུང་དམ་ཆོས་དགའ་སྟོན་མཆོག །ཐོབ་ཚུལ་ཇི་བཞིན་བརྗོད་པའི་དགེས། །ཕན་བདེའི་འབྱོར་པ་རྒྱས་གྱུར་ཅིག ༡༤ །རྒྱལ་བ་ཀུན་གྱི་མཁྱེན་རབ་ཕུང་པོ་ངག་དབང་ལྷ་ཡི་ཡེ་ཤེས་གར། །མཐའ་ཀླས་སྐལ་བཟང་གདུལ་བྱའི་ཚོགས་ལ་ཐེག་ཆེན་ཆོས་ཀྱི་དགའ་སྟོན་གྱིས། །སྲིད་དང་ཞི་བའི་བཀྲ་ཤིས་དགེ་མཚན་ཅིར་ཡང་སྦྱིན་པའི་དཔལ་མངའ་བ། །སྐྱབས་གནས་རིན་ཆེན་ཀུན་གྱི་ངོ་བོ་ཁྱབ་བདག་བླ་མས་ཤིས་པར་མཛོད། །གང་དེའི་གསུང་གསང་འབིགས་བྱེད་ཀྱི། །རླུང་གཞོན་དལ་བུར་རྒྱུ་བ་ཡིས། །སྲིད་པའི་རིམས་ནད་འཇིལ་མཛད་ཕྱིར། །དེ་ཚུལ་ཡི་གེའི་ཕྲེང་བ་སྤེལ། །ངག་གི་དབང་ཕྱུག་ཡེ་ཤེས་མཆོག་ནི་པདྨོ་ལྟ་བུར་དགོད་པ་ལས། །ཐེག་ཆེན་རིགས་ཀྱི་ལང་ཚོ་དར་བབས་མཚན་དཔེའི་དགེ་མཚན་བཀྲ་བའི་དཔྱིད། །ཕུན་ཚོགས་ཤིས་དགུའི་དངོས་པོ་བཏུད་བྱས་འཛམ་གླིང་བསྟན་འགྲོའི་རིན་ཆེན་མཆོག །གང་དེའི་ཞབས་མཐིལ་འཁོར་ལོའི་རི་མོ་གུས་པའི་ཕྱག་གིས་མཆོད་བྱས་ནས། །ཟབ་གསང་གདམས་པའི་བཀའ་དྲིན་གྱིས། །


JKT002_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་སུ་བཟུང་ཚུལ་བརྗོད་འདི་ཡིས། །སྐྱེ་ཀུན་དྲི་མེད་བསྟན་པ་ལ། །དད་གསུམ་བློ་གྲོས་རྒྱས་པར་ཤོག ༡༥ །མཐའ་ཀླས་ཡོན་ཏན་ཀུན་གྱི་དཔལ་གྱུར་ཚུལ་ཁྲིམས་དག་པའི་དཔག་བསམ་ནི། །གཞན་ཕྱིར་སྨོན་འཇུག་བྱང་སེམས་བརླན་ལྡན་མེ་ཏོག་དཀར་པོའི་དོ་ཤལ་ཅན། །རིམ་གཉིས་བཅུད་ལེན་གྲུབ་པའི་འཕྲིན་ཡིག་གཟུར་གནས་ཕྱོགས་ཀྱི་བུ་མོ་ཡི། །བརྗོད་པ་སྙན་པའི་ངག་ལས་ལེགས་འོངས་འདི་ན་དད་པའི་མིག་ངོར་སྣང་། །གང་དེའི་མཁྱེན་དང་བརྩེ་བ་ཡི། །ཛམྦུའི་སྙེ་མ་སྨིན་པ་ལས། །ལེགས་གསུངས་རིན་ཆེན་མཆོག་གི་དཔྱིད། ཅུང་ཟད་ཐོབ་ཚུལ་ཡི་གེར་འབྲི། །རྣམ་གྲོལ་བསླབ་གསུམ་ནོར་བུའི་དཔལ་ལྡན་མཁས་པའི་ངང་པ་འདུ་པའི་གཞི། །གྲུབ་གཉིས་གདེངས་ཅན་དུ་མས་མངོན་རྩེན་ཆུ་གཏེར་ཆེན་པོའི་ངང་ཚུལ་ཅན། །གཞན་ཕན་རྣམ་པར་དཀར་བའི་ཕྲིན་ལས་རྦ་རླབས་ཆལ་ཆིལ་དགོད་པ་ཡིས། །སྐལ་བཟང་དོན་གཉེར་ཚོགས་རྣམས་དགའ་བསྐྱེད་གང་དེ་ཉེ་བར་བསྙེན་བྱས་ནས། །གསང་ཆེན་སྨིན་པར་བྱེད་པའི་རྒྱུན། །རིག་བྱེད་གྲངས་ཀྱིས་སྒེག་པའི་གཏམ། །གཟུར་གནས་རྣ་བའི་བཅུད་ལེན་དུ། །སྨོས་འདིས་ཀུན་ཏུ་སྨན་གྱུར་ཅིག ༡༦ །རྣམ་མང་དགེ་མཚན་བྱེ་བ་ཕྲག་བརྒྱའི་ནོར་བུའི་རྦ་རླབས་རབ་གཡོ་བས། །སྐལ་བཟང་དོན་གཉེར་ཚོགས་རྣམས་འདུན་པའི་རྣམ་ཐར་རྨད་དུ་བྱུང་བའི་ཕྱིར། །


JKT002_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

སྨིན་གྲོལ་ཆོས་ཀྱི་རྒྱ་མཚོ་གཅིག་གྱུར་གང་དེར་དང་བའི་ཐལ་མོ་ཡིས། །བསྔགས་བརྗོད་མེ་ཏོག་དཀར་པོའི་གྲུ་ཆར་ཅུང་ཟད་འཐོར་བས་བསྙེན་བཀུར་ནས། །ཐུགས་བརྩེའི་ཡལ་ག་ཕྱོགས་འདི་རུ། །བསྐྱངས་པའི་ལེགས་བྱས་ཁོ་ན་ལས། །དམ་ཆོས་འབྲས་བཟང་རོ་བརྒྱ་པ། །ཐོབ་ཚུལ་གཏམ་གྱི་ཕྲེང་བར་སྤེལ། །མཁས་གྲུབ་རྒྱ་མཚོའི་བླ་མར་བསྔགས་འོས་བརྩེ་ཆེན་སྙིང་པོ་བརྒྱུད་བཅས་ཀྱི། །བཤད་སྒྲུབ་དམ་#པའི་གྲིབ་བསིལ་སྣུམ་པོས་རིས་མེད་གདུལ་བྱ་དབུགས་འབྱིན་ཞིང་། །རྣམ་དཀར་དགེ་བའི་མེ་ཏོག་རབ་བཀྲ་སྐལ་བཟང་དོན་གཉེར་འདུན་པའི་གཞི། །དཔྱོད་ལྡན་རྒྱ་མཚོས་བསྔགས་འོས་གཅིག་གྱུར་ཡོངས་འཛིན་ལེགས་བྲིས་ལྗོན་པ་ཆེ། །གང་དེའི་ཐུགས་བརྩེས་སྐྱོང་བ་ལས། །དམ་ཆོས་ཐོབ་ཚུལ་ཏམྦུ་རཿ བློ་གྲོས་སོར་རྩེས་བསྒྲེང་པའི་མཐུས། །སྲིད་ཞིའི་ཕ་མཐར་སོན་པར་ཤོག ༡༧ །བགྲང་ཡས་བསྟན་སྲུང་རྒྱ་མཚོའི་དེད་དཔོན་ཞིང་སྐྱོང་སྟོབས་འཕྲོག་དབང་པོ་ཡི། །ཟབ་རྒྱས་གདམས་པའི་དགའ་སྟོན་སྩོལ་མཁས་རྡོ་རྗེ་འཛིན་པའི་གཙུག་རྒྱན་ཆེ། །ངག་ལ་དབང་འབྱོར་སྨིན་གྲོལ་རྒྱ་མཚོས་རིས་མེད་གདུལ་བྱའི་ཚོགས་རྣམས་ཀུན། །ཐར་པ་མཆོག་གི་ངལ་འཚོ་ལ་སྦྱར་རྣམ་འདྲེན་རྗེ་དེར་གུས་བཏུད་ནས། །གང་གི་བཀའ་དྲིན་དཔག་བསམ་ལས། །ཟབ་གསང་ཟིལ་དངར་ཐོབ་པའི་ཚུལ། །གསལ་བར་བརྗོད་པའི་ཏམྦུ་


JKT002_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

རཿ མིང་ཚིག་ཡི་གེའི་གཟུགས་ཀྱིས་རྒྱུ། །ངག་གི་དབང་ཕྱུག་སྨྲ་བའི་ཉི་མས་བློ་གྲོས་པད་དཀར་དགེ་བྱས་པས། །གསར་རྙིང་སྨིན་གྲོལ་གདམས་པའི་བདུད་རྩིའི་གཟུར་གནས་བུང་པའི་ཚོགས་རྣམས་ལ། །ཀུན་ཏུ་དགའ་བའི་སིམ་པ་སྟེར་མཁས་གྲགས་དཀར་རྒྱ་མཚོའི་རྦ་རླབས་ཅན། །སྔོན་མེད་ལེགས་བྲིས་ལྗོན་བཟང་མཆོག་དེར་སྒོ་གསུམ་གུས་པས་བསྙེན་བྱས་ནས། །ཞིང་སྐྱོང་དབང་པོ་ཞལ་བཞི་པའི། །ཟབ་རྒྱས་གདམས་པ་ཐོབ་པའི་ཚུལ། །བརྗོད་འདིས་ཡིད་སྲུབས་སྡེར་བཅས་ཀྱི། །སྙིང་གི་བརྟན་པ་འཕྲོག་པར་ཤོག ༡༨ །རྩོད་པའི་དུས་ཀྱི་ཐམས་ཅད་མཁྱེན་པ་རིན་ཆེན་གྲུབ་ཅེས་གྲགས་འབར་བའི། །ཆོས་ཀྱི་རྒྱལ་ཐབས་མཆོག་ལ་དབང་བསྒྱུར་འཆད་རྩོད་རྩོམ་པའི་འཛུམ་དཀར་གྱིས། །རིས་མེད་གཟུར་གནས་བློ་གསལ་རྒྱ་མཚོ་ཀུན་དགའི་སིམ་པ་སྟེར་མཁས་ཤིང་། །ཡོངས་རྫོགས་བསྟན་པའི་པད་ཚལ་སྐྱོང་མཛད་སྨྲ་བའི་ཉི་མ་མཆོག་དེར་འདུད། །གང་གི་ཐུགས་རྗེའི་སྤྲིན་དཀར་གྱི། །གོམ་སྟབས་མཛེས་པར་བསྒྱུར་བ་ལས། །དམ་ཆོས་སྦྲང་རྩིའི་གྲུ་ཆར་གྱིས། །དད་སྤྲོའི་ཨུཏྤལ་ཅིར་ཡང་དར། །རིན་ཆེན་ཚུལ་གནས་ཁྲིམས་ཀྱི་རྩ་བརྟན་མང་ཐོས་ཡལ་འདབ་རབ་གཡོ་ཞིང་། །བློ་གསལ་རྒྱ་མཚོའི་བརྟན་པ་འཕྲོག་མཁས་བསམ་བྱུང་པད་དཀར་ཅིར་ཡང་འཛུམ། །རྩེ་གཅིག་བསྒོམ་པའི་འབྲས་བུས་རབ་


JKT002_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

མཛེས་ཡོངས་རྫོགས་བསྟན་པའི་བཤད་སྒྲུབ་ཀྱི། །འཆི་མེད་གཞོན་ནུའི་ཚོགས་རྣམས་སྐྱོང་མཛད་དཔལ་ལྡན་རྡོ་རྗེ་འཛིན་དབང་དེའི། །ཞབས་ཀྱི་ཨུཏྤལ་དང་འགྲོགས་པས། །ཞི་བསིལ་སྦྲང་རྩི་ཐོབ་པའི་ཚུལ། །བརྗོད་འདིས་དོན་གཉེར་བླ་མ་རའི། །སྙིང་ལ་ངལ་འཚོ་སྦྱིན་གྱུར་ཅིག ༡༩ །རིགས་ཅན་གསུམ་གྱི་མོས་པའི་རྗེས་འགྲོ་མདོ་སྔགས་ཆོས་ཚུལ་རྒྱ་མཚོའི་བཅུད། །ཆེས་དཀོན་མཆོག་གི་རིན་ཆེན་སྩལ་ལ་གདེངས་ཅན་དབང་པོའི་སྤུན་ཟླ་ཡིས། །ཡོངས་རྫོགས་བསྟན་པའི་རྫོགས་ལྡན་གསར་པ་རབ་ཏུ་རྒྱས་མཛད་དེ་ཡི་ཚེ། །མཁས་དང་གྲུབ་པའི་གཙུག་ཏོར་རྩེར་འཛེགས་དཔལ་ལྡན་བླ་མས་ཤིས་པར་མཛོད། །གང་དེའི་ཞལ་གྱི་སྤྲིན་མཛེས་ལས། །དམ་ཆོས་བདུད་རྩིའི་གྲུ་ཆར་གྱིས། །བདག་བློའི་པདྨོར་བྲན་པའི་ཚུལ། །ཅུང་ཟད་གསལ་བར་བརྗོད་འདིའོ། །སྐྱབས་གནས་རྨད་བྱུང་དཀོན་མཆོག་རྒྱ་མཚོའི་ཡེ་ཤེས་སྒྱུ་མའི་རོལ་རྩེད་ནི། །ཚུར་མཐོང་བསྟན་དང་འགྲོ་ལ་སྨན་སླད་རྡོ་རྗེ་སློབ་དཔོན་མཆོག་གི་ཟོལ། །མཁས་དང་གྲུབ་པའི་རྣམ་ཐར་རབ་གསལ་ཡི་གེས་ཉིན་མོར་བྱེད་པའི་གཟིས། །དགེ་ལེགས་རྟག་པའི་པདྨོ་རྒྱས་མཛད་གང་དེས་ཉེ་བར་རྗེས་བཟུང་ནས། །མདོ་སྔགས་ཆོས་ཚུལ་རྣམ་མང་གིས། །སྐལ་བཟང་བྱས་ཚུལ་བརྗོད་པའི་དགེས། །སྐྱེ་བ་ཀུན་ཏུ་རིས་མེད་པའི། །བསྟན་ལ་བྱ་བ་བྱེད་པར་ཤོག ༢༠ །ཤིན་ཏུ་ཞི་བ་དམ་པའི་


JKT002_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་གཏེར་སྤྲོས་པའི་ཕ་རོལ་ལས་བརྒལ་བར། །འཇུག་དང་ལྡང་བའི་མཚན་རྟོག་བྲལ་ཡང་རྣམ་ཀུན་མཆོག་ལྡན་ཡེ་ཤེས་ནི། །ཚད་མེད་སྙིང་རྗེའི་སྒྱུ་ཐབས་དང་འགྲོགས་སྲིད་པའི་ཁམས་འདིར་སྣང་བའི་མོད། །འགྲོ་ཀུན་ཕན་བདེའི་ངལ་འཚོ་ལ་སྦྱར་ཡོངས་འཛིན་ཚོགས་ལ་གུས་བཏུད་ནས། །དམིགས་པ་མེད་པའི་ཐུགས་རྗེ་དང་། །མཁྱེན་རབ་ཕ་མཐའ་ཡས་པ་ཡི། །དཔལ་ལྡན་བླ་མའི་ཚོགས་རྣམས་ཀྱིས། །རྗེས་སུ་བཟུང་ཚུལ་གསལ་བར་བརྗོད། །ཐུགས་ཀྱི་གསང་བ་རྣམ་པ་ཀུན་ལྡན་བདེར་གཤེགས་རྣམས་དང་རོ་གཅིག་ཀྱང་། །ཚུར་མཐོང་འགྲོ་བའི་སྙིང་རྗེས་བསྒྲལ་སླད་སུམ་ལྡན་རྡོ་རྗེ་འཛིན་པའི་ཟོལ། །དཔལ་ལྡན་བླ་མ་མཆོག་རྣམས་ཞབས་སེན་ཕན་བདེའི་དངོས་པོ་ཀུན་སྟེར་པའི། །ངོ་མཚར་ཨུཏྤལ་འདབ་བརྒྱ་གཡོ་བ་སྤྱི་བོའི་རྒྱན་དུ་ལེགས་བསྙེན་ནས། །དམ་པ་ཆོས་ཀྱི་དགའ་སྟོན་དཔྱིད། །ཐོབ་ཚུལ་གསལ་བར་བརྗོད་འདི་ཡིས། །སྲིད་དང་ཞི་བའི་དགེ་མཚན་གྱིས། །བཀྲ་ཤིས་སྣང་བ་འབར་གྱུར་ཅིག ༢༡།


previousརྡོ་རྗེའི་གནས་ཆེན་སེར་བ་བྱང་ཆུབ་ཤིང་གི་དགའ་ཚལ་ལ་བསྔགས་པའི་གཏམ་དྲང་སྲོང་གྲུབ་པའི་རྒྱན། next