Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སངས་རྒྱས་འོད་དཔག་མེད།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསངས་རྒྱས་འོད་དཔག་མེད།next

སངས་རྒྱས་འོད་དཔག་མེད།


JKT002_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

༈ སངས་རྒྱས་འོད་དཔག་ཏུ་མེད་པ་ནི། དེ་བཞིན་གཤེགས་པ་འཇིག་རྟེན་དབང་ཕྱུག་རྒྱལ་པོའི་དྲུང་དུ། བྱང་ཆུབ་སེམས་དཔའ་དགེ་སློང་ཆོས་ཀྱི་འབྱུང་གནས་ཞེས་བྱ་བར་གྱུར་ནས། སངས་རྒྱས་དེ་ལ་བསྟོད་པ་བྱས་ནས་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཅུ་རྩ་གཅིག་གི་ཞིང་བཀོད་ཐམས་ཅད་གཅིག་ཏུ་བསྡོམས་ནས་འཛིན་པའི་སྨོན་ལམ་རྒྱ་ཆེར་བཏབ་ཅིང་རྒྱལ་སྲས་ཀྱི་སྤྱོད་པ་རླབས་པོ་ཆེ་སྤྱད་ཅིང་། སངས་རྒྱས་དེས་ཀྱང་འཇིག་རྟེན་གྱི་ཞིང་ཁམས་བདེ་བ་ཅན་ཞེས་བྱ་བར་སངས་རྒྱས་འོད་དཔག་མེད་དུ་འགྱུར་བར་ལུང་བསྟན་པ་དེ་བཞིན་


JKT002_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

དུ་སངས་རྒྱས་ནས་ད་ལྟ་ཡན་ལ་བསྐལ་བ་བཅུ་ལོན་ཅིང་། ད་དུང་ཡང་བསྐལ་པ་དཔག་ཏུ་མེད་པར་འཚོ་ཞིང་གཞེས་པའི་ཕྱིར་ཚེ་དཔག་ཏུ་མེད་པ་དང་། སྐུ་ལས་བྱུང་བའི་འོད་ཟེར་གྱི་སྣང་བས་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་འགེངས་པའི་ཕྱིར་འོད་དཔག་ཏུ་མེད་པ་ཞེས་བྱ། རྡོ་རྗེ་ཐེག་པའི་རྒྱུད་སྡེ་རྣམས་སུ་པདྨའི་རིགས་ཀྱི་གཙོ་བོ་སྣང་བ་མཐའ་ཡས་སུ་གསུངས་པ་སོགས་སྐུའི་རྣམ་འགྱུར་དང་། མིང་གི་མངོན་བརྗོད་མཐའ་ཀླས་པ་དེ་ཉིད་ཀྱི་མཚན་ཙམ་གང་གི་རྣ་ལམ་དུ་སོན་པས་ཀྱང་ཚེ་འདིར་དུས་མ་ཡིན་པའི་འཆི་བ་ཐམས་ཅད་བྱང་ཞིང་། ཚེ་དང་བསོད་ནམས་དང་ཡེ་ཤེས་ཐམས་ཅད་རྒྱས་པར་འགྱུར་བ་དང་། །ནམ་འཆི་བའི་ཚེའང་གནད་གཅོད་ཀྱི་སྡུག་བསྔལ་མི་འབྱུང་བར། བཅོམ་ལྡན་འདས་འོད་དཔག་ཏུ་མེད་པ་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མངོན་སུམ་དུ་མཐོང་ནས་ཡོན་ཏན་གྱི་བཀོད་པ་གཞལ་གྱིས་མི་ལང་བ་འཇིག་རྟེན་གྱི་ཞིང་ཁམས་བདེ་བ་ཅན་དུ་པདྨའི་སྙིང་པོ་ལ་བརྫུས་ཏེ་སྐྱེས་ནས་ཐེག་པ་གསུམ་གྱི་རིགས་སུ་སྨིན་པར་འགྱུར་བ་སོགས་ཕན་ཡོན་བསམ་གྱིས་མི་ཁྱབ་ན། རྟག་པར་རྗེས་སུ་དྲན་ཅིང་སྨོན་ལམ་འདེབས་པ་དང་། གང་གི་སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་པ་དང་། གཟུངས་སྔགས་ཟབ་མོ་བཟླ་བ་སོགས་ཀྱི་ཕན་ཡོན་ནི་ལྟ་སྨོས་ཀྱང་ཅི་དགོས་པས། དེས་ན་དད་པ་དང་བརྩོན་འགྲུས་སུ་ལྡན་པ་རྣམས་ཀྱིས་ཚུལ་འདི་ལ་རྟག་ཏུ་ནན་ཏན་སྙིང་པོར་མཛད་འཚལ་ལོ།།


previousསངས་རྒྱས་འོད་དཔག་མེད།next