Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དེ་བཞིན་གཤེགས་པ་མི་འཁྲུགས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདེ་བཞིན་གཤེགས་པ་མི་འཁྲུགས་པ།next

དེ་བཞིན་གཤེགས་པ་མི་འཁྲུགས་པ།


JKT002_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་གཤེགས་པ་མི་འཁྲུགས་པ་ནི། སྔོན་གྱི་དུས་དེ་བཞིན་གཤེགས་པ་སྤྱན་ཆེན་པོ་ཞེས་བྱ་བའི་དྲུང་དུ་སེམས་དང་པོ་བསྐྱེད་པ་ནས་བཟོད་པའི་གོ་ཆ་ཤིན་ཏུ་བརྟན་པོར་བགོས་ནས། སེམས་ཅན་ཐམས་ཅད་ལ་སེམས་མི་འཁྲུགས་ཤིང་ཀུན་ཏུ་མི་འཁྲུགས་པར་བྱས་པས་དགེ་སློང་མི་འཁྲུགས་པ་ཞེས་པའི་མཚན་ཐོབ་ཅིང་། སངས་རྒྱས་དེའི་ཞལ་ནས་ཀྱང་། གནས་སྐབས་བྱང་ཆུབ་ཀྱི་སྤྱོད་པ་སྤྱད་པའི་ཚེ་ཐམས་ཅད་དང་། མཐར་བླ་ན་མེད་པའི་བྱང་ཆུབ་ཐོབ་པའི་ཚེའང་མཚན་དེ་དང་ལྡན་པར་བྱིན་གྱིས་བརླབས་ཤིང་། འདི་ནས་ཤར་ཕྱོགས་ཀྱི་ལོགས་སུ་སངས་རྒྱས་ཀྱི་ཞིང་ཁམས་སྟོང་འདས་པ་ན་འཇིག་རྟེན་གྱི་ཁམས་མངོན་པར་དགའ་བ་ཞེས་བྱ་བ་དེར་དེ་བཞིན་གཤེགས་པ་མི་འཁྲུགས་པ་ཞེས་སུ་འཚང་རྒྱ་བར་མཛད་དེ། ཞིང་ཁམས་དེ་དང་སྟོན་པ་དེ་ལྟ་བུའི་ཡོན་ཏན་ནི་བསམ་གྱིས་མི་ཁྱབ་སྟེ། རྒྱས་པར་མི་འཁྲུགས་པའི་བཀོད་པ་བསྟན་པའི་མདོ་ལས་གསུངས་པ་ལྟར་ཤེས་པར་བྱས་ལ། དེ་ཡང་དེ་བཞིན་


JKT002_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པ་དེའི་མཚན་ཡིད་ལ་བྱེད་ཅིང་སྐུ་བཞེངས་པ་དང་། ཡོན་ཏན་བརྗོད་པ་དང་། དེའི་ཆོས་ཀྱི་རྣམ་གྲངས་འཛིན་པ་དང་། ལེགས་པར་སྤྱད་པའི་དགེ་བའི་རྩ་བ་ཐམས་ཅད་ཞིང་ཁམས་དེར་སྐྱེ་བའི་རྒྱུར་བསྔོས་ན་ཞིང་དེར་སྐྱེ་བར་འགྱུར་པ་སོགས་ཞིང་དེར་སྐྱེ་བའི་རྒྱུ་མཐའ་ཡས་པ་གསུངས་ཀྱང་ཡོངས་སུ་རྫོགས་བ་ནི་གསུམ་སྟེ། རྣམ་པ་ལ་རྗེས་སུ་དྲན་པ་དང་། དེར་སྐྱེ་བའི་ཆེད་དུ་དགེ་བ་བསྒྲུབ་པ་དང་། དགེ་བ་རྣམས་དེར་སྐྱེ་བའི་རྒྱུར་བསྔོ་བ་སྟེ་དེ་གསུམ་ཚང་ན་ཞིང་དེར་སྐྱེའོ། །ཞིང་ཁམས་དེར་སྐྱེ་བའི་རྒྱུ་ལག་ཏུ་བླང་པའི་རིམ་པ་ལ་གསུམ་ལས། དང་པོ་རྣམ་པ་ལ་རྗེས་སུ་དྲན་པ་ནི། ཞིང་བཀོད་ལས་བཤད་པ་ལྟར་རྒྱལ་བ་མི་འཁྲུགས་པ་དེའི་སྐུ་དང་། བྱང་ཆུབ་ཀྱི་ཤིང་དང་། འོད་ལ་སོགས་པ་ཐོག་མར་བསམ། དེ་ནས་གསུང་དབྱངས་ཕུན་སུམ་ཚོགས་པ་བསྐལ་བ་ཆེན་པོ་འབུམ་ཕྲག་བཅུའི་བར་དུ་ཆོས་སྟོན་པ་དང་། ཆོས་སྟོན་པ་རེ་རེས་སེམས་ཅན་དཔག་ཏུ་མེད་པ་གྲོལ་བར་མཛད་པའི་ཚུལ་བསམ། དེའི་ཉན་ཐོས་ཀྱི་དགེ་འདུན་དང་བྱང་ཆུབ་སེམས་དཔའི་དགེ་འདུན་དཔག་ཏུ་མེད་ཅིང་བགྲང་དུ་མེད་པ་དང་། དེ་དག་གི་རྣམ་པར་འཕྲུལ་པ་བསམས་ལ་སེམས་དྭངས་པའི་རྣམ་པ་ཅན་གྱིས་བསྒོམ་ཞིང་བདག་ཀྱང་འདི་ལྟར་གྱུར་ཅིག་སྙམ་དུ་མོས་པ་བྱ། གཉིས་པ་དེར་སྐྱེ་བའི་ཆེད་དུ་དགེ་བ་བསྒྲུབ་པ་ནི། དེ་ལྟར་དད་པ་


JKT002_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་པ་ན་སངས་རྒྱས་མི་འཁྲུགས་པའི་སྐུ་གླང་པོའི་སྟེང་ན་བཞུགས་པ་སྟོང་རྩ་སོགས་བཞེངས་པ་དང་། གཟུངས་སྔགས་བཟླ་བ་དང་། སྦྱིན་གཏོང་སོགས་ཀྱི་དགེ་བ་གང་འགྲུབ་ལ་འབད། ཁྱད་པར་དུ་སྡིག་ལྟུང་བཤགས་སྡོམ་བྱས་ནས་ཁས་བླངས་པའི་ཚུལ་ཁྲིམས་དག་པར་བྱ། སྔར་ཚུལ་ཁྲིམས་མི་ལྡན་པ་ཡིན་ན། བསྙེན་གནས་སམ། སྲོག་གཅོད་སྤོང་བ་སོགས་ཚུལ་ཁྲིམས་ཀྱི་ཆ་གང་འགྲུབ་ཅིག་ལ་ངེས་པར་འབད་ཅིང་། དེའི་སྟེང་དུ་བསགས་སྦྱོང་ཅི་ནུས་སུ་བྱའོ། །གསུམ་པ་དགེ་བ་རྣམས་དེར་སྐྱེ་བའི་རྒྱུར་བསྔོ་བ་ནི། དེ་ནས་སྔར་བཤད་པ་ལྟར་སངས་རྒྱས་འཁོར་བཅས་དང་དེའི་སྣོད་བཅུད་ཀྱི་ཡོན་ཏན་ལ་བསམས་ལ་དེར་སྐྱེ་བའི་འདུན་པ་དྲག་ཏུ་བསྒོམ། འདུན་པ་སྐྱེས་པ་ན། སྦྱིན་ཁྲིམས་དང་ཐོས་སྒོམ་ལ་སོགས་རང་གཞན་གྱི་དུས་གསུམ་གྱི་དགེ་བ་རྣམས་ཡིད་ཡུལ་དུ་བྱས་ནས། དགེ་བའི་རྩ་བ་འདིས་བདག་འཆི་བའི་དུས་ཉེ་བར་གནས་པ་ན། དེ་བཞིན་གཤེགས་པ་མི་འཁྲུགས་པ་མངོན་སུམ་དུ་མཐོང་སྟེ་དད་པ་ཐོབ་པར་གྱུར་ཅིག །ཤི་འཕོས་མ་ཐག་ཏུ་རྒྱལ་བ་མི་འཁྲུགས་པའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་མངོན་པར་དགའ་བ་དེ་ཉིད་དུ་སྐྱེ་བར་གྱུར་ཅིག །སྐྱེས་མ་ཐག་ཏུ་དེ་བཞིན་གཤེགས་པ་མི་འཁྲུགས་པ་དེའི་སྤྱོད་པ་ལ་བསླབ་སྟེ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་


JKT002_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་ཅིག །སངས་རྒྱས་པའི་ཚེ་ཡང་དེ་བཞིན་གཤེགས་པ་མི་འཁྲུགས་པའི་སྐུ་ཚེ་དང་། ཞིང་གི་བཀོད་པ་དང་། ཕྲིན་ལས་ལ་སོགས་པ་ཇི་འདྲ་བ་དེ་འདྲ་བར་གྱུར་ཏེ་སེམས་ཅན་ཐམས་ཅད་ཀྱང་མྱུར་དུ་དེ་ལྟ་བུའི་གོ་འཕང་ལ་འགོད་ནུས་པར་གྱུར་ཅིག །ཅེས་འདུན་པ་དྲག་པོས་ལན་གསུམ་བརྗོད་ཅིང་ཡིད་ལ་བྱའོ། །དེ་གསུམ་བྱས་པས་ཞིང་དེར་ངེས་པར་སྐྱེ་སྟེ། གཞན་ཡང་བེ་རླའི་ཞིང་དང་། བདེ་བ་ཅན་སོགས་སུ་སྐྱེ་བར་འདོད་ཀྱང་ཚུལ་དེ་བཞིན་དུ་བྱའོ། །བྱང་ཆུབ་ཀྱི་ཤིང་ཡོན་ཏན་རྨད་དུ་བྱུང་པའི་དབུས་ན་གླང་པོ་ཆེའི་ཁྲི་སྟེང་དུ་པདྨའི་སྟན་ལ་འཁོར་ཐེག་པ་ཆེ་ཆུང་གི་དགེ་འདུན་གྲངས་མེད་པའི་དབུས་སུ་དེ་བཞིན་གཤེགས་པ་མི་འཁྲུགས་པས་ཆོས་སྟོན་པར་བཤད་དོ། །


previousདེ་བཞིན་གཤེགས་པ་མི་འཁྲུགས་པ།next