Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
འཕགས་པ་བྱམས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའཕགས་པ་བྱམས་པ།next

འཕགས་པ་བྱམས་པ།


JKT002_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་བྱམས་པ་ནི། སྔོན་ཐོག་མར་བསྐལ་པ་གྲངས་མེད་པའི་སྔ་རོལ་ནས་གླིང་བཞིར་དབང་བའི་འཁོར་ལོས་སྒྱུར་རྒྱལ་གསེར་མདོག་ཅན་ཞེས་བྱ་བར་གྱུར་ཏེ་རྫོགས་པའི་སངས་རྒྱས་


JKT002_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

གསེར་འོད་བཟང་པོ་ལ་བྱང་ཆུབ་ཀྱི་སེམས་བསྐྱེད། བར་དུ་སྐྱེ་བ་མང་པོར་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཁོ་ནར་གྱུར་ཏེ་སངས་རྒྱས་ཁྲི་ཕྲག་གཅིག་མཉེས་པར་བྱས་པའི་མཐར་འོག་མིན་དུ་ལོངས་སྐུའི་གོ་འཕང་བརྙེས། ད་ལྟ་དགའ་ལྡན་དུ་སྟོན་པ་ཐུབ་པའི་དབང་པོའི་རྒྱལ་ཚབ་ཏུ་བཞུགས། མ་འོངས་པར་སྐྱེ་རྒུའི་ཚེ་ལོ་བརྒྱད་ཁྲིའི་དུས་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་དུང་གི་མདུན་ན་འདོན་བྲམ་ཟེ་ཚངས་རབ་ཀྱི་སྲས་སུ་འཁྲུངས་ནས་མངོན་པར་རྫོགས་པར་སངས་རྒྱས། དེའི་ཚེ་ད་ལྟ་ཤཱཀྱ་ཐུབ་པའི་བསྟན་པ་ལ་སངས་རྒྱས་ཀྱི་སྐུ་གཟུགས་བཞེངས་པ། ཐ་ན་ཆག་གྲུམ་གསོས་པ་ཡན་ཆད་འདུས་པ་དང་པོ། གསུང་རབས་ཡི་གེར་འབྲིའམ། ཀློག་པ་སོགས་འདུས་པ་གཉིས་པ། དགེ་འདུན་གཅིག་ལ་ལན་གཅིག་བསྙེན་བཀུར་བ་ཡན་ཆད་འདུས་པ་གསུམ་པར་དགྲ་བཅོམ་པ་འཐོབ་པར་འགྱུར་རོ། །ཡང་། བྱམས་པ་ཞེས་བརྗོད་པའི་རྒྱུ་མཚན་ནི། སྔོན་སྟོན་པ་རིན་ཆེན་གདུགས་ཞེས་བྱ་བའི་བསྟན་པར་དགེ་སློང་བློ་གྲོས་བརྟན་པར་ཞེས་བྱ་བར་གྱུར་ཏེ། ནངས་རེ་བཞིན་དུ་སེམས་ཅན་བརྒྱ་ཕྲག་རེ་བསླབ་པའི་གཞི་ལ་མ་བཀོད་པར་ཟས་མི་ཟ་བར་དམ་བཅས་ཤིང་། སྲོག་ཆགས་གྲངས་མེད་པ་ཐེག་པ་གསུམ་ལ་བཀོད་ཅིང་བྱམས་པ་ཆེན་པོའི་ཏིང་ངེ་འཛིན་བསྐྱེད་པའི་མཐུས། གྲོང་ཁྱེར་དང་ཚོང་དུས་ལ་སོགས་པ་གང་གི་སྒོར་


JKT002_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཞབས་བཞག་པ་ཙམ་གྱིས་དེར་གནས་པའི་སེམས་ཅན་ཐམས་ཅད་བྱམས་པ་ཆེན་པོའི་ཏིང་ངེ་འཛིན་རྗེས་མཐུན་ཐོབ་པས། ལྷ་དང་བཅས་པའི་འགྲོ་བ་ཀུན་གྱིས་ཆེད་དུ་བརྗོད་པ་ན་བྱང་ཆུབ་སེམས་དཔའ་བྱམས་པ་ཞེས་མཚན་ཆགས་ཤིང་། སངས་རྒྱས་ནས་ཀྱང་དེ་ཁོ་ནར་བརྗོད་པར་སངས་རྒྱས་རིན་ཆེན་གདུགས་ཀྱིས་ལུང་བསྟན་ཏོ། །འདི་དག་རྒྱས་པར་ཤེས་པར་འདོད་ན་བྱམས་པ་སྔོན་བྱུང་གི་མདོ། བྱམས་པ་ལུང་བསྟན་པའི་མདོ། བྱམས་པ་འཇུག་པའི་མདོ་སོགས་ལས་ཤེས་པར་བྱ་བ་ཉིད་དོ།།


previousའཕགས་པ་བྱམས་པ།next