Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་རྩེའི་དབང་པོའི་བཀའ་འབུམ།

6 occurrences of འ་འུར་
[Clear Hits]


  
  
 
  
 
 
  
 
  
 
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
རྒྱ་གར་མཁས་པའི་གཏམ་གྱི་ཚོགས་ཉེ་བར་བསྡུས་པ།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


6 occurrences of འ་འུར་
[Clear Hits]

 
previousརྒྱ་གར་མཁས་པའི་གཏམ་གྱི་ཚོགས་ཉེ་བར་བསྡུས་པ།next

རྒྱ་གར་མཁས་པའི་གཏམ་གྱི་ཚོགས་ཉེ་བར་བསྡུས་པ།


JKT002_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

གཏམ་གྱི་ཚོགས་ཉེ་བར་བསྡུས་པ་བཞུགས། །རྒྱ་གར་སྐད་དུ། ཤྲཱི་ལ་བ་རི་ཀ་ཐཱ། བོད་སྐད་དུ། ཚུལ་ཁྲིམས་ཀྱི་གཏམ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །རྒྱ་མཚོ་འདི་ལ་ཡོན་ཏན་ཐམས་ཅད་ཀྱི་གཞིར་གྱུར་ཚུལ་ཁྲིམས་སྦྱིན་པ་ལས་ཁྱད་པར་དུ་འཕགས་པར་བསྒྲུབས་པ། དང་ནི་གླང་རྗེས་ཀྱི། །ཁྱད་པར་དག་ནི་གང་ཡིན་པ། །སྦྱིན་པ་དང་ནི་ཚུལ་ཁྲིམས་ཀྱི། །ཁྱད་པར་དག་ནི་དེ་བཞིན་ནོ། །གང་ཞིག་དད་པའི་སེམས་ཀྱིས་ནི། །ལོ་བརྒྱར་སྦྱིན་པ་བྱིན་པ་བས། །གང་ཞིག་ཉིན་གཅིག་ཚུལ་ཁྲིམས་ནི། །བསྲུང་བ་དེ་ལས་ཁྱད་པར་འཕགས། །སྦྱིན་པ་ཤན་པ་རྣམས་དང་ནི། །རིགས་ངན་དག་ཀྱང་སྦྱིན་པར་བྱེད། གང་ཡང་རུང་བས་ཚུལ་ཁྲིམས་ནི། །ཡོངས་སུ་བསྲུང་བར་མི་ནུས་སོ། །སྦྱིན་པས་རབ་ཏུ་འབྱོར་གྱུར་ཀྱང་། །དེ་ནི་སྦྱིན་བདག་ཆེན་པོ་མིན། །ཚུལ་


JKT002_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིམས་རྣམ་པར་དག་པ་ཡིས། །སྦྱིན་པ་ཆེན་པོ་ཡིན་པར་བཤད། །མགོ་བྲེགས་པའམ་ཚུལ་གཞན་གྱི་བརྟུལ་ཞུགས་ལས་ཁྱད་པར་དུ་བསྒྲུབས་པ། གཙུག་ཕུད་ལྡན་པར་རྒྱུ། །ཚུལ་ཁྲིམས་ཆུ་ཡིས་རལ་པ་ཁྱབ་བར་འཆང་། །ཆ་ལུགས་སྣ་ཚོགས་དག་གིས་སྤྱོད་གྱུར་ཀྱང་། །གལ་ཏེ་ཚུལ་ཁྲིམས་མེད་ན་གཡོ་སྒྱུས་སྤྱོད། །གདྨ་བགྲོད་པ་ཆུ་བོ་ནཱ་དར་སོང་བའམ། །དབྱངས་ཅན་ཆུབ་མ་རྫིང་བུར་སོང་བའམ། །ནེའུ་ལེ་ཤ་ནི་བསྟེན་པར་བྱེད་པ་གང་། །གལ་ཏེ་ཚུལ་ཁྲིམས་ཀྱིས་རྒུད་དོན་ལ་དབེན། །ཇི་ལྟར་ཚུལ་ཁྱད་པར་དུ་འཕགས་པའི་ཚུལ་ཁྲིམས་དེའི་ཡོན་ཏན་དཔེའི་སྒོ་ནས་བསྟན་པ། ཁྲིམས་བླ་མེད་ལྡན་པའི་དྲི། །དམ་པ་མཐོ་རིས་འདི་ན་མི་ཟད་ལྡན། །དེ་ལྟར་ཕྲེང་བའི་དྲི་ནི་ཁྱབ་མིན་ཅིང་། །དེ་བཞིན་བྱུགས་པའི་དྲི་ཡང་ཁྱབ་མི་འགྱུར། །འདི་ན་བདག་དང་གཞན་དུ་འགྲོ་བ་བདེ། །དེ་ལྟར་ཡོན་ཏན་བསྟན་ནས་དེའི་འབྲས་བུ་བསྟན་པ། གྲགས་དང་དགའ་ཞིང་བ ཀུན་གྱིས་བཀུར་བ་སྟེ། །ཆོས་ལྡན་འབྲས་བུ་དེ་དེ་མང་པོ་མཐོང་། །ཚུལ་ཁྲིམས་འབྲས་བུ་དྲང་སྲོང་ཆེན་པོས་གསུངས། །ཚུལ་ཁྲིམས་ནད་ལ་སྨན་གྱི་མཆོག་ཡིན་ཅིང་། །མུན་པའི་སྒྲོན་མ་ཉམ་ཐག་ལ་སྐྱབས་དང་། །འཇིགས་ལ་སྲུང་དང་ཕོངས་ལ་ཉེ་དུ་དང་། །འཆི་བའི་རྒྱ་མཚོ་མཐའ་མེད་གཟིངས་གྱུར་ཡིན། །གང་ཞིག་འདུལ་བའི་འབྲས་བུ་དེ་ཉིད་གཉེན་པོའི་དཔེ་དྲུག་གི་སྒོ་ནས་བཤད་པ། ཚུལ་ཁྲིམས་རྣམ་འཇིག་ཚེ། །


JKT002_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

སྐྲག་ཞུགས་ཚུལ་ཁྲིམས་ལྡན་ལ་ཡོད་མ་ཡིན། །དེ་བས་དེ་ལྟར་འབྲས་བུ་བཤད་ནས་དེ་ཉིད་བསྲུང་བར་གདམས་པ། འཇིག་རྟེན་གཞན་མཐའ་བརྒལ་སེམས་ཀྱིས། །འབྲས་བུའི་སྒོ་ནས་གང་ཟག་གི་ཁྱད་པར་བསྟན་པ་གང་ཞིག་འགྲོ་འདོད་དེས་ནི་ཚུལ་ཁྲིམས་བསྲུང་། །ཚུལ་ཁྲིམས་དེ་ཉིད་བྱེ་བྲག་ཏུ་བསྟན་པ་དང་། ཞོར་ལ་ཤེས་རབ་ཀྱི་འབྲས་བུའི་སྒོ་ནས་གདམས་པ། ཚུལ་ཁྲིམས་དྲི་མེད་མ་ལུས་ཇི་བཞིན་བཞག །ཤེས་རབ་ཞི་བས་ཡིད་ན་ཡོངས་སྨིན་འགྱུར། །འདི་ན་རྒ་ཤི་དེས་ན་ཚུལ་ཁྲིམས་ལ་རགས་ལུས་པས་མཇུག་བསྡུ་བའི་ཚུལ་གྱིས་བསྟན་པ་སྟེ་དགུའོ། །ནད་འཇིགས་རྣམ་ཐར་པ། །གང་ཞིག་ཐོབ་འདོད་དེས་ནི་ཚུལ་ཁྲིམས་བསྲུང་། །ཚུལ་ཁྲིམས་ཀྱི་གཏམ་འདིའི་འགྲེལ་པ་སློབ་དཔོན་གསལ་གྲགས་ཀྱིས་མཛད་པ་ཤིན་ཏུ་ཞལ་གསལ་བཞུགས་སོ། །མཆན། སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་ཛ་རན་ན་དང་། ཞུ་ཆེན་གྱི་ལོ་ཙཱ་བ་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།སངས་རྒྱས་ཀྱི་སྤྱོད་པ་ཞེས་པའི་སྙན་ངག་ཆེན་པོ་སློབ་དཔོན་རྟ་དབྱངས་ཀྱིས་མཛད་པ་ལེའུ་ཉི་ཤུ་རྩ་བརྒྱད་པ་ལས། ཡུལ་གྱི་བུད་ཤིང་ཅན་ནི་འདོད་ཆགས་མེ་ཡིས་ནི། །འཇིག་རྟེན་སྐྱེ་བོ་རྣམ་པར་བསྲེགས་པར་གྱུར་པ་ལ། །སོས་ཀའི་ཐ་མ་སྤྲིན་ཆེན་གྱི་ནི་ཆར་བཞིན་དུ། །འདི་ཡི་ཆོས་ཀྱི་ཆར་གྱིས་རབ་ཏུ་ཚིམ་བྱེད་འགྱུར། །ཞེས་དང་། ཇི་ལྟར་སྨན་ནི་བསྙེན་པར་མི་བྱེད་སྐྱེས་བུ་ཡིས། །སྨན་པ་མཐོང་བ་ལས་


JKT002_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་ནད་ནི་འཇོམས་མིན་ཏེ། །དེ་བཞིན་བདག་གི་ཡེ་ཤེས་འདི་ནི་མ་བསྒོམས་ན། །བདག་ནི་མཐོང་བ་ལས་ཀྱང་སྡུག་བསྔལ་འཇོམས་མ་ཡིན། །ཇི་ལྟར་འཇིག་རྟེན་དག་ན་སྐྱེ་བ་རྟོགས་ནས་སུ། །དེས་ནི་ཆད་པའི་ལྟ་བ་རྣམ་པར་སྤངས་པ་སྟེ། །འཇིག་རྟེན་དག་ན་ནུབ་པར་འགྲོ་བ་ཤེས་ནས་སུ། །རྟག་པའི་ལྟ་བ་བརྟན་པོར་སྐྱེན་པར་སྤངས་པའོ། །ཞེས་དང་། དགེ་སློང་རྣམས་ལ་ཐུགས་རྗེ་ཆེན་པོ་མངའ་བས་བསྟན། །སློབ་དཔོན་བཞིན་དུ་སྒྲོན་མ་བཞིན་དུ་དོན་བཞིན་དུ། །བདག་འདས་ཚེ་ན་སོ་སོར་ཐར་པ་བསྟེན་བྱ་སྟེ། །ཁྱོད་ཀྱི་སྟོན་པ་དེ་ཡིན་དེ་དབང་གིས་འགྱུར་བྱ། །ཁོ་བོ་གནས་པ་ན་ཡང་དེ་ཙམ་ཉིད་སྨྲའོ། །ལུས་དང་ངག་གི་ལས་ནི་རྣམ་པར་དག་འདོད་པས། །དེ་བཞིན་འཇིག་རྟེན་ཐ་སྙད་ཐམས་ཅད་འདོར་བ་དང་། །ས་དང་སྲོག་ཆག་ས་བོན་རྫས་ལ་སོགས་རྣམས་ཀྱིས། །བདག་ཏུ་འཛིན་པ་ལས་ནི་མེ་བཞིན་ལྡོག་པའོ། །ཞེས་དང་། སྐྱེ་ན་འཆི་དང་རྒ་བ་དང་མཉམ་འཇིགས་པ་དང་། །མཐོ་རིས་དག་ན་འཕོ་བ་དང་མཉམ་ཡོད་མིན་ཏེ། །ཞེས་དང་། མཆོག་ཏུ་མི་འགྱུར་འཕོ་བ་མེད་པ་བརྙེས་ལྡན་པ། །བརྩེ་བ་དང་བཅས་ཐུབ་པ་བློ་གྲོས་ཆེན་པོ་ནི། །མཆོད་འོས་མཆོད་ལ་མཆོག་ལ་དམ་པ་འོངས་པའོ། །ཞེས་སོགས་གསུངས་ཤིང་འདི་ཉིད་སྙན་ངག་ཚིག་སྦྱོར་ཕུན་སུམ་ཚོགས་པ་ཡོད་དོ། ༈ །བྱང་ཆུབ་སེམས་དཔའི་


JKT002_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་རབས་ཆོས་ཀྱི་གཎྜི་དཔའ་བོས་མཛད་པ་ལས། གང་ཞིག་འདབ་གཤོག་རྒྱས་པ་ཡོན་ཏན་བརྒྱ་ཕྲག་རབ་མཆོག་ཡང་དག་ལྡན་པའི་བདག་ཉིད་ཀྱི། །བྱ་ཞིག་བྱུང་གྱུར་རི་དྭགས་དགྲ་ཡིས་མགྲིན་པར་རུས་པའི་དུམ་བུ་རིང་པོ་ཟུག་པ་ཕྱུང་བྱས་ཏེ། །རི་དྭགས་དེས་སླད་བསད་ཅིང་ཟ་ཕྱིར་བརྙས་ཐོབ་གྱུར་མོད་དེ་ནི་ནུས་ནའང་ཁྲོ་མ་གྱུར། །བཟོད་པའི་ཞིང་དེའི་འཆི་མེད་རང་བཞིན་འབྲས་བུ་བཅས་གྱུར་ཆོས་ཀྱི་གཎྜིའི་སྒྲ་བསྒྲགས་སོ། །ཞེས་སོགས་འབྱུང་། ༈ །རྒྱལ་པོར་གཏམ་བྱ་རིན་པོ་ཆེའི་ཕྲེང་བ་ལས། དེ་ལ་མངོན་མཐོ་བདེ་བ་སྟེ། །ངེས་པར་ལེགས་པ་ཐར་པར་འདོད། །དེ་ནི་སྒྲུབ་པ་མདོར་བསྡུ་ན། །མདོར་ན་དད་དང་ཤེས་རབ་བོ། །ཞེས་དང་། དད་ཅན་ཉིད་ཕྱིར་ཆོས་ལ་བརྟེན། །ཤེས་རབ་ལྡན་ཕྱིར་ཡང་དག་རིག །འདི་གཉིས་གཙོ་བོ་ཤེས་རབ་སྟེ། །འདི་སྔོན་འགྲོ་བ་དད་པ་ཡིན། །འདུན་དང་ཞེ་སྡང་འཇིགས་པ་དང་། །རྨོངས་པ་གང་ཞིག་ཆོས་མི་འདའ། །དེ་ནི་དད་པ་ཅན་ཞེས་བྱ། །ངེས་པར་ལེགས་པའི་སྣོད་མཆོག་ཡིན། །ཞེས་དང་། མི་གསོད་པ་དང་རྐུ་སྤོང་དང་། །གཞན་གྱི་ཆུང་མ་སྤོང་བ་དང་། །ལོག་དང་ཕྲ་མ་རྩུབ་ཉིད་དང་། །མི་འབྲེལ་སྨྲ་བ་ཡང་དག་སྡོམ། །ཆགས་དང་གནོད་སེམས་མེད་པ་ལ། །ཉིད་ཕྱིར་ལྟ་བ་ཡོངས་སྤོང་བ། །འདི་དག་ལས་ལམ་དཀར་བཅུ་སྟེ། །བཟློག་པ་དག་ནི་ནག་པོ་ཡིན། །ཆང་


JKT002_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

མི་འཐུང་དང་འཚོ་བ་བཟང་། །རྣམ་པར་མི་འཚེ་གུས་སྦྱིན་དང་། །མཆོད་འོས་མཆོད་དང་བྱམས་པ་སྟེ། །མདོར་ན་ཆོས་ནི་དེ་བཞིན་ནོ། །ཞེས་དང་། ཇི་སྲིད་ཕུང་པོར་འཛིན་ཡོད་པ། །དེ་སྲིད་དེ་ལ་ངར་འཛིན་ཡོད། །ངར་འཛིན་ཡོད་ན་ཡང་ལས་ཏེ། །དེ་ལས་ཡང་ནི་སྐྱེ་བ་ཡིན། །ཞེས་དང་། ཆགས་དང་ཞེ་སྡང་གཏི་མུག་དག །ཉེས་པར་མཁྱེན་ནས་ཡོངས་སུ་སྤང་། །མ་ཆགས་དང་ནི་གཏི་མུག་མེད། །ཡོན་ཏན་མཁྱེན་ནས་གུས་པས་བསྟེན། །ཞེས་དང་། ལྷ་ཡི་ཕུན་སུམ་ཚོགས་པས་ཀྱང་། །ཁེངས་པ་ཉིད་དུ་མི་བྱ་ཞིང་། །ཡི་དྭགས་བས་ཀྱང་དབུལ་བ་ཡི། །རྒུད་པས་ཀྱང་ནི་ཞུམ་མི་བྱ། །ཞེས་དང་། དེ་ལ་བྱང་ཆུབ་སེམས་དཔའ་ཡི། །ཡོན་ཏན་མདོར་བསྟན་བྱ་བ་ནི། །སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །བསམ་གཏན་ཤེས་རབ་སྙིང་བརྩེ་སོགས། །སྦྱིན་པ་རང་ནོར་ཡོངས་བཏང་བ། །ཚུལ་ཁྲིམས་གཞན་ཕན་བྱ་བའོ། །བཟོད་པ་ཁྲོ་བ་སྤོང་པ་སྟེ། །བརྩོན་འགྲུས་དགེ་ལ་སྤྲོ་བ་ཉིད། །བསམ་གཏན་རྩེ་གཅིག་ཉོན་མོངས་མེད། །ཤེས་རབ་ངེས་དོན་གཏན་ལ་འབེབས། །སྙིང་བརྩེའི་སེམས་ཅན་ཐམས་ཅད་ལ། །སྙིང་རྗེ་རོ་གཅིག་བློ་གྲོས་སོ། །སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ། །བཟོད་པས་མདངས་ལྡན་བརྩོན་པས་བརྗིད། །བསམ་གཏན་གྱིས་ཞི་བློ་ཡིས་གྲོལ། །སྙིང་བརྩེ་བས་ནི་གཞན་དོན་འགྲུབ། །བདུན་


JKT002_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

པོ་འདི་དག་མ་ལུས་པར། །གཅིག་ཅར་ཕ་རོལ་ཕྱིན་པ་ཡིས། །ཡེ་ཤེས་བསམ་གྱིས་མི་ཁྱབ་ཡུལ། །འཇིག་རྟེན་མགོན་པོ་ཉིད་ཐོབ་འགྱུར། །ཇི་ལྟར་ཉན་ཐོས་ཐེག་པ་ལ། །ཉན་ཐོས་ས་ནི་བརྒྱད་བཤད་པ། །དེ་བཞིན་ཐེག་པ་ཆེན་པོ་ལ། །བྱང་ཆུབ་སེམས་དཔའི་ས་བཅུའོ། །དེ་དག་དང་པོར་རབ་དགའ་བ། །ཞེས་སོགས་ས་བཅུ་སོ་སོར་༡༠༧མཚན་ཉིད་རྒྱས་པར་གསུངས་སོ། །ཡང་དེའི་འགྲེལ་པ་མི་ཕམ་བཤེས་གཉེན་གྱིས་མཛད་པ་ལས་ལུང་དྲངས་པ། ལྗོན་ཤིང་རྣམས་ནི་མེ་ཏོག་དག་གིས་བརྒྱན། །ཆར་སྤྲིན་རྣམས་ནི་གློག་གི་ཕྲེང་བ་ཡིས། །མཚོ་རྣམས་བུང་བ་རྒྱགས་ལྡིང་པདྨ་ཡིས། །ལུས་ཅན་ཁྱད་པར་ཐོབ་པའི་ཡོན་ཏན་གྱིས། །ཞེས་བཤད་དོ། །འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་རྨི་ལམ་ཡིད་བཞིན་ནོར་བུའི་གཏམ་ལས། གང་ཞིག་རྟོགས་པའི་ཕྱིར་ན་རྨི་ལམ་མཐར། །བྱང་ཆུབ་སེམས་དཔའ་རྣམས་ནི་རིགས་རྙེད་དེ། །ཕན་ཕྱིར་སེམས་ཅན་དགའ་བ་འགའ་ཞིག་ནི། །སྐྱེ་རྒུ་རྣམས་ལ་འདོམས་པར་བྱེད་པ་ཡིན། །བདག་དང་སེམས་ཅན་ཐམས་ཅད་བདེ་སྡུག་མཚུངས། །བདེ་སྡུག་མཚུངས་པ་ཅན་ནི་གཉེན་ཡིན་ན། །་བདག་གིས་དེ་དག་རབ་ཏུ་སྤངས་ནས་ཀྱང་། །མྱ་ངན་འདས་པར་འཇུག་པར་མི་རིགས་སོ། །ཞེས་སོགས་གསུངས་སོ། །དེས་མཛད་པའི་སྦྱིན་པའི་གཏམ་ལས། སྦྱིན་པ་གཏེར་ཆེན་ཕྱི་བཞིན་འབྲང་པ་མིན་


JKT002_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་ཆོམ་རྐུན་ལ་སོགས་འཕྲོག་མི་ནུས། །སྦྱིན་པ་སེམས་ཀྱི་སེར་སྣ་དང་ནི་ཆགས་པའི་སྐྱོན་གྱི་རྡུལ་རྣམས་འཁྲུ་བར་བྱེད། །སྦྱིན་པ་འཁོར་བའི་ལམ་དང་ངལ་བ་སེལ་བ་ཡིན་ཏེ་བཞོན་པ་བདེ་བླག་ཅན། །སྦྱིན་པ་བདེ་དགུར་སྦྱོར་བ་དུ་མ་དག་གི་སྒོ་བཟང་གཏན་གྱི་མཛའ་བོ་མཆོག །འབྱོར་ཅིང་དག་པ་ཕུན་སུམ་ཚོགས་དང་ཀུན་ཏུ་བཀའ་ཉན་ཡོན་ཏན་རྣམས་དང་ནི། །སུམ་ཅུ་རྩ་གསུམ་ལྷ་ཡུལ་གྲོང་ཁྱེར་ལ་གནས་བྱད་གཟུགས་མཛེས་པའི་ཡོན་ཏན་རྣམས། །ཅི་འདོད་དེ་དག་ཐམས་ཅད་སྦྱིན་པ་དག་གིས་ངེས་པར་ཐོབ་འགྱུར་ཏེ། །དེ་ལྟར་དོན་ནི་ཡོངས་སུ་བརྟགས་པར་གྱུར་ནས་སུ་དག་སྦྱིན་པ་སྦྱིན་མི་བྱེད། །སྦྱིན་པ་མེ་དང་ཆུ་དང་ཆོམ་རྐུན་འཇིགས་པའི་འཁྲུགས་པ་རྣམས་ཀྱིས་བསྐྱོད་མི་ནུས། །སྦྱིན་པ་སྒྲིབ་པ་ཟད་བྱེད་སྲིད་པའི་འགྲོ་བ་ཕྱི་བཞིན་འབྲང་པའི་མཛའ་ཆེན་ཡིན། །སྦྱིན་པ་འགྲོ་བའི་རྒྱུན་གྱིས་ཡུལ་རྣམས་ཀུན་ཏུ་སྲོག་ཆགས་རྣམས་ཀྱི་འཇུག་པ་ཡིན། །སྦྱིན་པ་ཚེ་རབས་བགྲང་བ་དག་ཏུ་ཕྱི་བཞིན་འབྲངས་ཏེ་བ་ཕྱིར་བེའུ་བཞིན། །ནོར་རྣམས་ཀུན་གྱི་སྙིང་པོ་བླང་བ་དབང་ཕྱུག་རྣམས་ཀྱི་གཞི་ནི་སྦྱིན་པ་ཡིན། །ཞེས་སོ། །བློ་ཅན་ལེགས་པར་འདོད་པ་ཡིས། །ལེགས་པར་བསྒྲིམས་ཏེ་སྦྱིན་པ་སྦྱིན། །འཁོར་བར་ཡོངས་སུ་འཁྱམས་པ་ན། །སྦྱིན་པ་མ་གཏོགས་གཉེན་མེད་དོ། །ཞེས་དང་། ཕྲད་པར་གྱུར་པའི་མཐའ་ནི་འབྲལ་


JKT002_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

བར་འགྱུར། །ཕུན་སུམ་ཚོགས་པའི་མཐའ་ནི་ངན་ཅིང་རྒུད། །ཚེ་འདི་གློག་ལྟར་འགྱུར་ཞིང་འཇིག་ལ་གཡོ། །དེ་ཡི་ཕྱིར་ན་བག་ཡོད་བརྟན་པོར་གྱིས། །འཇིག་རྟེན་འདི་ཀུན་བདེ་བ་མངོན་པར་འདོད། །#་སྐྱེས་བུ་བདེ་ལ་ལོངས་སྤྱོད་མེད་པར་མིན། །ལོངས་སྤྱོད་སྦྱིན་ལས་བྱུང་བར་མཁྱེན་ནས་ནི། །ཐུབ་པས་དང་པོ་སྦྱིན་པའི་གཏམ་དག་མཛད། །ཅེས་སོ། །ཡང་དེ་ཉིད་ཀྱིས་མཛད་པའི་སྲིད་པ་ལས་འདས་པའི་གཏམ་ལས། །རྒྱ་གར་སྐད་དུ། བྷཱ་བ་སཾ་ཀཱནྟ་པ་རི་ཀ་ཐཱ། བོད་སྐད་དུ། སྲིད་པ་ལས་འདས་པའི་གཏམ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །དངོས་མེད་དངོས་ལས་མི་སྐྱེ་སྟེ། །དངོས་མེད་ལས་ཀྱང་སྐྱེ་མ་ཡིན། །དངོས་པོ་རྟག་ཏུ་སྐྱེ་བ་སྟེ། །དངོས་འཁྲུལ་ནམ་མཁའི་མེ་ཏོག་བཞིན། །མཁའ་དང་འདྲ་བའི་ཆོས་ཡོད་ན། །གཞན་ནི་མཁའ་དང་འདྲ་བ་སྐྱེ། །བརྟེན་ནས་ཐམས་ཅད་མཁའ་དང་འདྲ། །དེ་ནས་སྲིད་པ་མེད་པ་ཅན། །ངོ་བོ་ཉིད་ཀྱིས་ལས་མེད་ཅིང་། །རྒྱུ་མེད་འབྲས་བུ་ཡོད་མ་ཡིན། །འདི་དག་ཐམས་ཅད་མེད་པ་སྟེ། །འཇིག་རྟེན་པ་མེད་འཇིག་པ་མེད། །མ་སྐྱེས་པ་ཡི་དངོས་པོ་གང་། །ཇི་ལྟར་གཞན་ཞིག་བསྐྱེད་པར་འགྱུར། །འཇིག་རྟེན་དང་པོར་མ་བྱུང་སྟེ། །འགའ་ཞིག་གིས་ཀྱང་སྤྲུལ་པ་མིན། །ཟླ་བ་སེང་གེའི་གྲོང་ཁྱེར་བཞིན། །འཇིག་རྟེན་དོན་མེད་གྱི་ནར་འཁྱམས། །འཇིག་རྟེན་རྣམ་པར་


JKT002_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་ལས་འབྱུང་། །རྣམ་རྟོག་སེམས་ལས་ཡང་དག་འབྱུང་། །སེམས་ནི་ལུས་ལ་བརྟེན་པ་སྟེ། །དེ་ཕྱིར་ལུས་ནི་རྣམ་དཔྱད་དོ། །གཟུགས་ནི་སྟོང་པ་ཚོར་བ་རང་བཞིན་མེད། །འདུ་ཤེས་མེད་དེ་འདུ་བྱེད་ཡོད་མ་ཡིན། །འབྱུང་བ་སྤངས་ནས་སེམས་དང་སེམས་བྱུང་མེད། །དེ་ཕྱིར་ལུས་ནི་རྟོག་བྲལ་ངོ་བོ་ཡིན། །སེམས་མེད་ཆོས་རྣམས་དེ་དག་མེད། །ལུས་མེད་ཁམས་རྣམས་ཡོད་མ་ཡིན། །གཉིས་སུ་མེད་པའི་ལས་འདི་ནི། །དེ་ཉིད་རིག་པ་རྣམས་ཀྱིས་བསྟན། །འདི་དག་ཐམས་ཅད་དམིགས་མེད་པར། །གཉིས་སུ་མེད་པར་བསྟན་པ་ཡིན། །བློ་ནི་དམིགས་པ་མེད་བྱས་ནས། །དམིགས་པ་མེད་པར་འབྱུང་བར་འགྱུར། །སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །བསམ་གཏན་ལ་སོགས་བསྟེན་བྱས་ནས། །ཡུན་མི་རིང་པའི་དུས་ཀྱིས་ནི། །བྱང་ཆུབ་དམ་པ་ཐོབ་པར་འགྱུར། །ཐབས་དང་ཤེས་རབ་ལ་གནས་ཏེ། །སེམས་ཅན་རྣམས་ལ་བརྩེ་བར་བྱ། །མྱུར་བར་ཁོ་ནར་ཐམས་ཅད་མཁྱེན། །ཐོབ་པར་འགྱུར་བ་ཐེ་ཚོམ་མེད། །འདི་དག་ཐམས་ཅད་མིང་ཙམ་སྟེ། །འདུ་ཤེས་ཙམ་ལ་རབ་ཏུ་གནས། །རྗོད་པར་བྱེད་ལས་ཐ་དད་པའི། །ཚུ་བརྗོད་པར་བྱ་བ་ཡོད་མ་ཡིན། །ཆོས་རྣམས་ཐམས་ཅད་མིང་མེད་དེ། །བདག་མེད་པར་ཡང་ཡོངས་སུ་གསལ། །ཡང་དག་མིན་པའི་ཆོས་འདི་དག །རྣམ་པར་རྟོག་པས་ཀུན་ནས་བསླངས། །གང་གིས་སྟོང་པ་
ཞེས་བཏགས་པའི། །རྟོག་པ་དེ་ཡང་འདིས་སྟོང་ངོ་། །མིག་གིས་གཟུགས་རྣམས་མཐོང་བར་ནི། །དེ་ཉིད་གསུངས་པས་གང་བཤད་པ། །ལོག་པར་ཞེན་པའི་འཇིག་རྟེན་ལ། །ཀུན་རྫོབ་བདེན་པར་བརྗོད་པ་ཡིན། །གང་དུ་ཚོགས་པར་མཐོང་བ་ནི། །འདྲེན་པས་སྟོན་པར་བྱེད་པ་ཡིན། །བློ་དང་ལྡན་པས་དོན་དམ་གྱི། །ཉེ་བར་བརྟག་པའི་ས་དེ་གསུངས། །མིག་གིས་གཟུགས་ནི་མི་མཐོང་སྟེ། །ཡིད་ཀྱིས་ཆོས་རྣམས་མི་རིག་གོ །འཇིག་རྟེན་པ་ཡི་ཡུལ་མིན་གང་། །འདི་ནི་མཆོག་ཏུ་བདེན་པའོ། །མིག་མེད་གཟུགས་ཀྱང་ཡོད་མིན་ཞིང་། །སྣང་བ་ཡིད་ལ་བྱེད་པ་མེད། །སེམས་ནི་རྨི་ལམ་བཞིན་དུ་འཁྲུལ། །ཐམས་ཅད་ཡོད་མིན་མེད་པའང་མིན། །སྲིད་པ་ལས་འདས་པའི་གཏམ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ།། །།ཁ་ཆེའི་པཎྜི་ཏ་ཤྲཱི་ར་ཐ་དང་། ལོ་ཙཱ་བ་དགེ་སློང་གྲགས་འབྱོར་ཤེས་རབ་ཀྱིས་བསྒྱུར་བའོ།།


previousརྒྱ་གར་མཁས་པའི་གཏམ་གྱི་ཚོགས་ཉེ་བར་བསྡུས་པ།next