Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
འཕགས་པ་གནས་བརྟན་བཅུ་དྲུག་གི་རྟོགས་པ་བརྗོད་པའི་གཏམ་ཉུང་ངུར་བསྡུས་པ་བློ་གསལ་རྣ་བའི་རྒྱན།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའཕགས་པ་གནས་བརྟན་བཅུ་དྲུག་གི་རྟོགས་པ་བརྗོད་པའི་གཏམ་ཉུང་ངུར་བསྡུས་པ་བློ་གསལ་རྣ་བའི་རྒྱན།next

འཕགས་པ་གནས་བརྟན་བཅུ་དྲུག་གི་རྟོགས་པ་བརྗོད་པའི་གཏམ་ཉུང་ངུར་བསྡུས་པ་བློ་གསལ་རྣ་བའི་རྒྱན།


JKT002_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

༈ འཕགས་པ་གནས་བརྟན་བཅུ་དྲུག་གི་རྟོགས་པ་བརྗོད་པའི་གཏམ་ཉུང་ངུར་བསྡུས་པ་བློ་གསལ་རྣ་བའི་རྒྱན་ཅེས་བྱ་བ་བཞུགས་སོ། །ཨོཾ་སྭ་སྟི་སིདྡྷཾ། གང་གི་ཐུགས་རྗེའི་དཔྱིད་དཔལ་ཁོ་ན་ཡིས། །བཟུང་བས་རྒྱལ་བསྟན་པུཎྜ་རཱི་ཀའི་ཚལ། །བཤད་སྒྲུབ་འཛུམ་དཀར་གཡོ་བའི་གཉེན་གཅིག་པུ། །འཕགས་མཆོག་གནས་བརྟན་


JKT002_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ཀྱིས་ཤིས་པར་མཛོད། །ཅེས་དགེ་ལེགས་སུ་བྱ་བའི་ཚིག་གི་མེ་ཏོག་སྔོན་དུ་གཏོར་ནས། འདིར་འཕགས་པ་གནས་བརྟན་ཆེན་པོ་བཅུ་དྲུག་གི་རྟོགས་པ་བརྗོད་པ་ལས་བརྩམས་བའི་གཏམ་ཅུང་ཟད་དབྱེ་ན། དང་པོ་གནས་བརྟན་ཆེན་པོ་ཡན་ལག་འབྱུང་ནི། རྒྱལ་པོའི་ཁབ་ན་ཁྱིམ་བདག་ཤིན་ཏུ་བཟང་པོ་དང་། ཆུང་མ་བདེ་ལྡན་མའི་སྲས་སུ་འཁྲུངས། དེ་ཡང་ཁྱིམ་བདག་དེས་ཆུང་མ་སྦྲུམ་མར་གྱུར་པ་ན། །# ་བཅོམ་ལྡན་འདས་ལ་ཞུས་པས། བུ་བཙའ་བར་ལུང་བསྟན་པ་གཅེར་བུ་པ་བྷ་ཏི་ཀས་ཐོས་ཏེ། ཕྲག་དོག་གིས་དབྱེན་བཅོས་ནས་བཀུ་མཉེ་རུ་བཅུག་པས་ཆུང་མ་ཤི། རོ་བསིལ་བ་ཚལ་གྱི་དུར་ཁྲོད་དུ་བསྐྱལ་ཟློ བས། མུ་སྟེགས་རྣམས་ཀྱིས་བཅོམ་ལྡན་འདས་ཀྱི་ལུང་བསྟན་ཐོག་ཏུ་མ་བབས་སོ། །ཞེས་དྲིལ་བསྒྲགས་པ་ན། སྟོན་པས་བདེན་པའི་མཐུས་བྱིན་གྱིས་བརླབས་པས། ཆུང་མའི་རོ་བསྲེགས་པའི་ལྟོ་བ་ལས་ཁྱེའུ་ཅི་ཡང་མ་ཉེས་པར་བྱུང་བས་མེ་སྐྱེས་དང་། ཡན་ལག་འབྱུང་དང་། དབང་པོ་རྣོ་བས་ཟུར་གྱིས་ཤེས་ཞེས་ཀྱང་གྲགས། དེ་ནས་བསྐྱེད་བསྲིངས་པ་ན་ཁྱིམ་བདག་ཏུ་གྱུར་ཏེ་སྔོན་གྱི་བསོད་ནམས་ཀྱི་དབང་གིས་འབྱོར་པ་ཤིན་ཏུ་ཆེ་བ་ཐོབ་ཅིང་། བདེན་པ་ཡང་མཐོང་། མཐར་གྱིས་སྟོན་པ་ལས་རབ་ཏུ་བྱུང་ནས་དགྲ་བཅོམ་བརྙེས། རི་བོ་སྤོས་ངད་ལྡང་བར། མཉམ་པར་འཇོག་པའི་ཕྱིར་བྱོན་པ་ན། ལྷ་དང་ལྷ་


JKT002_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

མིན་གནོད་སྦྱིན་ཆེན་པོ་དཔག་ཏུ་མེད་པ་ཐར་པར་བཀོད་པས། ལྷ་རྣམས་ཀྱིས་བསིལ་ཡབ་དང་། ལྷ་མིན་རྣམས་ཀྱིས་སྤོས་དྲི་ཞིམ་པོ་སྣོད་དང་བཅས་པ་དབུལ་ཏེ། འཕགས་པའི་སྤོས་ཕོར་དེ་གང་གིས་མཐོང་རེག་དྲི་ཚོར་བ་ཐམས་ཅད་ཚུལ་ཁྲིམས་ཀྱི་དྲི་བསུང་གིས་ཕྱོགས་བཅུར་ཁྱབ་པ་དང་། ཀུན་གྱིས་ཡིད་དུ་འོང་བ་དང་། ནད་དང་སྡུག་བསྔལ་ཞི་བ་དང་། རྔ་ཡབ་ལས་མཆོད་སྤྲིན་སྣ་ཚོགས་འཐོན་ནས་སངས་རྒྱས་སྲས་བཅས་མཆོད་པར་འགྱུར་བ་དང་། སེམས་ཅན་གང་ལ་གཡབ་པ་དེའི་ཉོན་མོངས་ས་བོན་དང་བཅས་པ་ཞི་ཞིང་། ནད་དང་སྡུག་བསྔལ་ཐམས་ཅད་ལས་ཐར་བར་འགྱུར་པའི་ཡོན་ཏན་དང་ལྡན་པའོ། །གཉིས་པ་གནས་བརྟན་མ་ཕམ་པ་ནི། མཉན་ཡོད་དུ་ཁྱིམ་བདག་གི་བུར་འཁྲུངས། སྟོན་པ་ལ་དད་པས་རབ་ཏུ་བྱུང་། དགྲ་བཅོམ་པ་ཐོབ་བོ། །འདིའི་མཉམ་གཞག་གི་ཕྱག་རྒྱ་མཛད་པ་དེ། གདུལ་བྱ་གང་གིས་མཐོང་རེག་དྲན་པར་བྱེད་ན། དེའི་ཚུལ་ཁྲིམས་ཀྱི་ཕུང་པོ་དག་ཅིང་འཕེལ་བ་དང་། དཔལ་ཆེན་པོ་ཐོབ་པ་དང་། སྙན་གྲགས་ཕྱོགས་བཅུར་ཁྱབ་པ་དང་། ཏིང་ངེ་འཛིན་བརྒྱ་སྟོང་གྲངས་མེད་པ་འཐོབ་པར་འགྱུར་རོ། །གསུམ་པ་གནས་བརྟན་ནགས་ན་གནས་ནི། མཉན་ཡོད་སེང་ལྡེང་གི་ནགས་ཁྲོད་དུ་དཀའ་ཐུབ་ལ་གནས་པས། དྲང་སྲོང་སེང་ལྡེང་ནགས་པའམ། ནགས་ན་གནས་སུ་གྲགས།


JKT002_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་པ་ལ་དད་དེ་རབ་ཏུ་བྱུང་། ཀོ་སཱ་ལའི་ལྗོངས་ལོ་མ་བདུན་པའི་རི་ཕུག་ཏུ་རྩེ་གཅིག་བསྒོམས་པས་དགྲ་བཅོམ་ཐོབ། འདིའི་ཕྱག་གཡས་ཞི་བའི་སྡིགས་མཛུབ་གང་ལ་གཏད་པ་དེར་འབྱུང་བཞིའི་གནོད་པ་ཞི། འདྲེ་སྲིན་ལྷ་ཀླུ་གཏུམ་པོ་རྣམས་ཀྱི་གདུག་པ་ཞི་ཞིང་བཀའ་ཉན། རྔ་ཡབ་ཀྱིས་གདུལ་བྱ་གང་ལ་གཡབ་པས་བསིལ་བ་ཕོག་པ་དང་། ཡིད་ལ་དྲན་པ་ཙམ་གྱིས་སྡིག་པ་འདག་པ་དང་། བདག་མེད་གཉིས་དང་། བདེན་པ་གཉིས་རྟོགས་པར་འགྱུར་རོ། །བཞི་པ་གནས་བརྟན་དུས་ལྡན་ནི། མཉན་ཡོད་དུ་འཁྲུངས། བཅོམ་ལྡན་འདས་ཀྱི་དྲུང་དུ་ཚུར་ཤོག་གིས་བསྙེན་པར་རྫོགས་ནས་དགྲ་བཅོམ་ཐོབ། གནས་མལ་དུར་ཁྲོད། ཆོས་གོས་རོ་རས། ལྷུང་བཟེད་གྱོ་མོ། བསོད་སྙོམས་རོའི་མཚུན་ཟས་ལ་སྤྱོད་པས་ཀཱ་ལི་ཀ་སྟེ་དུས་ལྡན་ཞེས་སམ། འཕགས་པ་ནག་པོ་ཞེས་ཡོངས་སུ་གྲགས། འདོད་ཁམས་ཀྱི་གནས་སུ་བྱོན་ཏེ་ལྷའི་བུ་དང་། བུ་མོ་དཔག་ཏུ་མེད་པ་ཐར་ལམ་ལ་བཀོད། དེ་དག་གིས་རིན་པོ་ཆེའི་རྒྱན་མང་དུ་ཕུལ་བ་གསེར་གྱི་རྣ་ཀོར་གཅིག་ཏུ་བྱིན་གྱིས་བརླབས་ཏེ་བསྣམས་པར་མཛད། དེས་གང་ལ་རེག་པའམ། མཐོང་བའམ། དྲན་པས་ཀྱང་རྒྱལ་བ་སྲས་བཅས་ཀྱི་སྤངས་རྟོགས་རྫོགས་པ་དང་། ས་བཅུ་ཐོབ་པ་དང་། ཕྱིར་མི་ལྡོག་པ་དང་། ཞི་ལྷག་ཟུང་འབྲེལ་གྱི་ཤེས་རབ་ལྡན་པ་དང་། འཁོར་མང་དུ་འདུ་བར་འགྱུར་


JKT002_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །ལྔ་པ་གནས་བརྟན་རྡོ་རྗེ་མོའི་བུ་ས་ར་ཎར་གྲགས་པ་ནི། ཀོ་ཤམྦྷིར། བཏྲའི་རྒྱལ་པོ་འཆར་བྱེད་དང་། བཙུན་མོ་རྡོ་རྗེ་མོའི་སྲས་སུ་འཁྲུངས། ཕ་ཆོས་མིན་གྱི་ལས་ལ་གཞོལ་བས་ཡིད་བྱུང་སྟེ་འཕགས་པ་ཀ་ཏྱཱ་ཡ་ནར་རབ་ཏུ་བྱུང་། འཕགས་པས་ཁྲིད་དེ་ཐབས་ལ་མཁས་པའི་སྒོ་ནས་གདམས་ངག་བསྟན་པས་དགྲ་བཅོམ། ཕྱིས་བཅོམ་ལྡན་འདས་ཀྱི་དྲུང་དུ་ཕྱིན་པས། ཡང་དག་པར་བསྔགས་པའང་ཐོབ། འདིའི་གཡས་སྡིགས་མཛུབ་གང་ལ་གཏད་པ་དེ་ལ། མཐོང་རེག་དྲན་པས་ཀྱང་དེ་དག་གི་མ་དད་པའི་ཕྱིར་རྒོལ་བཟློག་ནས། བླ་ན་མེད་པའི་བྱང་ཆུབ་ཏུ་ངེས་པར་བྱེད་ནུས་ཤིང་། དྲི་ཟའི་ཡུལ་དུ་བསོད་སྙོམས་ལ་བྱོན་ནས་དཔག་ཏུ་མེད་པ་ཐར་ལམ་ལ་བཀོད། དེ་དག་གིས་སྨན་དྲི་ཞིམ་པོ་དུ་མས་བསྒོས་པའི་རྔ་ཡབ་ཕུལ་བ་བཞེས་ཏེ་ཕྱག་གཡོན་དུ་བསྣམས་པ་ཉིད། གདུལ་བྱ་གང་གིས་མཐོང་རེག་དྲན་པས། ཡེ་ཤེས་དང་། དབང་ཕྱུག་དང་། མཚན་དཔེ་ཕུན་སུམ་ཚོགས་པ་ཐོབ། ལུས་ལས་འོད་ཟེར་མཐའ་ཀླས་པ་བཀྱེ་སྟེ། དེས་རེག་པ་ཐམས་ཅད་བྱང་ཆུབ་ལ་འགོད་ནུས་པའི་ཡོན་ཏན་དང་ལྡན་པར་གྱུར་ཏོ། །དྲུག་པ་གནས་བརྟན་བཟང་པོ་ནི། སྟོན་པ་སངས་རྒྱས་ནས་ལོ་དྲུག་ཡབ་སྲས་མཇལ་པའི་ཚེ། རྒྱལ་པོ་ཟས་གཙང་གི་ཁ་ལོ་པ་རབ་དབང་གིས་བདག་ལ་བུ་ཞིག་བྱུང་ན་བཅོམ་ལྡན་འདས་ལ་འབུལ་


JKT002_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

ལོ། །ཞེས་དམ་བཅས། ཕྱིས་དེ་ལ་བུ་ཞིག་བཙས་པར་མིང་བཟང་པོར་བཏགས། བསྐྱེད་བསྲིངས་ནས་སེར་སྐྱའི་གཞིར་སྟོན་པ་བྱོན་པའི་ཚེ། ཆེད་དུ་བསྐུལ་ནས་རབ་ཏུ་བྱུང་། དགྲ་བཅོམ་མོ། །འདིའི་ཕྱག་གཡས་ཆོས་འཆད་ཀྱི་རྒྱ་གདུལ་བྱ་གང་གིས་མཐོང་རེག་དྲན་པས། ཐེག་པ་ཆེ་ཆུང་ཐམས་ཅད་ཀྱི་ཚིག་དོན་ཁོང་དུ་ཆུད། བསམ་པ་ཡིད་བཞིན་འགྲུབ། སྟོང་ཉིད་སྙིང་རྗེ་དབྱེར་མེད་རྒྱུད་ལ་སྐྱེ། གཡོན་མཉམ་གཞག་གི་རྒྱས་གདུལ་བྱ་རྣམས་ཏིང་འཛིན་གྱི་སྒོ་དུ་མར་འགོད། མངོན་ཤེས་དང་རྫུ་འཕྲུལ་ལྡན། ལམ་ལོག་པ་ཐམས་ཅད་ལས་ལྡོག །སངས་རྒྱས་ཀྱི་ཞིང་མཐའ་ཡས་པར་བགྲོད་ནུས། ཉོན་མོངས་པའི་དགྲ་བཅོམ་པ། ཕས་རྒོལ་ཚར་ཆོད་ནས་གདུལ་བྱར་འགྱུར་བ་སོགས་ཡོན་ཏན་དཔག་ཏུ་མེད་དོ། །བདུན་པ་གནས་བརྟན་གསེར་བེའུ་ནི། མ་ག་དྷཱར་ཁྱིམ་བདག་གཅིག་ལ་བུ་བཙས་མ་ཐག །གསེར་གྱི་གླང་པོ་ཆེའི་ཕྲུ་གུ་གཅིག་དང་ལྕི་བ་ཡང་གསེར་དུ་འབབ་པ་གཅིག་བསོད་ནམས་ཀྱི་མཐུས་ས་ལས་རང་བྱུང་བས། མིང་གླང་པོ་སྐྱོང་མ། །གསེར་བེའུར་བཏགས། ཕྱིས་རྒྱལ་པོ་མ་སྐྱེས་དགྲས་གླང་པོ་དེ་འཕྲོགས་པ་ན། གླང་པོ་ཆེ་ས་ཡི་ནང་དུ་ནུབ་ནས་སླར་རང་གནས་སུ་བྱུང་། དེར་རྒྱལ་པོའི་ཆད་པས་ཀ་ཏྱཱ་ནས་བཅོམ་ལྡན་འདས་ལ་རབ་ཏུ་བྱུང་ཞིང་དགྲ་བཅོམ་ཐོབ། དེའི་ཚེ་ཡང་གླང་པོ་ཆེ་བལྟ་བར་མི་མང་


JKT002_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

པོ་འདུས་པས་འདུ་འཛིས་ཡིད་སྐྱོ་བ་ན། སྟོན་པས་ད་ནི་མི་དགོས་སོ། །ཞེས་གསུངས་མ་ཐག་གླང་པོ་དེ་ས་འོག་ཏུ་རང་ནུབ་བོ། །འདིས་ཀླུ་ཡུལ་དུ་བསོད་སྙོམས་ལ་བྱོན་ནས་དཔག་ཏུ་མེད་པ་སེམས་བསྐྱེད་ལ་བཀོད། དེ་དག་གིས་རིན་པོ་ཆེའི་ཞགས་པ་དགོས་འདོད་ཀུན་འབྱུང་བ་གཅིག་ཕུལ་བ་འཕགས་པས་བྱིན་གྱིས་བརླབས་ནས་བསྣམས་པས། གང་གིས་མཐོང་རེག་དྲན་པ་ཀུན་མི་བརྗེད་པའི་གཟུངས་ཐོབ། རྒྱལ་བ་སྲས་དང་བཅས་པས་གསུངས་པའི་ཆོས་ཐམས་ཅད་ཐོབ། གཟུངས་དང་། སྤོབས་པ་དང་། དབང་ཕྱུག་ཕུན་སུམ་ཚོགས་པ་ཐོབ་པ་སོགས་ཡོན་ཏན་མཐའ་ཀླས་སོ། །བརྒྱད་པ་གནས་བརྟན་བྷ་ར་དྷྭ་ཛ་གསེར་ཅན་ནི། མཉན་ཡོད་དུ་ཁྱིམ་བདག་བྷ་ར་དྷ་ཛ་རིག་པ་ཅན་ལ་བུ་མཚན་དང་ལྡན་པ། ལག་མཐིལ་གཉིས་ན་གསེར་གྱི་དོང་རྩེའི་མཚན་མ་བཏབ་པ་གཅིག་བཙས་པས་མིང་དེ་སྐད་དུ་བཏགས། དེའི་ལག་ནས་གསེར་དངུལ་གྱི་ཡོ་བྱད་ཅི་འདོད་འབྱུང་། སྟོན་པ་མཇལ་བས་དད་ནས་བསྙེན་བཀུར། རབ་ཏུ་བྱུང་ཞིང་དགྲ་བཅོམ་ཐོབ་བོ། །འདིའི་མཉམ་གཞག་གི་རྒྱ་གང་གི་མདུན་དུ་བཅས་མ་ཐག །དེ་ངན་འགྲོ་ལས་ཐར་བ་དང་། དགའ་བ་དང་། བདེ་བ་དང་། རིག་པའི་ཡེ་ཤེས་དང་། དཀར་པོའི་ཡོན་ཏན་རྒྱས་པར་བཤད་དོ། །དགུ་པ་གནས་བརྟན་བ་ཀུ་ལ་ནི། མཉན་ཡོད་དུ་བྲམ་ཟེའི་བུར་འཁྲུངས།


JKT002_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

རིག་བྱེད་ལ་ཤིན་ཏུ་བྱང་ཞིང་མཚན་གེལ་པོར་གྲགས། ཕྱིས་ཕ་མ་ཤི་ནས་ཀུན་ཏུ་རྒྱུ་བའི་བརྟུལ་ཞུགས་བཟུང་སྟེ། མཉན་ཡོད་ནས་དཔག་ཚད་སུམ་སྟོང་དྲུག་ཅུ་རྩ་བཞིའི་བར་ཐག་ཡོད་པ་དགེ་བའི་ཕོ་བྲང་ཞེས་བ་དེར་འཁྱམས་ཤིང་། མཐར་གཏུན་རི་ཞེས་དྲང་སྲོང་རྣམས་ཀྱི་གནས་དེར་བཞུགས། ལོ་བརྒྱ་ཉི་ཤུ་རྩ་ལྔ་ལོན་ཀྱང་། སྔོན་རང་སངས་རྒྱས་ནད་པ་ཞིག་ལ་ཨ་རུ་ར་རྡོག་གཅིག་ཕུལ་པའི་འབྲས་བུས་བསྙུན་གཏན་ནས་མི་མངའ། ཤིང་ཤུན་གྱི་གོས་གྱོན་པས་དྲང་སྲོང་བ་ཀུ་ལ་སྟེ། ཤིང་ཤུན་ཅན་དུ་གྲགས། དེའི་ཚེ་གང་པོ་སྤུན་གྱིས་ལོ་མ་ཅན་དུ་བཅོམ་ལྡན་འདས་སྤྱན་དྲངས་པས་ནམ་མཁའ་ནས་གཤེགས་པ་མཐོང་བས་དད་དེ། གཏུན་རིའི་རྩེ་ནས་མཆོངས་པ་ན། སྟོན་པས་རྫུ་འཕྲུལ་གྱི་མཐུས་བླངས་ཏེ། ཆོས་བསྟན་པས་ཕྱིར་མི་འོང་བ་ཐོབ། དད་པས་གྲོལ་བ་རྣམས་ཀྱི་མཆོག་ནི་བ་ཀུ་ལའོ། །ཞེས་བསྔགས། དེ་དང་ལྷན་ཅིག་ལོ་མ་ཅན་དུ་གཤེགས་ཏེ། ཞག་བདུན་བསྒོམས་པས་དགྲ་བཅོམ་མོ། །འདིའི་ཕྱག་ན་ནེའུ་ལེ་བསྣམས་པ་དེ་སུས་མཐོང་ཞིང་རེག་པས་འདོད་པའི་ཡོན་ཏན་ལྔ་ཕུན་སུམ་ཚོགས་པ་འབྱུང་། ཕར་ཕྱིན་དྲུག་རྫོགས། ཆོས་ཉིད་ཀྱི་བདེན་པ་མཐོང་། བྱམས་དང་སྙིང་རྗེ་རྒྱས་པར་འགྱུར་བ་སོགས་ཡོན་ཏན་མང་ངོ་། །བཅུ་པ་གནས་བརྟན་སྒྲ་གཅན་འཛིན་བཟང་པོ་ནི། བདག་ཅག་གི་སྟོན་བ་དགུང་ལོ་ཉེར་


JKT002_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

དགུ་པར་ཁབ་ནས་འབྱུང་བ་ལ་ཉེ་བའི་ནུབ་མོར། མུ་སྟེགས་པ་དག་གིས་གཞོན་ནུ་དོན་གྲུབ་ནི་བཙུན་མོའི་འཁོར་དེ་ལྟ་བུ་དོར་ནས་གཤེགས་པས་སྐྱེས་མ་ཡིན་ནོ་ཞེས་འཕྱ་བ་སྤང་བའི་ཕྱིར། གྲགས་འཛིན་མ་དང་ལྷན་ཅིག་ཏུ་དགའ་མགུར་རོལ་ནས་སྲས་སུ་བྱིན་གྱིས་བརླབས། ནམ་ཞིག་སྟོན་པ་དཀའ་ཐུབ་ལ་བཞུགས་པའི་གཏམ་གྲགས་འཛིན་མས་ཐོས་ཏེ། མྱ་ངན་གྱིས་མེར་མཆོངས་ཀྱང་། ལྟོ་བ་ནས་སྲས་ཀྱིས་སོ་སོར་འབྲང་མའི་རིག་སྔགས་ཡིད་ལ་བྱས་པས་གནོད་མ་ནུས། སྔོན་དྲང་སྲོང་ཞིག་ཞག་དྲུག་ལྡོག་ཏུ་བཅུག་པ་སོགས་ཀྱི་རྣམ་སྨིན་གྱིས་མངལ་དུ་ལོ་དྲུག་བཞུགས། མཐར་སྟོན་པ་སངས་རྒྱས་པ་དང་། ཟླ་བ་སྒྲ་གཅན་གྱིས་ཟིན་པ་དང་། སྲས་བཙས་པ་གསུམ་དུས་མཚུངས་པས་མཚན་སྒྲ་གཅན་འཛིན་བཟང་པོར་བཏགས། དེའི་ཚེ་ཡང་ཟས་གཙང་གིས་འདི་ནི་ཤཱཀྱ་ཐུབ་པའི་བུ་མ་ཡིན་ནོ་ཞེས་སྨྲས་པས། གྲགས་འཛིན་མ་ཡི་ཆད་དེ། རྒྱལ་བུ་དོན་གྲུབ་ཀྱི་ལུས་ཚད་དང་མཉམ་པའི་ཕ་ཝང་ལ་སྲས་བསྐྱོན་ནས་རྫིང་བུར་དོར་ཏེ། ཁྱོད་ཤཱཀྱ་ཐུབ་པའི་བུ་ཡིན་ན་སྟེང་དུ་འཕྱོ་བ་དང་། མ་ཡིན་ན་བྱིང་བར་གྱུར་ཅིག་ཅེས་བདེན་ཚིག་བརྗོད་པ་ན། ཕ་ཝང་དང་ལྷན་ཅིག་ཤིང་བལ་ལྟར་ཆུ་སྟེང་དུ་འཕྱོ་བས། གདོད་རྒྱལ་པོ་ཡིད་ཆེས་ཏེ་པང་དུ་བླངས་སོ། །སྐྱེད་བསྲིངས་ནས་སྟོན་པས་ཐབས་ལ་མཁས་པའི་ཆེད་དུ་བསྐུལ་ཏེ་ཤཱ་རིའི་


JKT002_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

བུ་ལས་རབ་ཏུ་བྱུང་། ཕྱིས་ཞིག་ན་བསྒོམས་པས་དགྲ་བཅོམ་ནས། ཐུབ་པ་ཆེན་པོར་ཐེག་པ་ཆེ་ཆུང་གི་ཆོས་མང་དུ་བླངས། བཅོམ་ལྡན་འདས་མྱ་ངན་ལས་འདས་པའི་ཚེའང་ཀུན་དགའ་བོ་དང་གཉིས་ལ་ཐུགས་བརྩེ་བས་དགེ་སློང་འབུམ་དང་། སངས་རྒྱས་ལྔ་བརྒྱ་ལ་གཉེར་དུ་གཏད་པར་མཛད། འདི་ལྷ་གནས་སུམ་ཅུ་རྩ་གསུམ་དུ་བསོད་སྙོམས་ལ་གཤེགས་པའི་ཚེ། ལྷ་དཔག་ཏུ་མེད་པ་ཐར་ལམ་ལ་བཀོད། དེ་དག་གིས་རང་རང་གི་དབུ་རྒྱན་རིན་པོ་ཆེའི་ཟེ་སྲོག་ཕུད་དེ་ཕུལ་བ་རྣམས་གཅིག་ཏུ་བྱིན་གྱིས་བརླབས་ནས་བསྣམས་པ། གདུལ་བྱ་གང་གིས་མཐོང་རེག་ཡིད་ལ་བྱེད་ན། དེ་དག་དགྲ་ཐམས་ཅད་ཆོམས། སངས་རྒྱས་ཀྱི་གསུང་རབས་རྣམས་ཀྱི་ཚིག་དོན་རྟོགས། རྒྱལ་བ་སྲས་བཅས་ཀྱིས་བྱིན་གྱིས་རློབ་པར་འགྱུར་བ་སོགས་ཡོན་ཏན་བསམ་གྱིས་མི་ཁྱབ་བོ། །བཅུ་གཅིག་པ་གནས་བརྟན་ལམ་ཆེན་བརྟན་ནི། མཉན་ཡོད་དུ་བྲམ་ཟེ་ཞིག་ལ་བུ་གང་སྐྱེས་ཤི་བས། ཕྱིས་བུ་ཞིག་བཙས་པ་ན། བུད་མེད་རྒན་མོ་ཞིག་གིས། ཁྱེའུ་དེ་རས་དཀར་པོས་དཀྲིས་ལ་ཁ་ཞུན་མར་གྱིས་བཀང་སྟེ། བུ་མོ་ཞིག་ལ་བསྐུར་ནས་ལམ་པོ་ཆེའི་བཞི་མདོར་བཟུང་སྟེ། ཀུན་ཏུ་རྒྱུ་དང་། གནས་བརྟན་རྣམས་དང་། བཅོམ་ལྡན་འདས་གཤེགས་པ་ན། ཁྱེའུ་འདི་འཕགས་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ལོ། །ཞེས་བརྗོད་ཅིག །


JKT002_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་བསྒོ་བ་ན། དེས་ཀྱང་དེ་བཞིན་དུ་བྱས་པས། ཐམས་ཅད་ཀྱིས་ཚེ་རིང་པར་གྱུར་ཅིག་ཅེས་བདེན་ཚིག་བརྗོད་པའི་མཐུས་ཚེ་བསྲིངས་པར་གྱུར་པས་མིང་དེ་སྐད་དུ་བཏགས། ཤེས་རབ་ཤིན་ཏུ་ཆེ་བས་རིག་བྱེད་རྒྱ་མཚོའི་ཕ་རོལ་ཏུ་སོན་ཅིང་བྲམ་ཟེའི་ཁྱེའུ་ལྔ་བརྒྱའི་སློབ་དཔོན་དུ་གྱུར། རྒྱལ་བྱེད་ཚལ་དུ་དགེ་སློང་གཅིག་ལ་དྲིས་པས་དད་དེ། ལྐོག་ཏུ་རབ་ཏུ་བྱུང་ཞིང་། ཉིན་མོར་ཀློག་པ་དང་། མཚན་མོར་བསྒྲུབས་པས་དགྲ་བཅོམ། འཁོར་བྲམ་ཟེའི་ཁྱེའུ་ལྔ་བརྒྱ་ཡང་རབ་ཏུ་བྱུང་། འདིའི་ཕྱག་ན་བསྣམས་པའི་གླེགས་བམ་དེ་མཐོང་རེག་ཡིད་ལ་བྱེད་པ་ཀུན། སྤོབས་པ་དང་ཤེས་རབ་ཆེན་པོ་ཐོབ། མ་རིག་པའི་མུན་པ་འཇོམས། ལས་སྒྲིབ་འདག །རྟག་ཏུ་དལ་འབྱོར་གྱི་རྟེན་ཐོབ། ཐེག་པ་ཆེན་པོའི་ཆོས་དང་མཇལ། ཆོས་འཆད་ཀྱི་ཕྱག་རྒྱ་སུས་མཐོང་རེག་ཡིད་ལ་བྱེད་ན། བློ་གྲོས་ཀྱི་སྣང་བ་ཐོབ། དཀོན་མཆོག་གསུམ་གྱི་སྒྲ་ཐོས། ཡང་དག་པའི་ལྟ་བ་དང་ལྡན། ལོག་ལྟ་ཐམས་ཅད་ཟིལ་གྱིས་གནོན། སངས་རྒྱས་མཐོང་བ་དང་མི་འབྲལ་བ་ལ་སོགས་པའི་ཡོན་ཏན་ཚེ་རབས་ཐམས་ཅད་དུ་ཐོབ་བོ། །བཅུ་གཉིས་པ་གནས་བརྟན་ལམ་ཕྲན་བརྟན་ནི། ལམ་ཆེན་བརྟན་གྱི་གཅུང་དུ་ལོ་ཕྱི་མར་འཁྲུངས། སྔར་བཞིན་ཚེ་རིང་བའི་ཐབས་སུ་ལམ་ཕྲན་གྱི་བཞི་མདོར་བཟུང་བས་མཚན་དེ་སྐད་དུ་ཆགས། རང་གི་གཅེན་


JKT002_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

ལས་རབ་ཏུ་བྱུང་། འོན་ཀྱང་ཤེས་རབ་ཤིན་ཏུ་ཞན་པས་བློ་ཀ་གཅིག་ཟླ་བ་གསུམ་དུ་ཟློས་བཅུག་ཀྱང་མ་ལོབས་ནས་ཡིད་སྐྱོ་བ་དང་། བཅོམ་ལྡན་འདས་ཀྱིས་དབུགས་དབྱུང་ནས། དེའི་ལས་སྒྲིབ་སྦྱོང་ཕྱིར་དགེ་སློང་རྣམས་ཀྱི་མཆིལ་ལྷམ་ཕྱི་བར་བསྒོས་རྡུལ་སྤང་ངོ་། །དྲི་མ་སྤང་ངོ་། །ཞེས་པའི་ཁ་ཏོན་གཉིས་བསླབ་པས་ལོབས་ནས་ནམ་ལངས་པ་དང་དེའི་དོན་བསམ་པས་དགྲ་བཅོམ། ཕྱིས་རྫུ་འཕྲུལ་གྱིས་ཆོས་བསྟན་ནས་སྲོག་ཆགས་ཁྲི་ཉིས་སྟོང་གིས་བདེན་པ་མཐོང་བར་མཛད་པ་ན། སྟོན་པས་ཀྱང་སེམས་བསྒྱུར་བ་རྣམས་ཀྱི་མཆོག་ཏུ་བསྔགས་སོ། །འདིའི་ཕྱག་མཉམ་གཞག་གི་ཕྱག་རྒྱ་མཛད་པ་དེ། མཐོང་རེག་ཡིད་ལ་བྱེད་ན། དུག་གསུམ་དང་། སྡུག་བསྔལ་དང་། སེམས་འཁྲུགས་པ་དང་། ངན་པར་སེམས་པ་ཐམས་ཅད་ཞི་ཞིང་། དབང་པོ་དུལ་བ་དང་། རྐྱེན་ངན་ཉེ་བར་ཞི་བ་སོགས་ཡོན་ཏན་དུ་མ་དང་ལྡན་པར་འགྱུར་རོ། །བཅུ་གསུམ་པ་གནས་བརྟན་བྷ་ར་དྷྭ་ཛ་བསོད་སྙོམས་ལེན་ནི། རྒྱལ་པོའི་ཁབ་ཀྱི་མདུན་ན་འདོན་བྷ་རི་དྷཱ་ཛའི་རིགས་ཀྱི་བུ་ཅོད་པན་མེད་པའི་རྒྱལ་སྲིད་ཅན། བསོད་ནམས་ཆེན་པོ་དང་ལྡན་ཡང་སྔོན་གྱི་ཟག་བཅས་བདོ་བར་གྱུར་པས་ཡིད་བྱུང་ནས་སྟོན་པའི་དྲུང་དུ་རབ་ཏུ་བྱུང་། དགྲ་བཅོམ་པ་ཐོབ། བསོད་སྙོམས་འབའ་ཞིག་ལ་སྤྱོད་པས་མཚན་ཡང་དེ་སྐད་དུ་གྲགས། བཅོམ་ལྡན་འདས་ཀྱིས་


JKT002_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་བསོད་སྙོམས་ལ་སྤྱོད་པ་རྣམས་ཀྱི་མཆོག་ཏུ་བསྔགས་ཤིང་། མཉན་ཡོད་ན་དབྱར་གནས་ཉེར་བརྒྱད་པ་མཛད་པའི་ཚེ། འདིས་ཀོ་ཤམྦྷིའི་ཁྱིམ་བདག་མདངས་ཅན་གྱི་ཀུན་དགའ་ར་བར་ཆོས་བསྟན་པས་དགྲ་བཅོམ་མང་དུ་འཕེལ། རྒྱལ་པོ་ཤར་པ་དྲེགས་པའི་མཐུས་མྱོས་པ་རྫུ་འཕྲུལ་གྱིས་བཏུལ། འདིའི་སྨོན་ལམ་གྱི་དབང་གིས་སེམས་ཅན་མི་ཁོམ་པར་གནས་པ་དང་། ལོག་པར་ལྟུང་བ་ཐམས་ཅད་ལ་སྡེ་སྣོད་ཀྱི་གླེགས་བམ་སྟོན་པས། དེ་མཐོང་རེག་ཡིད་ལ་བྱེད་ཀུན། འོན་ལོང་། ལྐུགས་པ། དྲན་པ་ཉམས་པའི་སྡུག་བསྔལ་ཐམས་ཅད་ཞི། དབང་པོ་ཚང་། འཕགས་པའི་ནོར་དང་ལྡན། ཟབ་མྱུར་གསལ་ཞིང་རྣོ་བའི་ཤེས་རབ་འཕེལ། ལྷུང་བཟེད་བུམ་པ་བཟང་པོ་ལྟ་བུའི་ཡོན་ཏན་དང་ལྡན་པར་བྱིན་གྱིས་བརླབས་ཏེ། སུས་མཐོང་རེག་དྲན་པས་དགོས་འདོད་ཐམས་ཅད་འབྱུང་ཞིང་། འཕགས་ནོར་བདུན་དང་ལྷའི་བདེ་བ་དང་ལྡན་པར་འགྱུར་རོ། །བཅུ་བཞི་པ་གནས་བརྟན་ཀླུའི་སྡེ་ནི། བྱང་ཕྱོགས་པདྨའི་གྲོང་ཁྱེར་དུ་འཁྲུངས། རྒྱལ་བ་ཀླུའི་ཕྱག་རྒྱའམ། ཀླུའི་སྡེ་ཞེས་གྲགས། རྒྱལ་སྲིད་ཀྱི་ཆེད་དུ་ཐུབ་ཆོད་ཀྱིས་སྡིག་པའི་ལས་མང་དུ་བསགས་པས། བློན་པོ་རྣམས་ཀྱིས་གསོད་པར་བརྩམས་པ་ན་སྐྲག་སྟེ། བཅོམ་ལྡན་འདས་ལ་སྐྱབས་སུ་སོང་། སྡིག་པ་བཤགས་ཤིང་རབ་ཏུ་བྱུང་བས་དགྲ་བཅོམ། ལྷ་གནས་


JKT002_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

སུ་གཤེགས་ཏེ་ཆོས་བསྟན་པས་དཔག་ཏུ་མེད་པ་ཐར་ལམ་ལ་བཀོད། རྒྱལ་ཆེན་བཞིའི་སྲས་ཀྱིས་བསླབ་གཞི་ནོས་ཏེ་རིན་པོ་ཆེའི་གཏེར་བུམ་མང་པོ་ཕུལ་པ་གཅིག་ཏུ་བྱིན་གྱིས་བརླབས་ནས་བསྣམས་པས། སུ་ཡིས་ཡིད་ལ་བྱས་པ་དེར་མི་ཟད་པའི་འདོད་པ་ཐམས་ཅད་འབྱུང་། ལྷའི་བདུད་རྩིས་ལས་སྒྲིབ་ཐམས་ཅད་འཁྲུད་པ་སོགས་ཡོན་ཏན་མང་དུ་ལྡན། མཁར་གསིལ་གྱི་སྒྲ་བསྒྲགས་པས་གང་གིས་ཐོས་པ་དེ་ནད་ཐམས་ཅད་ཞི། སྡུག་བསྔལ་མཐའ་དག་ལས་གྲོལ། ཉོན་མོངས་པའི་ཟུག་རྔུ་ཐམས་ཅད་ཞི། དཀོན་མཆོག་ལ་དད་པ་ཐོབ་པ་སོགས་ཡོན་ཏན་དཔག་ཏུ་མེད་དོ། །བཅོ་ལྔ་པ་གནས་བརྟན་སྦེད་བྱེད་དམ། བ་ལང་སྐྱོང་ནི། ཝཱ་ར་ཎཱ་སཱིར་ཁྱིམ་བདག་རིགས་ཀྱི་གཙོ་བོ་ཞེས་པ་ལ་བུ་ལྔ་ཡོད་པའི་བཞི་པ་སྟེ། ཕུ་བོ་གྲགས་པ་སྟོན་པ་ལས་རབ་ཏུ་བྱུང་བ་ཐོས་པས་གཞན་བཞི་པོའང་རབ་ཏུ་བྱུང་སྟེ་དགྲ་བཅོམ་ཞིང་སྤུན་ལྔ་པོ་ལ་ཉེ་བའི་ལྔ་སྡེ་ཞེས་གྲགས། འདིའི་ཕྱག་གི་གླེགས་བམ་སུ་ཞིག་གིས་མཐོང་རེག་དྲན་ན་རིག་པའི་གནས་ལྔ་ལ་མཁས་པར་འགྱུར་བ་དང་། རང་རྒྱུད་ཀྱི་ཉོན་མོངས་པ་ཐམས་ཅད་ཡོངས་སུ་ཞི་བ་དང་། ཆོས་ཀྱི་རྒྱལ་པོར་དབང་འཐོབ་པར་འགྱུར་བ་དང་། ཡང་དག་པའི་ཤེས་རབ་རྒྱས་པར་འགྱུར་བ་དང་། སངས་རྒྱས་ཀྱི་སྲས་ཀྱི་ཐུ་བོར་འགྱུར་བ་ལ་སོགས་པའི་ཡོན་ཏན་དུ་མ་དང་ལྡན་པར་འགྱུར་རོ། །བཅུ་


JKT002_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་པ་གནས་བརྟན་མི་ཕྱེད་པ་ནི། རྒྱལ་པོའི་ཁབ་ན་བཏྲའི་རིགས་ཀྱི་བྲམ་ཟེ་བི་ལིནྡ་དྲུང་དབང་གི་བུར་འཁྲུངས། མཚན་མི་ཕྱེད་དུ་གྲགས། སྟོན་པ་ལ་དད་ནས་རབ་ཏུ་བྱུང་། བསྒྲུབས་པས་དགྲ་བཅོམ་པ་ཐོབ། བཅོམ་ལྡན་འདས་ཀྱིས་སྙིང་རྗེ་ལ་གནས་པ་རྣམས་ཀྱི་མཆོག་ཏུ་བསྔགས། དེས་ཆུ་བོ་གངྒཱ་བརྒལ་བར་འདོད་པ་ན། བཟང་མོ་འདུག་ཅིག་ཅེས་སྨྲས་མ་ཐག་གངྒཱ་མི་འབབ་པར་སྡོད་ཅེས་གྲགས། སྔོན་ལས་ཀྱི་དབང་གིས་རབ་ཏུ་བྱུང་ནས་ཇི་སྲིད་འཚོའི་བར་དུ་བསྙུན་གྱིས་ཟིན་པས་ཕལ་ཆེར་རྒྱལ་པོའི་ཁབ་ཏུ་བཞུགས་ཤིང་། སྟོན་པས་ཀྱང་ནད་གཡོག་པ་མངགས་པར་མཛད། ནད་པའི་བསླབ་པ་བཅས་པའང་གནང་ངོ་། །རྫུ་འཕྲུལ་གྱི་མཐུས་ཆོམ་རྐུན་བཅིང་བ་སོགས་ཀྱི་ལོ་རྒྱུས་ཀྱང་སྣང་ཞིང་། རི་རབ་ཀྱི་བྱང་ཕྱོགས་གནོད་སྦྱིན་གྱི་གནས་སུ་བྱོན་ནས། གནོད་སྦྱིན་རྣམས་ཐར་ལམ་ལ་བཀོད་པ་ན། དེ་དག་གི་གདུག་རྩུབ་ཞི་ཕྱིར། སྟོན་པས་བྱང་ཆེན་མཆོད་རྟེན་གཅིག་གནང་བ་ཕྱག་ཏུ་བསྣམས་ཏེ། དེ་སུས་རེག་མཐོང་ཡིད་ལ་བྱེད་ན། བསླབ་པ་གསུམ་དང་ལྡན་པ་དང་། བདེ་ལེགས་འབྱུང་བ་དང་། སྡིག་པ་ཐམས་ཅད་མི་འབྱུང་བ་དང་། འདག་པར་འགྱུར་རོ། །དེ་ལྟར་འཕགས་པ་གནས་བརྟན་བཅུ་དྲུག་པོ་འདི་དག་ནི། བདག་ཅག་གི་སྟོན་པ་ཐུབ་པའི་དབང་པོས་ཁྱེད་རྣམས་བྱམས་པ་རྡོ་རྗེ་གདན་གྱི་སྤོ་ལ་མངོན་


JKT002_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

པར་རྫོགས་པ་སངས་མ་རྒྱས་ཀྱི་བར་དུ་ཕུང་པོ་ལྷག་མ་མེད་པའི་དབྱིངས་སུ་མྱ་ངན་ལས་མི་འདའ་བར་ཉན་ཐོས་ཀྱི་ཆ་ལུགས་འདིས་སེམས་ཅན་གྱི་དོན་དུ་བསྟན་པ་སྐྱོངས་ཤིག་ཅེས་བཀའ་བསྒོས་པས། ལྷ་དང་མིའི་བསོད་ནམས་ཀྱི་ཞིང་དུ་ད་ལྟ་ཡང་ཞལ་མངོན་སུམ་དུ་བཞུགས་པ་ཡིན་པས་གསོལ་བ་བཏབ་ན་བྱིན་རླབས་ཤིན་ཏུ་མྱུར་ཞིང་། བཀའ་གདམས་པའི་བཤེས་གཉེན་གོང་མ་རྣམས་ཀྱིས་ཀྱང་ཐུགས་དམ་ཐུན་མོང་མ་ཡིན་པ་མཛད་དེ། དེའི་རྒྱུ་མཚན་ཡང་གནས་བརྟན་ཆེན་པོ་འདི་དག་ལ་གུས་པས་གསོལ་བ་བཏབ་པ་དང་། ཕྱག་འཚལ་བ་དང་། མཆོད་པ་འབུལ་བ་དང་། སྐུ་བརྙན་བྲིས་འབུར་བཞེངས་པ་ལ་སོགས་ལ་བརྩོན་པས་སྔར་སོ་སོའི་སྐབས་སུ་བཤད་པའི་ཕན་ཡོན་རྣམས་ཐོབ་པར་མ་ཟད། བསྟན་པའི་བདག་པོ་ཡིན་པའི་རྟེན་འབྲེལ་གྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྐུ་གསུང་ཐུགས་ཀྱི་རྟེན་བྱིན་རླབས་ཅན་མང་པོ་ཤུགས་ཀྱིས་འབྱུང་། དེ་ལ་མཆོད་པའི་ཡོ་བྱད་དང་། བཤད་སྒྲུབ་ཚུལ་བཞིན་དུ་མཛད་པའི་དགེ་འདུན་གྱི་སྡེ་མང་དུ་འདུ། བདུད་དང་བདུད་ཀྱི་རིགས་ཀྱིས་གླགས་མི་རྙེད། དེ་ལྟར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་རྒྱས་པས་སྐྱེ་རྒུའི་ཚོགས་རྣམས་ཀྱང་དགེ་བ་བཅུ་ལ་རང་བཞིན་གྱིས་སྤྱོད་ཅིང་། ཕན་པ་དང་། བདེ་བ་དང་། ལོ་ལེགས་པ་དང་། ཡམས་དང་། ཉེ་བར་འཚེ་བ་མི་འབྱུང་ཞིང་བདེ་


JKT002_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱིད་དང་བཀྲ་ཤིས་ཕུན་སུམ་ཚོགས་པ་མཐའ་དག་དབྱར་གྱི་ཆུ་གཏེར་ལྟར་འཕེལ་པ་ནི། ལུང་དང་། མངོན་སུམ་དང་། གཏམ་རྒྱུད་ཚད་མ་དག་གིས་གྲུབ་ཅིང་། བྱེ་བྲག་ཏུ་སྒྲུབ་པ་པོ་རང་ཉིད་ཀྱིས་ཀྱང་། ཚེ་འདིར་ཚེ་རིང་བ་དང་། ནད་དཀོན་པ་དང་། ལོངས་སྤྱོད་འཕེལ་བ་དང་། བློ་ཆོས་ཕྱོགས་སུ་བཀོལ་དུ་བཏུབ་པ་དང་། ཚུལ་ཁྲིམས་ཀྱི་ཕུང་པོ་རྣམ་པར་དག་པ་དང་། ཏིང་ངེ་འཛིན་གྱི་སྒོ་དུ་མ་བརྙེས་པ་དང་། རྒྱལ་བའི་གསུང་རབས་དགོངས་འགྲེལ་དང་བཅས་པ་ལ་འཇིགས་པ་མེད་པའི་ཤེས་རབ་ཀྱི་སྤོབས་པ་རྨད་དུ་བྱུང་བ་ཐོབ་ཅིང་། ནམ་འཆི་བའི་ཚེ་ནའང་གནད་གཅོད་ཀྱི་སྡུག་བསྔལ་མི་འབྱུང་བར་བདེ་བའི་སྣང་བ་དང་བཅས་ཤི་འཕོས་ཏེ་སྐྱེ་ཞིང་སྐྱེ་བར་ངན་སོང་དུ་མི་འགྲོ་བ་དང་། བདེ་འགྲོའི་རྟེན་ཁོ་ན་བརྒྱུད་དེ་མཐར་གྱིས་བླ་ན་མེད་པའི་བྱང་ཆུབ་རིན་པོ་ཆེ་ཐོབ་པ་སོགས་མདོར་ན་གནས་སྐབས་དང་མཐར་ཐུག་གི་བསམ་པའི་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་ངེས་པའི་ཕྱིར། དད་པ་དང་། བརྩོན་འགྲུས་ལྡན་པ་རྣམས་ཀྱིས་ཐུབ་པ་གནས་བརྟན་ཆེན་པོ་བཅུ་དྲུག་འཁོར་དང་བཅས་པ་ལ་གསོལ་བ་གདབ་པ་དང་། མཆོད་པའི་ཆོ་ག་བྱ་བ་དང་། སྐུ་བརྙན་བཞེངས་པ་སོགས་རང་རང་གི་བློ་ནུས་དང་འཚམས་པར་བགྱི་བའི་དམ་བཅའ་བརྟན་པོ་བཟུང་འཚལ་ལོ། །སྨྲས་པ། དཔྱིད་དུས་མྱོས་པའི་ཁུ་བྱུག་བུ་


JKT002_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

མོའི་གྲུས། །མཚོན་མིན་ཕན་བདེའི་སྙིང་པོས་ལྕི་བ་ཡི། །ངོ་མཚར་རྟོགས་བརྗོད་པུཎྜ་རཱི་ཀའི་ཕྲེང་། །བློ་གསལ་ཚོགས་ཀྱི་རྣ་བའི་རྒྱན་དུ་སྦྱིན། །དེ་ལས་བྱུང་བའི་དགེ་བ་ནི། །སྟོན་ཟླའི་ཕང་པ་ལ་འཛེགས་པས། །འགྲོ་ཀུན་སྒྲིབ་གཉིས་མུན་བསལ་ཏེ། །ཀུན་མཁྱེན་སྣང་བ་འབར་གྱུར་ཅིག །སརྦ་དཱ་ཐེ་ཡོ་བྷ་བ་ཏུ།།


previousའཕགས་པ་གནས་བརྟན་བཅུ་དྲུག་གི་རྟོགས་པ་བརྗོད་པའི་གཏམ་ཉུང་ངུར་བསྡུས་པ་བློ་གསལ་རྣ་བའི་རྒྱན།next