Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
འཕགས་པ་འཇམ་དཔལ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའཕགས་པ་འཇམ་དཔལ།next

འཕགས་པ་འཇམ་དཔལ།


JKT002_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་འཇམ་དཔལ་ནི། དཀོན་མཆོག་བརྩེགས་པའི་ལེའུ་བཅོ་ལྔ་པ་ལས། འདི་ཉིད་འཁོར་ལོས་སྒྱུར་བའི་རྒྱལ་པོ་ནམ་མཁའ་ཞེས་པར་གྱུར་པའི་ཚེ་དེ་བཞིན་གཤེགས་པ་འབྲུག་སྒྲའི་རྒྱལ་པོའི་དྲུང་དུ་དང་པོར་ཐུགས་བསྐྱེད་ཅིང་། མ་འོངས་པ་ན་འཇིག་རྟེན་གྱི་ཁམས་རྡུལ་མེད་པ་བསགས་པ་ཞེས་བྱ་བར་དེ་བཞིན་གཤེགས་པ་ཀུན་ཏུ་གཟིགས་སུ་འཚང་རྒྱ་བར་ལུང་བསྟན་ཅིང་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་ནས་སྟོབས་བཅུ་ཡོངས་སུ་རྫོགས་ཀྱང་རྣམ་པ་བྱང་ཆུབ་སེམས་དཔའི་ཚུལ་གྱིས། གང་གི་མཚན་ཐོས་པ་ཙམ་གྱིས་ཀྱང་མོས་པ་ཆུང་བ་རྣམས་མ་གཏོགས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་གསུངས་ལ། འཇམ་དཔལ་རྩ་བའི་རྒྱུད་ལས། བསྐལ་པ་གྲངས་མེད་པ་རྒྱ་མཚོའི་ཡང་ཆེས་ཕ་རོལ་གྱི་ཕ་རོལ་ན་འཇིག་རྟེན་གྱི་ཁམས་མཉམ་པ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་ཀླུའི་རིགས་མཆོག་ཏུ་སངས་རྒྱས་པར་གསུངས་པ་སོགས་སྒྱུ་འཕྲུལ་དྲྭ་བའི་མིག་འཕྲུལ་ཅིར་ཡང་སྟོན་པའི་རྣམ་པར་ཐར་པ་མཐའ་ཀླས་ཤིང་། དོན་དམ་པར་འཇམ་དཔལ་ཡེ་ཤེས་སེམས་དཔའི་མཚན་ཡང་དག་པར་བརྗོད་པ་ལས། ཡེ་ཤེས་ལུས་ཅན་འཇམ་དཔལ་གྱི། །ཞེས་སོགས་ཕྱོགས་བཅུ་དུས་བཞིའི་བདེ་གཤེགས་ཐམས་ཅད་ཀྱི་ཡེ་ཤེས་


JKT002_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་སྒྲིབ་བྲལ་གྱི་སྐུའི་ངོ་བོ་ཡིན་པར་ལན་མང་དུ་གསུངས་པ་དང་། དེ་ཉིད་གདུལ་དཀའ་འདུལ་བའི་ཕྱིར་ཁྲོ་བོའི་ཚུལ་དུ་སྟོན་པ་འཇམ་དཔལ་གཤིན་རྗེ་གཤེད་སོགས་མཐའ་ཀླས་པའི་སྐུ་གསུང་ཐུགས་ཀྱི་་རྣམ་རོལ་གྱིས་དག་པ་དང་མ་དག་པའི་གདུལ་བྱ་བསམ་གྱིས་མི་ཁྱབ་པའི་དོན་མཛད་པར་མ་ཟད། འཕགས་བོད་ཀྱི་མཁས་ཤིང་གྲུབ་བརྙེས་ཐམས་ཅད་ཀྱང་འདི་ཉིད་ཀྱིས་རྗེས་སུ་མ་བཟུང་བ་དང་། ལྷག་པའི་ལྷར་མ་གྱུར་པ་མེད་པ་ལྟ་བུ་ཡིན་པའི་ཕྱིར་གསོལ་བ་བཏབ་ཚད་འཁོར་བ་ལས་སྒྲོལ་ཞིང་། དྲན་པ་ཙམ་གྱིས་སྒྲིབ་པའི་ཚོགས་རྒྱུ་དང་བཅས་པ་ཞི་བ་དང་། ཤེས་བྱ་ཐམས་ཅད་ལ་ཆགས་ཐོགས་མི་མངའ་བའི་སྤོབས་པའི་གཏེར་མཛོད་གྲོལ་བ་སོགས་ཕན་ཡོན་མཐའ་ཀླས་ཤིང་། རྒྱས་པར་ནི་དཀོན་མཆོག་བརྩེགས་པའི་འཇམ་དཔལ་ཞིང་གི་ཡོན་ཏན་བཀོད་པ་དང་། འཇམ་དཔལ་རྩ་བའི་རྒྱུད་སོགས་སུ་ཤེས་པར་བྱའོ།།


previousའཕགས་པ་འཇམ་དཔལ།next