Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཕུན་སུམ་ཚོགས་པ་ལྔ་ལྡན་དང་མཎྜལ་གྱི་རྣམ་བཤད་ཟུང་འབྲེལ་དུ་འཆད་ཚུལ་ཉུང་གསལ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཕུན་སུམ་ཚོགས་པ་ལྔ་ལྡན་དང་མཎྜལ་གྱི་རྣམ་བཤད་ཟུང་འབྲེལ་དུ་འཆད་ཚུལ་ཉུང་གསལ།next

ཕུན་སུམ་ཚོགས་པ་ལྔ་ལྡན་དང་མཎྜལ་གྱི་རྣམ་བཤད་ཟུང་འབྲེལ་དུ་འཆད་ཚུལ་ཉུང་གསལ།


JKT002_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

ཕུན་སུམ་ཚོགས་པ་ལྔ་ལྡན་དང་མཎྜལ་གྱི་རྣམ་བཤད་ཟུང་འབྲེལ་དུ་འཆད་ཚུལ་ཉུང་གསལ་བཞུགས་སོ། །ཨོཾ་སྭ་སྟི། སྤངས་རྟོགས་མཐར་ཕྱིན་སྟོན་པ་རྫོགས་སངས་རྒྱས། །ལུང་རྟོགས་བདག་ཉིད་བསྟན་པ་དམ་པའི་ཆོས། །རྒྱལ་སྲས་བསྟན་པ་འཛིན་པས་དགེ་འདུན་ཏེ། །མཆོག་གསུམ་འདུས་ཞལ་ཚོགས་ཀྱིས་ཤིས་པ་སྩོལ། །


JKT002_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་གྱི་ཤིས་པར་བརྗོད་པའི་ཚིག་གིས་མདུན་བསུས་ནས། སྐབས་སུ་བབས་པའི་བརྗོད་པར་བྱ་བ་ནི། འདིར་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པའི་འབྱུང་གནས་རྩ་རྒྱུད་ཀྱི་བླ་མ། །དོན་གཉིས་མཐར་ཕྱིན་པ་རྫོགས་པའི་སངས་རྒྱས། སྒྲིབ་གཉིས་མུན་པ་སེལ་བ་དམ་ཆོས་དཀོན་མཆོག །རིག་གྲོལ་གཉིས་ལྡན་འཕགས་པའི་དགེ་འདུན་ཏེ། དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་པོ་འདི་དག་སྐྱེ་འགྲོ་ཐམས་ཅད་ཀྱི་བླ་ན་མགོན་དང་སྐྱབས་དང་དཔུང་གཉེན་གཅིག་པུར། རྣམ་དག་ཆོས་ཀྱི་དབྱིངས་ཀྱི་ནམ་མཁའ་ཡངས་པར། སྐུ་གསུམ་ཉིན་མོར་བྱེད་པའི་དཀྱིལ་འཁོར་རབ་ཏུ་རྒྱས་ཏེ། གཞན་ཕན་ཕྲིན་ལས་ཀྱི་འོད་ཟེར་ཕྱོགས་བཅུར་སྤྲོ་བས། ཕན་བདེའི་པད་ཚལ་མ་ལུས་པ་རྒྱས་བཞིན་དུ་བཞུགས་པའི་སྐྱབས་འོག་ཏུ། དེང་འདིར་གདན་འཛོམ་པའི་འཚོགས་པ་ཆེན་པོར་གྱུར་པ་ནི། དུས་གསུམ་རྒྱལ་བའི་ཡོན་ཏན་དང་ཕྲིན་ལས་ཐམས་ཅད་གཅིག་ཏུ་བསྡུས་པའི་ངོ་བོ། སྟོན་པའི་རྒྱལ་ཚབ། བསྟན་པ་རིན་པོ་ཆེའི་བདག་པོ། བསྟན་འཛིན་དགེ་འདུན་འདུས་པའི་གཙོ་བོར་མཁན་ཆེན་རྡོ་རྗེ་འཆང་ཆེན་པོས་དབུ་མཛད། བསྟན་པའི་གསལ་བྱེད་ཡོངས་ཀྱི་དགེ་བའི་བཤེས་གཉེན་མདོ་དང་སྔགས་ཀྱི་གཞུང་ལུགས་རྒྱ་མཚོ་ལྟ་བུའི་ཕ་རོལ་ཏུ་སོན་པས་འཕགས་པའི་དགེ་འདུན་ཚོགས་ཀྱིས་


JKT002_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

གྲལ་གྱི་གོང་མནན། རྒྱལ་བའི་མྱུ་གུ་དམ་པ། རྒྱལ་བསྟན་སྐྱོང་བའི་རྩ་ལག །དད་དང་གཏོང་བའི་ནོར་ཅན་ལྷ་རིགས་ཆོས་ཀྱི་རྒྱལ་པོ་མཆེད་ཞལ་རྣམས་ཀྱིས་གྲལ་གྱི་དབུ་བཟུང་། རིགས་དང་ཡོན་ཏན་གྱིས་མངོན་པར་མཐོ་བའི་རྗེའི་བློན་ཆེན་སོགས་ཡ་རབས་དྲྭ་མ་རྣམས་ཀྱིས་གྲལ་གྱི་འཕྲོ་མཐུད། རྣམ་དཔྱོད་བློ་གྲོས་ཀྱི་རྩལ་ཆེ་ཞིང་སོ་སོའི་ཡོན་ཏན་ལ་བསླབ་སྦྱངས་མཐར་ཕྱིན་པའི་ཡོན་ཏན་མཁན་པོ་རྣམས་ཀྱིས་གྲལ་གྱི་ཟུར་རྒྱན། བསོད་ནམས་དཔལ་གྱིས་མངོན་པར་མཐོ་ཞིང་ཡ་རབས་ཀྱི་སྤྱོད་པས་རང་རྒྱུད་མཛེས་པ། མི་ངལ་བའི་བྱ་བས་མགྲོན་སོ་སོར་ཚིམ་པར་བྱེད་པའི་ཕྱག་བདེ་བ་རྣམས་ཀྱིས་གྲལ་གྱི་མཐའ་བསྟེན་པ་སྟེ། འདི་ལྟར་འཚོགས་པ་ཐམས་ཅད་ཀྱང་སྤྱི་འབྲེལ་རྒྱ་ཆེ་བ་རྣམ་དཀར་ལས་ཀྱི་གཞི་གཟུང་། དག་པ་སྨོན་ལམ་གྱིས་མཚམས་སྦྱར། སྒོས་འབྲེལ་མཐའ་བཙན་པས་ཆོས་དང་དམ་ཚིག་གི་སྲད་བུས་སྦྲེལ་ཞིང་དཔོན་སློབ་དང་མཆོད་ཡོན་ལྷན་ཅིག་ཏུ་འཛོམ་པས་འབྲེལ་བ་ཟབ། རྣམ་གྲོལ་ཐར་པ་དང་ཐམས་ཅད་མཁྱེན་པའི་དགའ་ཚལ་ཆེན་པོའི་རང་གཞན་གྱི་རྒྱུད་ལ་ཚོགས་གཉིས་རླབས་པོ་ཆེ་རྫོགས་པའི་དགའ་སྟོན་ལ་འཚོགས་པས་ན་ཚོགས་པ་ཡང་བཟང་། དེ་ལྟ་བུས་སྐབས་འདིར་ཞུགས་པའི་ལོ་རྒྱུས་ལ། སྤྱིར་གཞི་སྐྱེ་བོ་མི་ཆོས་ཀྱི་ལོ་རྒྱུས། རྒྱན་དམ་པ་ལྷ་ཆོས་ཀྱི་ལོ་རྒྱུས། བྱས་ཤིང་དྲིན་དུ་


JKT002_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

བཟོ་བ་བཀའ་དྲིན་ཆེ་བའི་ལོ་རྒྱུས་དང་གསུམ། དེ་ལ་ཡང་། སྟེང་ན་རྗེའི་གདུང་རབས། འོག་ན་འབངས་ཀྱི་མི་རབས། སྟོང་སྡེ་སྲིད་པའི་ཆགས་ཚུལ། འཇིག་རྟེན་ལུགས་ཀྱི་རྣམ་གཞག །རྒྱལ་ཡུམ་ཤེས་ཕྱིན་གྱི་མདོ་ལ་བརྟེན་ནས་ཟབ་པ་དེ་ཁོ་ན་ཉིད་ཀྱི་གནས་ལུགས། སྡེ་བདུན་མངོན་པའི་མདོ་ལ་བརྟེན་ནས་རྒྱས་པ་ཕུང་ཁམས་སྐྱེ་མཆེད་ཀྱི་རྣམ་གཞག །སྡེ་བཞི་འདུལ་བའི་ལུང་ལ་བསྟེན་ནས་ཕྲ་བ་ལས་འབྲས་ཀྱི་རྣམ་དབྱེ། བསྐལ་བ་བཟང་པོ་ལ་བརྟེན་ནས་བསྐལ་བཟང་སངས་རྒྱས་ཀྱི་བྱོན་ཚུལ། སྙིང་རྗེ་པད་དཀར་ལ་བརྟེན་ནས་རྣམ་དག་སྨོན་ལམ་གྱི་བཏབ་ཚུལ། རྒྱ་ཆེ་རོལ་པ་ལ་བརྟེན་ནས་སྟོན་པ་ཐུབ་པའི་དབང་པོས་མཛད་པ། རྡོ་རྗེ་གཅོད་པ་དང་འབུམ་ཊི་ཀ་ལ་སོགས་པའི་རྗེས་སུ་འབྲངས་ནས་བསྟན་པའི་གནས་ཚད་སོགས་འཆད་པ། དཀོན་མཆོག་གསུམ་ལ་དད་པ་སྐྱོ་ངལ་མེད་པར་བྱེད་པ། དུས་གསུམ་གྱི་ཕ་མ་ལ་དྲིན་ལན་བསླབ་པ། མིག་མཐོ་སར་བལྟ་ཞིང་གོང་མ་རྣམས་ཀྱི་རྗེས་སྙེགས་པ། དེ་དག་གི་བཀའ་དྲིན་རྗེས་སུ་དྲན་པས་ལས་བྱས་པ་ལ་དྲིན་ལན་མི་བརྗེད་པ་སོགས་འཆད་ཚུལ་མང་དུ་མཆིས་ཀྱང་འདིར་དེ་དག་གི་དོན་བསྡོམས་པའི་ཚུལ་གྱིས། འཆད་མཁས་པས་བཤད་སླ་ལ། ཉན་ཤེས་པས་གོ་བདེ་བ། བརྗོད་བྱའི་གཙོ་བོ་ཕུན་སུམ་ཚོགས་པ་ལྔ་ལྡན་གྱི་སྒོ་ནས་སྙན་སྒྲོན་ཅུང་ཟད་ཅིག་ཞུ་ན།


JKT002_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

ཐོག་མར་ཕུན་སུམ་ཚོགས་པ་གཞན་རྣམས་གང་དུ་ཚོགས་པའི་གནས་ནི། དེ་ཡང་དོན་དམ་པའི་དབང་དུ་བྱས་ན་འཇིག་རྟེན་གྱི་ཁམས་ལ་ཚད་མེད། འཇིག་རྟེན་ཀུན་རྫོབ་ཏུ་སེམས་ཅན་རྣམས་ཀྱི་མོས་པ་སྣ་ཚོགས་པའི་དབང་གིས་འཇིག་རྟེན་གྱི་ཁམས་ལ་ཚད་སྣ་ཚོགས་གསུངས་པས་ན། འདི་ཙམ་ཞེས་ཚད་བཟུང་བར་མི་ནུས་ན་ཡང་། མངོན་པ་གོང་འོག་དང་། དཔལ་དུས་ཀྱི་འཁོར་ལོ། བདེ་མཆོག་མཁའ་འགྲོ་རྒྱ་མཚོ་སོགས་མདོ་རྒྱུད་དུ་མ་ནས་ཚད་ཅུང་ཟད་མི་མཐུན་པ་གསུངས་པ་རྣམས་ཀྱི་ནང་ནས། འདིར་དམ་པའི་ཆོས་མངོན་པ་ལས། གླིང་བཞི་དང་ནི་ཉི་ཟླ་དང་། །རི་རབ་དང་ནི་འདོད་ལྷ་དང་། །ཚངས་པའི་འཇིག་རྟེན་སྟོང་ལ་ནི། །སྟོང་ནི་སྤྱི་ཕུད་ཡིན་པར་འདོད། །དེ་སྟོང་ལ་ནི་སྟོང་གཉིས་པ། །བར་མའི་འཇིག་རྟེན་ཁམས་ཡིན་ནོ། །དེ་སྟོང་ལ་ནི་སྟོང་གསུམ་པ། །མཉམ་དུ་འཇིག་ཅིང་འབྱུང་བ་ཡིན། །རྒྱ་ཞེས་མི་མཇེད་འཇིག་རྟེན་གྱི་ཁམས་འདི་གཅིག་ཏུ་བྱས་པ་དེ་འདྲ་བ་སྟོང་གི་གྲངས་ཚང་བ་ལ་སྟོང་སྤྱི་ཕུད། དེ་དང་མཚུངས་པའི་སྟོང་གི་གྲངས་ཚང་བ་ལ་བར་མའི་འཇིག་རྟེན། དེ་ལྟ་བུའི་སྟོང་གི་གྲངས་ཚང་བ་ལ་གངས་ཆེན་མཚོའི་རྒྱ་མཚོ་ཆེན་པོར་བརྟེན་ཁོར་ཡུག་གཅིག་གིས་བསྐོར་བའི་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་རྣམས་ཆགས་འཇིག་གཅིག་ཅར་དུ་འབྱུང་བ་འདི་ནི་མཆོག་གི་སྤྲུལ་པའི་སྐུའི་ཞིང་ཁམས་སུ་


JKT002_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་ལ། ཐེག་པ་ཆེན་པོའི་ལུགས་ལ་བཤད་མ་ཐག་པའི་དེ་བྱེ་བ་ཕྲག་བརྒྱར་རབ་འབྱམས་མཚམས་སྦྱོར་གཅིག །དེ་བྱེ་བ་ཕྲག་བརྒྱར་རབ་འབྱམས་རྒྱུད་གཅིག །དེ་བྱེ་བ་ཕྲག་བརྒྱར་རབ་འབྱམས་རྒྱ་མཚོའི་བར་མའི་རྒྱུད་གཅིག །དེ་བྱེ་བ་ཕྲག་བརྒྱར་གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་འཇིག་རྟེན་གྱི་ཁམས་སྤྲུལ་པའི་སྐུ་གཅིག་གི་ཞིང་ཁམས། དེ་རྣམ་སྣང་གངས་ཅན་མཚོའི་བ་སྤུའི་ཁུང་བུ་རེ་དང་ཞིང་གི་རྡུལ་རེར་བྱེ་བ་ཕྲག་བརྒྱར་གནས་ཤིང་། ཐུབ་པ་འདི་ཉིད་བདག་ཅག་རྣམས་ཀྱི་སྟོན་པ་ལོངས་སྐུར་བཞེངས་པ་ཡིན་ལ། ཐུབ་པ་དེས་ཕྱག་མཐིལ་གྱི་ལྷུང་བཟེད་སྤོས་ཆུས་ཡོངས་སུ་གང་བའི་རྒྱ་མཚོ་ཆེན་པོའི་དབུས་སུ། པདྨའི་སྡོང་པོ་ཆེན་པོ་རྒྱ་ཁྱོན་རབ་ཏུ་ཡངས་པ་སྐྱེས་པ་ལ། མེ་ཏོག་པདྨ་ཉི་ཤུ་རྩ་ལྔ་ཐོབ་རྩེགས་སུ་ཡོད་པའི་མེ་ཏོག་རེ་རེའི་སྟེང་དུ་འཇིག་རྟེན་གྱི་ཁམས་རེ་རེ་ཡོད་ལ། དེ་ཡི་ནང་ནས་པདྨ་བཅུ་གཉིས་ཡར་མར་དུ་བརྩིས་པས་དབུས་བཅུ་གསུམ་པའི་སྟེང་དུ་གནས་པའི་འཇིག་རྟེན་གྱི་ཁམས། སྤྲུལ་པའི་སྐུ་ཤཱཀྱའི་རྒྱལ་པོས་འདུལ་ཞིང་མི་མཇེད་འཇིག་རྟེན་གྱི་ཁམས་འདི་ལ། རི་རབ་གླིང་བཞི་གླིང་ཕྲན་ལྕགས་རི་དང་བཅས་པ་ཡོད་པས། གླིང་བཞི་གླིང་ཕྲན་གཞན་ལས་ཁྱད་པར་དུ་འཕགས་པ་འཛམ་གླིང་ལས་ཀྱི་ས་པ་འདི་ལ། རིའི་རྒྱལ་པོ་གངས་ཅན། བྲག་གསེར་གྱི་བྱ་སྐྱིབས་ཅན། མཚོ་མ་དྲོས། རྫིང་བུ་དལ་


JKT002_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་འབབ་པ། ཤིང་སཱ་ལའི་རྒྱལ་པོ་ལ་སོགས་པ་ཡུལ་གྱི་བཀོད་པ་ངོ་མཚར་བ་དུ་མས་མཛེས་པ་འདི་ལ། གྲོང་ཁྱེར་ཆེན་པོ་ལྔ་བརྒྱ། ལྗོངས་ཆེན་པོ་བཅུ་དྲུག །ཡུལ་ཕྲན་སྟོང་། ཡུལ་ཆེན་པོ་སོ་གཉིས། གནས་ཉེར་བཞི། དུར་ཁྲོད་ཆེན་པོ་བརྒྱད། མི་རིགས་སུམ་བརྒྱ་དྲུག་ཅུ། སྐད་རིགས་བདུན་བརྒྱ་ཉི་ཤུ་སོགས་བསམ་གྱིས་མི་ཁྱབ་པ་ཡོད་པའི་ཤར་ཕྱོགས་སུ་རྒྱ་ནག་དང་ཁྲི་སྟན། རྒྱ་ནག་ཏུ་མཁྱེན་རབ་ཀྱི་བདག་པོ་འཕགས་པ་འཇམ་དཔལ་གྱི་ཕོ་བྲང་། རི་བོ་ཆེན་པོ་རྩེ་ལྔ། ལྷོ་ཕྱོགས་སུ་རྒྱ་གར་དང་ཁ་ཆེ། རྒྱ་མཚོའི་འགྲམ་དུ་འཕགས་པ་ཕྱག་ན་པདྨོའི་ཕོ་བྲང་རི་བོ་ཆེན་པོ་གྲུ་འཛིན། ནུབ་ཕྱོགས་སུ་སྟག་སྡེ་དང་གཟིག་ཡན། རིག་འཛིན་གྲུབ་པའི་དབང་པོ་རྣམས་དགྱེས་དགུར་སྤྱོད་པའི་གནས་མཆོག་ཨོ་ཌི་ཡཱ་ན་རྡོ་རྗེ་ཆེན་པོའི་ཕོ་བྲང་། བྱང་ཕྱོགས་སུ་ཁྲོམ་དང་གེ་སར། ཆོས་རྒྱལ་རིགས་ལྡན་རིམ་པར་བྱོན་པའི་གནས་ཤམྦྷ་ལ་ཆ་བསགས་ཀྱི་ཕོ་བྲང་གྲོང་ཁྱེར་བྱེ་བ་དགུ་བཅུ་རྩ་དགུ་དང་བཅས་པ་ཡོད་པའི་ཡུལ་གྱི་བྱེ་བྲག །ཇི་སྐད་དུ་འཇམ་དབྱངས་བསོད་ནམས་དབང་པོས། གླིང་བཞིའི་མཆོག་གྱུར་ལྷོ་ཡི་འཛམ་བུ་ཚུ་གླིང་། །འཛམ་གླིང་ལྟེ་བར་རྒྱ་གར་རྡོ་རྗེའི་གདན། །ཞེས་གསུངས་པ་ལྟར་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་སངས་རྒྱས་པ་དང་འཚང་རྒྱ་བར་འགྱུར་པའི་གནས་མཆོག་འཕགས་ཡུལ་རྡོ་རྗེའི་གདན་ནས་


JKT002_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

བརྩིས་པས་བྱང་ཕྱོགས་ཁ་བ་ཅན་གྱི་ཡུལ། ལྷ་མོ་དྲི་མ་མེད་པས་ཞུས་པའི་མདོ་ལས། ང་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་ལྔ་བརྒྱ་ན་གདོང་དམར་ཅན་གྱི་ཡུལ་དུ་དམ་པའི་ཆོས་དར་བར་འགྱུར་རོ། །ཞེས་པ་ལྟར་བོད་ཡུལ་གདོང་དམར་ཅན་ནམ། སྤུར་རྒྱལ་བོད་དུ་གྲགས་པ། གངས་རི་དཔལ་དང་ལྡན་པས་བསྐོར་བའི་ལྗོངས། འཕགས་མཆོག་སྤྱན་རས་གཟིགས་ཀྱི་གདུལ་བྱའི་ཞིང་དུ་གྱུར་བ་ནི། པདྨ་དྲྭ་བ་ཅན་གྱི་རྒྱུད་ལས། སྔོན་ཚེ་འདས་དུས་བསྐལ་པ་ནི། །བྱེ་བ་ཕྲག་བརྒྱའི་སྔ་རོལ་ན། །བདེ་གཤེགས་རྫོགས་སངས་རྒྱས་ཀྱི་མཚན། །ཚེ་དཔག་མེད་ཅེས་འཇིག་རྟེན་དུ། །སྟོན་པ་བྱུང་བ་བདག་གིས་མནོས། །དེ་ཚེ་ཕྱོགས་བཅུའི་སངས་རྒྱས་ཀྱི། །བདག་ལ་དབང་བསྐུར་ལུང་བསྟན་མཛད། །ཕྱིས་ནི་འདྲེན་པ་ཤཱཀྱ་ཞེས། །མི་མཇེད་འཇིག་རྟེན་ཁམས་འཁྲུངས་ཚེ། །མི་ཡུལ་ལས་ཀྱང་ཁྱད་པར་དུ། །ཡི་ཧྥདྭགས་གླིང་དུ་སྐྱེས་པ་འགའ། །བསྟན་ལ་གདུང་འཕེལ་བྱ་བའི་ཕྱིར། །མཚན་མོ་མུན་ནག་སྤྲིན་རུམ་དུ། །སྐད་ཅིག་གློག་འགྱུ་ཇི་ལྟ་བར། །རིག་སྔགས་འཆང་བ་གདོང་བཅུ་གཅིག །ཡན་ལག་སྟོང་དང་ལྡན་པ་ལ། །སྤྱན་ནི་ཆིག་སྟོང་སུམ་ཅུ་པའི། །ཚེ་དང་ལྡན་པའི་སྐུ་འབྱུང་འགྱུར། །ཞེས་ཤཱཀྱ་སེང་གེའི་བསྟན་པ་ལ། བོད་ཡུལ་ཡི་དྭགས་ཀྱི་གླིང་འདིར། སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གི་འདུལ་ཞིང་དུ་


JKT002_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་བསྟན་པ་ལྟར། ཡོན་ཏན་རིན་པོ་ཆེའི་ཚོགས་ཀྱིས་མངོན་པར་གང་བའི་ཡུལ་ཡི་དམ་གྱི་ལྷའི་བྱིན་རླབས་རྒྱུད་ལ་ཞུགས་པའི་མཚན་མ་གསལ་བྱེད་དུ་བྱིས་པ་དག་གིས་ཀྱང་གསུང་མཆོག་ཡི་གེ་དྲུག་པའི་སྒྲ་རང་བྱུང་དུ་སྒྲོག་པ། ཡུལ་ཉི་ཤུ་རྩ་བཞིའི་ཡ་གྱལ། རྒྱལ་བསྟན་རིན་པོ་ཆེའི་སྲོག་གནས་པའི་ཆོས་ཚིགས་ཀྱིས་ཕྱེ་བའི་ཡུལ་དབུས། གངས་ཅན་ནམ་བོད་དུ་གྲགས་པ་འདི་ལ། སྟོད་ན་མངའ་རིས་སྐོར་གསུམ། བར་དུ་དབུས་གཙང་རུ་བཞི། སྨད་མདོ་ཁམས་ཆུ་བཞི་སྒང་དྲུག་ཏུ་གྲགས་པ་ལས། ཞེས་པའི་མཚམས། དམིགས་བསལ་ལྷུན་གྲུབ་སྟེང་ལྟ་བུ་ལ་མཚོན་ན། མདོ་སྨད་གྱི་ལིང་རྟ་ཡི་ཆོལ་ཁ། འབྲི་རྫ་ཟལ་མོ་སྒང་། ཚ་བ་སྒང་། སྨར་ཁམས་སྒང་། སྤོ་འབོར་སྒང་། དམར་རྫ་སྒང་། མི་ཉག་ར་བ་སྒང་སྟེ་དྲུག་ཏུ་གྲགས་པ་ལས། འབྲི་རྫ་ཟལ་མོ་སྒང་དུ་གྲགས་པ། ལྷོ་ཚ་བ་རོང་གི་ཆུ་ཆེན། འབྲི་ཀླུང་གསེར་དང་ལྡན་པའི་ཆུ་བོ། ཤར་ཟླའི་རྫ་ཆུ་སྔོན་པོ། བྱང་གི་རྨ་ཆུ་ཁུག་པ་སྟེ་ཁམས་ཀྱི་གཙང་ཆེན་བཞི་དལ་གྱིས་འབབས་པ་ལས། འབྲི་ཞེས་བྱ་བའི་ཆུ་ཀླུང་གསེར་དང་ལྡན་པའི་རྒྱུན་ཆེན་པོ་འབབས་སྤྱི་པའི་འགྲམ་ངོགས། བོད་ཡུལ་དབུས་ཀྱི་ལྟེ་བ་འོག་མིན་འཕགས་པའི་གནས་དང་མཚུངས་པ་དཔལ་ལྡན་ས་སྐྱའི་ཆོས་གྲྭ་ཆེན་པོ་ཞེས་ཡོངས་སུ་གྲགས་པ་དེ་ཉིད་ནས་ཤར་ལྷོའི་ཕྱོགས་སུ་ཞག་གི་ཕུང་པོ་གསུམ་


JKT002_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་བརྒལ་བའི་སར། ཇི་སྐད་དུ། རྒྱལ་པོ་ཤིན་ཏུ་མང་མོད་ཀྱི། །ཆོས་བཞིན་སྤྱོད་པ་ཤིན་ཏུ་ཉུང་། །མཁའ་ལ་ལྷ་གནས་མང་ན་ཡང་། །འོད་གསལ་ཉི་ཟླ་ལྟ་བུ་མེད། །ཅེས་པ་ལྟར་མདོ་སྨད་ཡངས་པའི་་ནོར་འཛིན་གྱི་ཁྱོན་ལ་སྤྲུལ་པའི་ཆོས་རྒྱལ་ཆེན་པོ་རིམ་པར་བྱོན་པའི་གནས་མཆོག །གང་གི་ཕྱོགས་མཚམས་སུ། དབུ་ལ་གདུགས། སྙན་ལ་གསེར་ཉ། ཚེམས་ལ་དུང་། སྐུ་ལ་རྒྱལ་མཚན་སོགས་ཐུབ་པ་ས་ལ་རྫོགས་པའི་བཀྲ་ཤིས་པའི་རྟགས་ཀྱིས་མངོན་པར་བཀྲ་བ། ཤར་ཕྱེས། ལྷོ་སྤངས། ནུབ་འདེན། བྱང་སྐྱོབ་པ། ས་རྡོ་ཆུ་ཤིང་ངམ་འབྲོག་སོགས་ཡུལ་གྱི་དགེ་བཅུའི་དཔལ་དང་ལྡན་པ། གཞན་ཡང་མདུན་རིར་སྒྲོམ་བུ་སེང་གེ་བསྒྱིང་བ་འདྲ་བའི། ལུགས་གཉིས་ཁྲིམས་ཀྱི་ང་རོ་མཐོན་པོར་སྒྲོག་པས་སྡིག་སྤྱོད་ཝ་སྐྱེས་ཀྱི་ཀླད་པ་འགེམས་པར་བྱེད་པ། གཡས་རི་གཡུ་འབྲུག་ནམ་མཁར་འཕྱོ་བ་འདྲ་བའི། སྲིད་ན་འགྲན་ཟླ་དང་བྲལ་བའི་སྒྲ་ཆེར་སྒྲོག་པ། གཡོན་རི་གླང་ཆེན་ནོར་བུས་བརྒྱན་པ་ལྟ་བུས་སྲིད་ཞིའི་ཕུན་སུམ་ཚོགས་པའི་འདོད་དགུ་སྟེར་བ། རྒྱབ་རི་བྲག་དཀར་པུ་སྟི་བརྩེགས་པ་འདྲ་བའི། དམ་པ་ཆོས་ཀྱི་བཤད་སྒྲུབ་ཇི་སྙེད་ཅིག་འདུས་པའི་རྟགས། ནུབ་ཕྱོགས་མཛེས་པར་བྱེད་པའི་རྨ་བྱ་ར་བའི་གདོང་གུར་ཕུབ་པ་འདྲ་བའི། རྒྱལ་སྲིད་ཆོས་བཞིན་སྐྱོང་བའི་རྒྱལ་བསྟན་རིན་པོ་ཆེ་རྒྱས་པ། གཡས་


JKT002_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་དུ་ཆུ་གཉིས་མདུན་དུ་འདུས་པས་ཁམས་གསུམ་དབང་དུ་སྡུད་པའི་ཆོས་རྒྱལ་རིམ་པར་བྱོན་པའི་རྟགས་སོགས་དགེ་མཚན་ཕུན་སུམ་ཚོགས་པ་དང་ལྡན་པའི་གནས་མཆོག་དཔལ་ལྡན་སྡེ་བཞི་དང་དགེ་བཅུའི་མིང་དོན་དང་ལྡན་པ་དོན་གཉིས་ལྷུན་གྱིས་གྲུབ་པའི་མཚན་ཅན་གྱི་རྒྱལ་ཁབ་ཆེན་པོ་གཙུག་ལག་ཁང་བསམ་འགྲུབ་མཐོང་གྲོལ་ཆེན་མོ་ཞེས་བྱ་བ་འདི་ཉིད་ནི་གནས་ཕུན་སུམ་ཚོགས་པ་ལགས།། ༈ །གཉིས་པ་སྲིད་ཞིའི་དགེ་ལེགས་ཐམས་ཅད་འབྱུང་བའི་སྒོ་གཅིག་པུར་གྱུར་པ་སྟོན་པ་ཕུན་སུམ་ཚོགས་པ་དེ་ཉིད་འགྲོ་བའི་དོན་དུ་ཇི་ལྟར་བྱོན་པའི་ཚུལ་ནི། སྤྱིར་མི་མཇེད་འཇིག་རྟེན་གྱི་ཁམས་འདིར་ངོ་མཚར་ཤིན་ཏུ་ཆེ་བ་གསུམ་བྱུང་སྟེ། དང་པོ་ཡུལ་མ་ག་དྷ་རྡོ་རྗེའི་གདན་དུ་སྟོན་པ་སངས་རྒྱས་འཇིག་རྟེན་དུ་བྱོན་པ་ནི། དགེ་ལེགས་དང་ངོ་མཚར་དུ་ཆེ་བ་དང་པོ་ཡིན་ཏེ། རྒྱལ་བ་ཉིད་ཀྱི་ཞལ་ནས། ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །འཇིག་རྟེན་གསུམ་གྱི་མགོན་པོ་དྲི་མ་གསུམ་སྤངས་པ། །སངས་རྒྱས་པདྨ་རྒྱས་པ་འདབ་འདྲའི་སྤྱན་མངའ་བ། །འདི་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་དང་པོ་ཡིན། །ཞེས་གསུངས་པ་ལྟར། དེ་ལ་འོ་སྐོལ་གྱི་སྟོན་པ་ཐུབ་པའི་དབང་པོ་འདི་ཉིད་ངེས་དོན་ཡིན་ལུགས་ཀྱི་དབང་དུ་བྱས་ན། ཐོག་མ་མེད་པའི་དུས་ནས་མངོན་པར་རྫོགས་པར་སངས་རྒྱས་ཏེ་ཆོས་ཉིད་འོད་གསལ་


JKT002_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཞིང་ཁམས་སུ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་ངང་ལ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་དང་དགོངས་པ་རོ་གཅིག་ཏུ་བཞུགས་པ་ལས་མ་གཡོས་བཞིན་དུ་སེམས་ཅན་རྣམས་ཀྱི་དོན་དུ་དེ་བཞིན་གཤེགས་པའི་རྣམ་པར་རོལ་པ་བསམ་གྱིས་མི་ཁྱབ་པར་སྣང་བས། གདུལ་བྱ་སོ་སོའི་སྐལ་བ་དང་འཚམས་པར་སྟོན་པར་མཛད་དེ། དམ་ཆོས་པདྨ་དཀར་པོ་ལས། བསྐལ་པ་བྱེ་སྟོང་བསམ་གྱིས་མི་ཁྱབ་པ། །# དེ་ཡི་ཚད་ནི་ནམ་ཡང་མེད་པས་ན། །བྱང་ཆུབ་མཆོག་རབ་འདི་ནི་ངས་ཐོབ་ཅེས། །ང་ནི་རྟག་ཏུ་ཆོས་ཀྱང་རབ་འཆད་དོ། །ཞེས་གསུངས་པ་ལྟར་ལགས་ཀྱང་། ཐ་སྙད་རྣམ་འཇོག་གི་དབང་དུ་བྱས་ཏེ་ཐེག་པ་ཐུན་མོང་བ་ལྟར་ན། བདག་ཅག་གི་སྟོན་པ་འདི་ཉིད། དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བར་དུ་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས། མཐར་མངོན་པར་རྫོགས་པ་སངས་རྒྱས་པའི་ཚུལ་བསྟན་པ་སྟེ། མདོ་སྡེ་བསྐལ་པ་བཟང་པོ་ལས། ང་ནི་སྔོན་ཚེ་དམན་པར་གྱུར་པ་ན། །དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་དེ་ལ། །འཇམ་གང་ཞིག་ནི་རབ་ཏུ་ཕུལ་ནས་ཀྱང་། །དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཞེས་གསུངས་པ་ལྟར་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ཆེན་པོའི་དྲུང་དུ་ཐུགས་བསྐྱེད་པ་ནས། ཐེག་པ་ཆུང་ངུ་ལྟར་ན། རྣམ་གཟིགས་མར་མེ་རིན་ཆེན་གཙུག །གྲངས་མེད་གསུམ་གྱི་ཐ་མར་


JKT002_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་། །དང་པོ་ཤཱཀྱ་ཐུབ་པ་ཡིན། ཀུན་ལ་ཐམས་ཅད་སྙིང་རྗེ་ཡིས། །སྦྱིན་པར་བྱེད་པའི་སྦྱིན་པར་རྫོགས། །ཆགས་བཅས་ཡན་ལག་བཅད་ཀྱང་ནི། །མི་འཁྲུགས་བཟོད་དང་ཚུལ་ཁྲིམས་ཀྱིས། །སྐར་རྒྱལ་བསྟོད་པའི་བརྩོན་འགྲུས་ཀྱིས། །དེ་མ་ཐག་ཏུ་ཏིང་འཛིན་བློ། །ཞེས་པ་ལྟར། གྲངས་མེད་གསུམ་ལ་རིམ་པར། གྲངས་མེད་དང་པོར་སངས་རྒྱས་བདུན་ཁྲི་ལྔ་སྟོང་། གཉིས་པ་བདུན་ཁྲི་དྲུག་སྟོང་། གསུམ་པ་བདུན་ཁྲི་བདུན་སྟོང་གི་བར་བརྙེས་པར་མཛད་ལ། ཐེག་པ་ཆེན་པོ་ལྟར་ན། ལམ་ལྔ་དང་ས་བཅུ་ཡོངས་སུ་རྫོགས་པར་བགྲོད་དགོས་པ་ཡིན་པས་ན། འཕགས་པས་ས་བརྙེས་ནས་སྐད་ཅིག་རེ་རེ་ཡང་། ཕྱོགས་བཅུའི་རབ་འབྱམས་མུ་མཐའ་མེད་པའི་སངས་རྒྱས་གྲངས་མེད་པ་དག་ཡོངས་སུ་མཉེས་པར་མཛད་པ་དང་། སེམས་ཅན་གྲངས་མེད་པ་ཡོངས་སུ་སྨིན་པ་དང་ཞིང་ཁམས་ཚད་མེད་པར་ཡོངས་སུ་སྦྱངས་ཤིང་། ས་བཅུ་རིམ་གྱིས་བགྲོད་པའི་མཐར་འོག་མིན་གྱི་ཞིང་ཁམས་སུ་རྒྱུན་མཐའི་ཡེ་ཤེས་ཀྱིས་ཡང་དག་པའི་མཐའ་མངོན་དུ་མཛད་དེ། ཐམས་ཅད་མཁྱེན་པའི་གོ་འཕང་བརྙེས་ཤིང་། དེ་ལས་མ་ཚུ་གཡོས་བཞིན་དུ་གཙང་མའི་སྟེང་དབང་ཕྱུག་ཆེན་པོའི་འོག་མིན་དང་། གཟུགས་ཁམས་ཀྱི་འོག་མིན་དང་། དགའ་ལྡན་དང་། འཛམ་བུའི་གླིང་རྣམས་སུ་སྤྲུལ་པའི་སྐུར་སྟོན་པར་མཛད་པ་ཡིན་ཏེ། རྒྱུད་བླ་མ་


JKT002_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

ལས། ཐུགས་རྗེ་ཆེན་པོས་འཇིག་རྟེན་མཁྱེན། །འཇིག་རྟེན་ཀུན་ལ་གཟིགས་ནས་ནི། །ཆོས་ཀྱི་སྐུ་ལས་མ་གཡོས་པར། །སྤྲུལ་པའི་རང་བཞིན་སྣ་ཚོགས་སྟོན། །ཅེས་གསུངས་སོ། །སྔགས་ཀྱི་རྒྱུད་སྡེ་རྣམས་ནི། འོག་མིན་དང་གཞན་འཕྲུལ་དབང་བྱེད་ཀྱི་གནས་དང་། རི་རབ་རྩེ་མོ་དང་། མིའི་གནས་ཀྱི་འཇིག་རྟེན་དཔལ་ལྡན་འབྲས་སྤུངས་དང་། ས་ཧོ་ར། ཨོ་ཌི་ཡ་ན། རི་བོ་བྱ་རྐང་ཅན། བསིལ་བ་ཚལ་ལ་སོགས་པར་གནས་དང་དུས་དང་འཁོར་མཐའ་གཅིག་ཏུ་མ་ངེས་པ་ལ་དཀྱིལ་འཁོར་སྤྲུལ་བཤད་ལ་སོགས་པའི་སྒོ་ནས་རྒྱུད་སྡེ་མཐའ་ཡས་པ་གསུངས་ལ། དེ་ཉིད་ཀྱི་རྗེས་སུ་སྟོན་པའི་རྒྱལ་ཚབ་སྟོན་པ་ཉིད་དང་མཚུངས་པར། གནས་བརྟན་འོད་སྲུང་ཆེན་པོ་དང་། འཕགས་པ་ཀུན་དགའ་བོ་ལ་སོགས་པ་བསྟན་པའི་གཏད་རབས་བདུན། གཞན་ཡང་དགྲ་བཅོམ་པ་ཉི་མ་གུང་པ། བླ་མ་གྲགས་པ། བསོས་བྱིན་སོགས་བསྟན་པ་སྐྱོང་བའི་དགྲ་བཅོམ་པའི་སྡེ་དང་། བླ་མ་འོད་སྲུང་མང་སྟོན་སོགས་བཙུན་པ་ཆེན་པོའི་སྡེ་དང་། རྒྱལ་བ་ལེགས་རྒྱལ་དགེ་བ་སོགས་བསྟན་པ་ལ་བྱ་བ་བྱས་པའི་བྲམ་ཟེ་ཆེན་པོའི་སྡེ་ལ་སོགས་པ་རྣམས་ཀྱིས་བསྟན་པ་ཡུན་རིང་དུ་བསྐྱངས་ཤིང་། དེ་དག་གི་སྐབས་སུ་ཐེག་པ་ཆེན་པོའི་བསྟན་པ་ནི། འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་དང་། མཆོག་གཉིས། བྲམ་ཟེ་ཆེན་པོ་ས་ར་ཧ་ལ་


JKT002_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་གྲུབ་པ་བརྙེས་པའི་སློབ་དཔོན་བརྒྱད་ཅུ་རྩ་བཞི། དུས་ཞབས་ཆེ་ཆུང་། མཁས་པ་ཆེན་པོ་སྒོ་དྲུག་ཏུ་གྲགས་པ་རྣམས་ཀྱིས་མདོ་དང་སྔགས་ཀྱི་སྒོ་ནས་སྐལ་ལྡན་དཔག་ཏུ་མེད་པ་སྨིན་གྲོལ་ལ་བཀོད་ནས་རྒྱལ་བསྟན་རིན་པོ་ཆེ་གསལ་བར་མཛད་ལ། འཕགས་པ་སྤྱན་རས་གཟིགས་ཀྱི་ཞིང་ཁམས་གངས་ཅན་བོད་ཀྱི་ཡུལ་འདིར། ཆོས་རྒྱལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བདག་རྐྱེན་མཛད་པ་ལ་བསྟེན་ནས། མཁན་པོ་ཆེན་པོ་ཞི་བ་འཚོ་དང་། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས། པཎྜི་ཏ་བི་མ་ལ་མི་ཏྲ། སློབ་དཔོན་ཀ་མ་ལ་ཤཱི་ལ། ལོ་ཙཱ་བ་ཐོན་མི་སཾ་བྷོ་ཊ། ཀ་ཅོག་ཞང་གསུམ་ལ་སོགས་པ་རྣམས་ཀྱིས་བསྟན་པ་ལ་བྱ་བ་རྒྱ་ཆེན་པོ་མཛད། བསྟན་པ་ཕྱི་དར་གྱི་སྐབས་སུ་རྨ་གཡོ་གཙང་གསུམ་དང་། བསྟན་པའི་ཉི་མ་བླ་ཆེན་དགོངས་པ་རབ་གསལ། ནུས་པ་ཅན་གྱི་ཀླུ་མེས་སོགས་མི་བཅུ། ཇོ་བོ་ཆེན་པོ་དཔལ་ལྡན་ཨ་ཏི་ཤ །པཎ་གྲུབ་ག་ཡ་དྷ་ར། སྤྲུལ་པའི་ལོ་ཙཱ་བ་རིན་ཆེན་བཟང་པོ། ནགས་ཚོ་ལོ་ཙཱ་བ་ཆེན་པོ། འབྲོག་མི་ལོ་ཙཱ་བ་ཤཱཀྱ་ཡེ་ཤེས། འགོས་ལོ་དང་། མལ་ལོ་ཙཱ་བ། ར་ལོ་དང་། ་འབྲོམ་རྒྱལ་བའི་འབྱུང་གནས། ས་རྔོག་ཉི་ཟླ་ཟུང་འབྲེལ་སོགས་མང་དུ་བྱོན་པ་རྣམས་ཀྱི་ནང་ནས། ཞེས་པའི་མཚམས་སོ་སོའི་ལོ་རྒྱུས་སྦྱར་ཏེ། ས་ངོར་གྱི་བླ་ཆེན་ལྟ་བུ་ལ་མཚོན་ན། སྤྱིར་དཔལ་ས་སྐྱ་པའི་


JKT002_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

གདུང་རབས་ཀྱི་ཆེ་བ། བྱེ་བྲག་ཏུ་རྗེ་བཙུན་གོང་མ་ལྔའི་རྣམ་ཐར་རགས་བསྡུས། ཁྱད་པར་གང་ལ་བསྔགས་བྱའི་ཡུལ་དེ་ཉིད་ཀྱི་རིགས་རུས་ཡོན་ཏན་གྱི་ཆེ་བ་སོགས་སྐབས་དང་འབྲེལ་བར་བརྗོད་དོ།། ༈ །།གསུམ་པ་སྟོན་པ་ཕུན་སུམ་ཚོགས་པ་དེ་ཉིད་དུས་ཕུན་སུམ་ཚོགས་པ་ནམ་གྱི་ཚེ་བྱོན་པ་ཡིན་སྙམ་ན། དཔེར་ན་དབྱར་གྱི་དུས་མཚན་མོ་ཆར་མུན་ཆེན་པོའི་ཁྲོད་དུ་གློག་ཕྲེང་ཙམ་འཆར་བ་དང་མཚུངས་པར། སྤྱིར་བསྐལ་པ་ལ་སྒྲོན་མེའི་བསྐལ་པ་དང་། མུན་བསྐལ་གཉིས་ལས། དང་པོའི་ཚེ་སངས་རྒྱས་འཇིག་རྟེན་དུ་བྱོན་གྱི། གཉིས་པ་ལ་མི་བྱོན། དང་པོ་ལ་ཡང་ཆགས་པའི་བསྐལ་པ་དང་། གནས་པའི་བསྐལ་པ་དང་། འཇིག་པའི་བསྐལ་པ་དང་གསུམ་ལས། བར་པ་ཁོ་ན་ལ་བྱོན་གྱི། ཐོག་མཐའ་གཉིས་ལ་མི་བྱོན། བར་པ་ལ་ཡང་ཚེ་ལོ་བརྒྱད་ཁྲི་ཡན་གྱི་ཡར་འཕེལ་གྱི་བསྐལ་པ་ལ་མི་རྣམས་ཚེ་རིང་ཞིང་བདེ་བ་ཤས་ཆེ་བས་སྐྱོ་བའི་བསམ་པ་མི་འབྱུང་བའི་ཆོས་བསྟན་པའི་ཡུལ་མིན་པས་མི་འབྱོན། མར་འགྲིབ་པའི་དུས་སུ་ཡང་མི་འབྱོན་པར། བརྒྱད་ཁྲི་ནས་ཚེ་ལོ་བརྒྱའི་བར་གྱི་དུས་གང་ཡང་རུང་བ་ལ་འབྱོན་པས། བསྐལ་པ་ཕལ་ཆེར་མུན་པའི་བསྐལ་པ་ཡིན་ལ། ད་ལྟའི་བསྐལ་པ་འདི་ཆགས་པའི་ཚེ། རྒྱ་མཚོའི་ནང་ནས་གསེར་གྱི་པདྨ་སྟོང་དང་གཉིས་ཤར་བའི་དགེ་མཚན་དེ་ལྟ་བུ་མཐོང་བས། ལྷ་རྣམས་ཀྱིས་ཨེ་མ་བསྐལ་པ་


JKT002_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་པོའོ། །ཞེས་ཆེད་དུ་བརྗོད་པས། བསྐལ་པ་པདྨ་སྟོང་མཐོང་ངམ། བསྐལ་པ་བཟང་པོ་ཞེས་གྲགས་པ་འདི་ཉིད་ལ། བསྐལ་བཟང་སངས་རྒྱས་སྟོང་ལས་རྩོད་ལྡན་གདུལ་དཀའ་འདུལ་བ་ལ་ཆེད་དུ་བསྔགས་པ་སྟོན་པ་ཐུབ་པའི་དབང་པོ་དེ་ཉིད་མི་མཇེད་འཇིག་རྟེན་གྱི་ཁམས་འདིར་འགྲོ་བའི་དོན་དུ་བྱོན་པ་ཡིན་ལ། དེ་དག་གི་རྗེས་སུ་གདུལ་བྱ་གང་ལ་གང་འདུལ་གྱི་དུས་ཕུན་སུམ་ཚོགས་པའི་སྐབས་སུ་བསྟན་འཛིན་གྱི་སྐྱེས་བུ་རྒྱ་གར་འཕགས་པའི་ཡུལ་དང་། བོད་གངས་ཅན་གྱི་ལྗོངས་འདིར་བསྟན་པ་རིན་པོ་ཆེ་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་དར་རྒྱས་སུ་མཛད་པ་ཡིན་ལ། ཞེས་པའི་མཚམས། དམིགས་བསལ་རབ་བྱུང་བཅུ་བཞི་པའི་དགེ་བྱེད་ལོའི་ཁྲི་སྟོན་ལྟ་བུ་ལ་མཚོན་ན། བྱེ་བྲག་ཏུ་སྐབས་སུ་བབས་པའི་དུས་ནི། སྟོན་པ་ཐུབ་པའི་དབང་པོ་དེ་ཉིད་དྲག་པོ་ཞེས་པ་ལྕགས་སྤྲེལ་གྱི་ལོ་ས་ག་ཟླ་བའི་ཚེས་བདུན་ལ་ལུམྦིའི་ཚལ་དུ་སྐུ་བལྟམས་པ་ནས་ལོ་གྲངས་ཉིས་སྟོང་བརྒྱད་བརྒྱ་བཅུ་གཉིས་འདས་པ།. ཤཱཀྱའི་དབང་པོའི་བསྟན་པ་མི་མཇེད་འཇིག་རྟེན་གྱི་ཁམས་འདིར་ལྔ་སྟོང་སྟེ་ལྔ་བརྒྱ་ཕྲག་བཅུར་གནས་པར་ལྔ་བརྒྱ་པ་གསུམ་རེ་ལ་དུས་རེ་བྱས་པའི་མངོན་པར་རྟོགས་པའི་དུས་དང་། སྒྲུབ་པའི་དུས་དང་། ལུང་གི་དུས་ཞེས་གསུམ་དུ་འགྱུར་པའི་མངོན་རྟོགས་ཀྱི་དུས་གསུམ་དང་། སྒྲུབ་པའི་དུས་ཀྱི་སྟེང་ནས་ལོ་ཆིག་སྟོང་


JKT002_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

ཉིས་བརྒྱ་དང་ཉེར་གསུམ་འདས་ཤིང་། མ་འོངས་བསྟན་པ་རྣལ་མ་སྒྲུབ་པའི་དུས་ཀྱི་ལོ་གྲངས་ཉིས་བརྒྱ་དང་རེ་བརྒྱད། ལུང་གི་དུས་ཡོངས་རྫོགས་བཅས་ལོ་ཆིག་སྟོང་བདུན་བརྒྱ་རེ་བརྒྱད། རྟགས་ཙམ་འཛིན་པ་ལྔ་བརྒྱ་དང་བཅས་པའི་བསྟན་པ་རིན་པོ་ཆེ་དངོས་དང་། གཟུགས་བརྙན་དྲིལ་བས་ལོ་ཉིས་སྟོང་ཉིས་བརྒྱ་དང་རེ་བརྒྱད་གནས་པ། གསང་ཆེན་རྒྱུད་ཀྱི་རྒྱལ་པོ་དཔལ་དུས་ཀྱི་འཁོར་ལོ་གངས་རིའི་ལྗོངས་འདིར་ཕེབས་ནས་རབ་བྱུང་ཐོག་མར་བརྩིས་པའི། རབ་བྱུང་བཅུ་བཞི་པའི་དུས་ཕུན་སུམ་ཚོགས་པ་དེ་ཉིད་དུ་ཞབས་པད་གསེར་གྱི་འཁོར་ལོ་མི་འཇིགས་གདོང་ལྔས་བཏེགས་པའི་ཁྲི་སྟེངས་སུ། བོད་ཟླ་འབངས་བསོད་ནམས་བསགས་པའི་ཞིང་དམ་པར་མངའ་གསོལ་གྲུབ་པ་ནི་དུས་ཕུན་སུམ་ཚོགས་པ་ཉིད་ལགས་སོ།། ༈ །།བཞི་པ་དུས་ཕུན་སུམ་ཚོགས་པ་དེ་ཉིད་དུ་བྱོན་པའི་སྟོན་པ་ཕུན་སུམ་ཚོགས་པ་དེ་ཉིད་ཀྱིས་གསུངས་པའི་ཆོས་ཕུན་སུམ་ཚོགས་པ་ནི། དེ་ལ་ཡང་མི་མཇེད་འཇིག་རྟེན་གྱི་ཁམས་འདིར་ངོ་མཚར་ཆེ་བ་གསུམ་གྱི་ནང་ནས། ཡུལ་ཝཱ་ར་ཎཱ་སི་ལ་སོགས་པ་ཆོས་ཀྱི་འཁོར་ལོ་བསྐོར་བ་ནི་དགེ་ལེགས་དང་ངོ་མཚར་དུ་ཆེ་བ་གཉིས་པ་ཡིན་ཏེ། ཇི་སྐད་དུ། དེ་རིང་ཉེ་བར་བསྟན་པའི་མཆོག་རབ་མི་གཡོ་བ། །འཇིག་རྟེན་གསུམ་ན་གྲགས་ཤིང་ལྷ་དང་མིས་མཆོད་པ། །ཆོས་ཀྱི་དམ་པ་སྐྱེ་རྒུ་རྣམས་ལ་ཞི་


JKT002_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ། །འདི་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གཉིས་པ་ཡིན། །ཞེས་གསུངས་པ་ལྟར་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བསྟན་པ་ཆོས་ཀྱི་འཁོར་ལོ་གསུང་ཚུལ་ནི། མཛོད་ལས། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །ཞེས་པ་ལྟར་རྟོགས་པའི་ཆོས་ལ་འགོག་ལམ་གཉིས། དེ་ལ་སྤངས་རྟོགས་གཉིས་སུ་ཡོད་ལ། ལུང་གི་ཆོས་འཁོར་ལ། ལྷའི་བུ་རབ་སྦྱང གནས་ཀྱིས་ཞུས་པའི་མདོ་ལས། ཆོས་རྣམས་ཐམས་ཅད་བཀའ་དང་བསྟན་བཅོས་གཉིས་སུ་འདུས། །ལེགས་པར་གསུངས་དང་དེ་ཡི་དགོངས་འགྲེལ་བ། །དེ་ཡི་དབང་གིས་ཤཱཀྱའི་བསྟན་པ་འདི། །འཇིག་རྟེན་ཁམས་སུ་ཡུན་རིང་གནས་པར་འགྱུར། །ཞེས་གསུངས་པ་ལྟར་བརྗོད་བྱའི་སྒོ་ནས་སྡེ་སྣོད་གསུམ་གྱི་ཆོས་འཁོར་དང་། གདུལ་བྱའི་སྒོ་ནས་ཉན་ཐོས་དང་། ཐེག་ཆེན་གྱི་སྡེ་སྣོད་ཀྱི་ཆོས་འཁོར་གཉིས་སུ་ངེས་ཏེ། མདོ་སྡེ་རྒྱན་ལས། སྡེ་སྣོད་དག་ནི་གསུམ་མམ་གཉིས་ཀྱང་རུང་། །ཞེས་གསུངས་ཤིང་། དེ་ལྟ་བུའི་ལུང་གི་ཆོས་འཁོར་དེ་ཉིད་ལ་དབྱེ་ན། བྱེ་བྲག་ཏུ་སྨྲ་བ་མངོན་པ་བ་དང་། ལུང་གི་རྗེས་འབྲང་གི་མདོ་སྡེ་པ་གཉིས་ནི། བདེན་པ་བཞི་ལས་བརྩམས་ནས་ཆོས་ཀྱི་འཁོར་ལོ་རྣམ་པ་བཅུ་གཉིས་སུ་བསྐོར་བར་འདོད། གཉིས་པ་གཟུངས་རྒྱལ་གྱི་མདོ་ལས་བཤད་པའི་ཆོས་འཁོར་ནི། གདུལ་བྱ་ཐེག་པ་སྣ་


JKT002_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་པའི་རིགས་ཅན་ལ། ཐོག་མར་འཁོར་བ་ལ་བློ་ལྡོག་ནས་དམན་པའི་ཐེག་པར་ཁ་དྲངས་པའི་ཕྱིར་དྲི་མ་རགས་པ་སྦྱོང་བའི་ཚུལ་གྱིས་ཆོས་འཁོར་དང་པོ་བསྐོར། སླར་ཐེག་པ་ཆེན་པོའི་ལམ་དུ་དཀྲི་བའི་ཕྱིར་དྲི་མ་འབྲིང་པོ་སྦྱོང་པའི་ཚུལ་གྱིས་ཆོས་འཁོར་གཉིས་པ་བསྐོར། དེ་ནས་ལུང་སྟོན་པ་དང་མཚན་འཛིན་གྱི་གནས་ངན་ལེན་སྦྱོང་བའི་ཕྱིར་དྲི་མ་ཕྲ་བ་སྦྱོང་བའི་ཚུལ་གྱིས་ཆོས་འཁོར་གསུམ་པ་བསྐོར་བ་ཡིན་ཚུ ལ། གསུམ་པ་མདོ་སྡེ་དགོངས་པ་ངེས་འགྲེལ་ནས་གསུངས་པའི་ཆོས་འཁོར་ནི། ཡུལ་ཆེན་པོ་དྲུག་གི་ནང་ཚན་གནས་ཝཱ་ར་ཎཱ་སིར་བཀའ་དང་པོ་བདེན་པ་བཞིའི་ཆོས་འཁོར་གསུངས། ཡང་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་དང་། སྤྲུལ་པའི་ཉན་ཐོས་ཀྱི་ཚུལ་བཟུང་བས་གདུལ་བྱ་རྣམས་ལ་ཆོས་ཐམས་ཅད་རང་གི་ངོ་བོས་སྟོང་པའི་སྟོང་པ་ཉིད་བརྗོད་བྱའི་གཙོ་བོར་སྟོན་པའི་ཆོས་འཁོར་ཏེ། བར་པ་མཚན་ཉིད་མེད་པའི་ཆོས་འཁོར་བསྐོར། ཡང་ཐེག་པ་སྣ་ཚོགས་པའི་རིགས་ཅན་མང་པོ་ཞིག་ལ་ཀུན་བརྟགས་དང་གཞན་དབང་གིས་བསྡུས་པའི་ཆོས་ནི་བདེན་པར་མེད་པས་སྒྲོ་འདོགས་ཀྱི་མཐར་མ་ལྷུང་། ཡོངས་གྲུབ་ཀྱིས་བསྡུས་པའི་ཆོས་ནི་བདེན་པར་ཡོད་པས་སྐུར་འདེབས་ཀྱི་མཐར་མ་ལྷུང་པའི་ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་བསྐོར་བ་ཡིན་ལ། བཞི་པ་ཤེར་ཕྱིན་གྱི་མདོ་ལས་


JKT002_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པའི་ཆོས་འཁོར་ནི། ཤེར་ཕྱིན་ལས། ཀྱེ་མ་འཇིག་རྟེན་དུ་ཆོས་ཀྱི་འཁོར་ལོ་ལན་གསུམ་དུ་བསྐོར་རོ། །ཞེས་གསུངས་པ་ལྟར། འདི་བསྐོར་བའི་ཚུལ་ལ་གསུམ་སྟེ། བཅོམ་ལྡན་འདས་ཉིད་ཀྱིས་བླ་གོས་བཞི་སྟབས་སུ་བྱས། གདན་སེང་གེའི་ཁྲི་ལ་ཞབས་རྡོ་རྗེ་སྐྱིལ་ཀྲུང་། དགོངས་པ་སྔོན་དུ་མཛད་ནས་བཞུགས་ཐབས་བཤམས་པ་དང་། གཉིས་པ་ལ་ཏིང་ངེ་འཛིན་གྱི་ཆོ་འཕྲུལ། རྫུ་འཕྲུལ་ལྟ གྱི་ཆོ་འཕྲུལ། ཆོས་གནང་བའི་ཆོ་འཕྲུལ་ཏེ་གསུམ་དང་། གསུམ་པ་ལ། གནས་བྱ་རྒོད་ཕུང་པོའི་རི་བོར་བརྗོད་བྱ་ཕར་ཕྱིན་དྲུག་ལས་བརྩམས་ཏེ་ཤེར་ཕྱིན་གྱི་མདོ་རྒྱས་འབྲིང་བསྡུས་གསུམ་གསུངས་པ་ཡིན་ལ། གཞན་ཡང་ཆོས་འཁོར་དགུ་ཕྲུགས་ཀྱི་ཐ་སྙད་ཡང་བཤད་དེ། བརྗོད་བྱ་བདེན་པ་བཞི་དང་། སྟོང་ཉིད་དང་། མཚན་ཉིད་གསུམ་བརྗོད་བྱའི་གཙོ་བོར་སྟོན་པའི་མདོ་རྣམས་ལ་བཀའ་དང་པོའི་དང་པོ་དང་། དང་པོའི་བར་པ་དང་། དང་པོའི་ཐ་མ་ཡིན་ལ། ཤེར་ཕྱིན་གྱི་མདོ་ལ་ཡང་འཕགས་པའི་བདེན་པ་བཞི་དག་གི་ཞེས་པའི་ཐད་ཀྱི་མདོ་རྣམས་ནི་བར་པའི་དང་པོ། གཟུགས་སོགས་ངོ་བོ་ཉིད་མེད་ཅིང་ཞེས་པའི་ཐད་ཀྱི་མདོ་རྣམས་ནི་བར་པའི་གཉིས་པ། དེ་མ་རྫོགས་དང་རབ་རྫོགས་དང་ཞེས་པ་རྣམས་ནི་བར་པའི་ཐ་མ་དང་། དེ་བཞིན་དུ་བཀའ་ཐ་མ་ལ་ཡང་། བརྗོད་བྱ་བདེན་བཞི་སོགས་གསུམ་གྱིས་ཐ་


JKT002_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

མའི་དང་པོ། ཐ་མའི་བར་པ། །ཐ་མའི་ཐ་མ་ཞེས་པའི་ཐ་སྙད་བཞེད་དོ། །དེ་ལྟ་བུའི་ཆོས་འཁོར་དེ་ཉིད་སྟོན་པའི་གདུལ་བྱ་སོ་སོ་ལ་དུས་རིམ་ཅན་དུ་བསྐོར་རམ། གཅིག་ཅར་དུ་བསྐོར་ཞེ་ན། མཁས་པ་ཕལ་ཆེར་གྱི་བཞེད་པས་རིམ་ཅན་དུ་བསྐོར་བར་བཤད་ཀྱང་། འདིར་མཁས་མཆོག་བསོད་ནམས་རྩེ་མོས། དགོངས་པ་ལུང་སྟོན་ལས། རྟོག་པ་མེད་ཅིང་འཁྲུགས་མེད་པ། །ཡིད་འོང་རྡོ་རྗེའི་ཚིག་གཅིག་པུ། །#་གདུལ་བྱའི་བསམ་པའི་དབང་གིས་ནི། །བྱེ་བྲག་མང་པོར་འགྱུར་པ་ཡིན། །ཞེས་དང་། མདོ་སྡེ་རྒྱན་ལས། སྔར་ལུང་མ་བསྟན་ལྷན་ཅིག་བྱུང་། །ཞེས་གསུངས་པ་ལྟར་བཅོམ་ལྡན་འདས་ཀྱི་གསུང་་ཅིག་གིས་དུས་གཅིག་ལ་གདུལ་བྱ་སོ་སོའི་བསམ་པ་དང་མཐུན་པར་ཆོས་ཀྱི་འཁོར་ལོ་མི་འདྲ་བ་དུ་མ་བསྐོར་བ་ཡིན་ལ། རིམ་ཅན་དུ་བསྐོར་བ་ལྟར་ན་ཡང་། དང་པོའི་ཚེ་དྲང་དོན་གསུངས་ལ་ངེས་དོན་མ་གསུངས་པའམ། གཉིས་པ་དང་གསུམ་པའི་ཚེ་གང་རུང་ཞིག་གསུངས་ལ། གཅིག་ཤོས་མ་གསུངས་པའི་མཐའ་རང་ཅག་རྣམས་ཀྱིས་དཔོག་པར་མི་ནུས་སོ། །གཞན་ཡང་མཁས་པ་འཇུག་པའི་སྒོ་ལས། མཐའ་དྲུག་གང་གིས་ཤེས་པ་དེ། །གཞུང་བཤད་པ་ལ་ཤིན་ཏུ་མཁས། །ཞེས་གསུངས་པ་ལྟར། གདུལ་བྱའི་སྒོ་ནས་དྲང་དོན་དང་ངེས་དོན་གཉིས། རྗོད་བྱེད་ཀྱི་སྒོ་ནས་སྒྲ་ཇི་བཞིན་པ་དང་། ཇི་བཞིན་མ་ཡིན་པ་གཉིས།


JKT002_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་པ་བཤད་པ་གཉིས་ཏེ་དྲུག་ཏུ་ཡོད་པ་ཡིན་ལ། བསྟན་བཅོས་སུ་གྱུར་པའི་ལུང་གི་ཆོས་འཁོར་ནི། བཀའི་དགོངས་པ་རང་དབང་དུ་འགྲེལ་ནུས་པའི་མགོན་པོ་བྱམས་པས་མཛད་པའི་བྱམས་ཆོས་སྡེ་ལྔ་དང་། འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིགས་པའི་ཚོགས་དྲུག་ལ་སོགས་པ་ལ་ཤིང་རྟའི་སྲོལ་འབྱེད་གཉིས་སུ་གྲགས་པ་དང་། གཞན་ཡང་བཀའི་དགོངས་པ་དངོས་སྟོབས་ཀྱི་རིགས་པས་འགྲེལ་ནུས་པ་རྒྱ་གར་འཕགས་པའི་ཡུལ་དུ་གྱུར་པ་རྣམས་དང་། བོད་གངས་ཅན་གྱི་ལྗོངས་འདིར་ཡང་གསང་སྔགས་རྙིང་མ་པ་དང་། ཇོ་བོ་བཀའ་གདམས་པ་དང་། ཆོས་རྗེ་བཀའ་བརྒྱུད་པ་དང་། རི་བོ་དགའ་ལྡན་པ་དང་། དཔལ་ལྡན་ས་སྐྱ་པ་སོགས་གྲུབ་མཐའ་ཅུང་ཟད་མི་མཐུན་པ་མང་དུ་བྱས་ཀྱང་། གསུང་རབས་ཀྱི་ལུང་དང་རྣམ་པར་དག་པའི་རིགས་པས་བསྒྲུབས་པའི་བསྟན་པ་ཡང་དག་པ་བསྲེ་བསླད་དང་བྲལ་བ་ནི་ཆུ་མགོ་གངས་དཀར་ལ་ཐུག་པའི་དཔེ་ལྟར་དཔལ་ལྡན་ས་སྐྱ་པ་ཆེན་པོ་ཞེས་ཡོངས་སུ་གྲགས་པའི་བསྟན་པ་རིན་པོ་ཆེ་འདི་ཉིད་ཡིན་ལ། དེ་དག་ཀྱང་གཞན་རྗེས་སུ་འཛིན་པར་བྱེད་པ་བཟོ་དང་གསོ་བ་རིག་པ། ལོག་རྟོག་ཚར་གཅོད་པར་བྱེད་པ་སྒྲ་དང་ཚད་མ་རིག་པ། :ཀུན་ཤེས་པར་བྱེད་པ་ནང་རིག་པ་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི། བྱེ་བྲག་ཏུ་ནང་རིག་པ་ཀུན་གྱི་རྒྱ་ཆེན་སྤྱོད་པའི་གཞུང་དང་།


JKT002_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་མོ་ལྟ་བའི་གཞུང་དང་། སྒོམ་པ་ཉམས་ལེན་གྱི་གཞུང་དོན་མཐའ་དག་རྒྱལ་བའི་དགོངས་པ་མཐའ་དྲུག་དང་ཚུལ་བཞིའི་སྒོ་ནས་ལེགས་པར་གཏན་ལ་ཕབ་ནས་འཆད་པ་ཡིན་པས་ན་གཞན་ལས་ཆེས་ཁྱད་ཊྛ ་པར་དུ་འཕགས་པ་ལགས། །ད་ལམ་སྐབས་སུ་བབས་པའི་ཆོས་ཀྱི་འཁོར་ལོ་ནི། འཆད་པ་ལེགས་བཤད་ཉི་མའི་འོད་ཟེར་གྱིས་ཤེས་བྱ་རིག་པའི་གནས་ཤིན་ཏུ་ཕྲ་ཞིང་ཟབ་པ་རྣམས་ཀྱང་ལག་མཐིལ་གྱི་སྐྱུ་རུ་ར་ལྟར་གསལ་བར་སྟོན་ཅིང་། རྩོད་པ་ལུང་རིགས་གནམ་ལྕགས་ཀྱི་རྡོ་རྗེས་ལོག་རྟོག་གི་རི་བོ་ཕྱེ་མར་འཐག་ཅིང་། རྩོམ་པ་སྙན་ཚིག་ཨུཏྤལའི་ཕྲེང་བ་ཚར་དུ་དངར་བས་རྣམ་དཔྱོད་ཡངས་པའི་མཁས་པ་རྣམས་ཀྱི་རྣ་བར་མཛེས་པར་མཛད་པའི་སྒོ་ནས་སྐལ་བ་དང་ལྡན་པའི་གདུལ་བྱ་རྒྱ་མཚོ་ལྟ་བུ་རྣམ་མཁྱེན་ངེས་ལེགས་མཆོག་གི་གོ་འཕང་ལ་དཀྲི་བར་བྱེད་པའི་སྒོ་ནས་ཞབས་པད་བསྐལ་བརྒྱ་བརྟན་ཅིང་བཞུགས་པ་ནི་ཆོས་ཕུན་སུམ་ཚོགས་པ་ལགས།། ༈ །།ལྔ་པ་དུས་དེ་ཉིད་དུ་བྱུང་བའི་འཁོར་ཕུན་སུམ་ཚོགས་པ་ནི། དེ་ལའང་མི་མཇེད་འཇིག་རྟེན་གྱི་ཁམས་འདིར་ངོ་མཚར་ཆེ་བ་གསུམ་གྱི་ནང་ནས། སྟོན་པའི་སྟོན་པས་ཆོས་འཁོར་བསྐོར་བའི་མཐུ་ལ་བརྟེན་ནས། འཕགས་པའི་དགེ་འདུན་འབྱུང་བ་ནི། དགེ་ལེགས་དང་ངོ་མཚར་ཆེ་བ་གསུམ་པ་ཡིན་ཏེ། ཇི་སྐད་དུ། དགེ་འདུན་དམ་པ་ཆོས་ལྡན་ཐོས་པའི་ནོར་གྱིས་ཕྱུག །


JKT002_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

མི་དང་ལྷ་དང་ལྷ་མ་ཡིན་གྱིས་མཆོད་པའི་གནས། །ཚོགས་ཀྱི་མཆོག་རབ་ངོ་ཚ་ཤེས་དང་དཔལ་གྱི་གཞི། །འདི་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གསུམ་པ་ཡིན། །ཞེས་པ་ལྟར། སྤྱིར་ཆོས་ཀྱི་སྐུ་དང་ངོ་བོ་ཉིད་སྐུ་ལ་ནི་སྤྲོས་པའི་མཚན་མ་ལས་འདས་པ་ནམ་མཁའ་ལྟར་འཕོ་འགྱུར་ཕྱོགས་ལྷུང་དང་བྲལ་བའི་ཡེ་ཤེས་ཆེན་པོ་དེ་ཉིད་བཞུགས་པའི་གནས་ནི། བདེན་པ་གཉིས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ལ་ཁྱབ་པར་བཞུགས་པ་ཡིན་པས་ན་གཙོ་བོ་དང་འཁོར་གྱི་ཐ་སྙད་མི་འབྱུང་། ཡེ་ཤེས་དེའི་རང་ངོ་ན་ཀུན་རྟོག་དང་མཚན་མ་མི་མངའ་ན་ཡང་། སྔོན་གྱི་ཐུགས་བསྐྱེད་དང་སྨོན་ལམ་རྣམ་པར་དག་པས་མཚམས་སྦྱོར་བ་ལ་བརྟེན་ནས་ཉི་མ་ལས་འོད་དང་། ནོར་བུ་ལས་དགོས་འདོད་ཐམས་ཅད་འབྱུང་བ་བཞིན་དུ་སེམས་ཅན་རྣམས་འཁྲུལ་པར་བརྩམས་པ་ནས་བཟུང་སངས་རྒྱས་ཀྱི་ཐུགས་རྗེའི་འཇུག་པའང་མཉམ་དུ་སྣང་བ་ཡིན་ཏེ། དེ་ཡང་འཁོར་དག་པ་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ལ་ལོངས་སྤྱོད་རྫོགས་པའི་སྐུ་ངེས་པ་ལྔ་ལྡན་གྱི་ཚུལ་དུ་བཞུགས་པ་ཡིན་ལ། དེ་ལས་གདུལ་བྱ་དམན་པ་རྣམས་ལ་སྤྲུལ་པའི་སྐུ་བདག་ཅག་གི་སྟོན་པ་ཐུབ་པའི་དབང་པོ་ལ་སོགས་པའི་ཚུལ་བསྟན་ནས། འཁོར་ལྔ་སྡེ་བཟང་པོ་ལ་སོགས་པས་ཉན་ཐོས་རྣམས་དང་། ཡང་གདུལ་བྱ་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་དང་། སྤྲུལ་


JKT002_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཉན་ཐོས་རྣམས་དང་། གཞན་ཡང་འཁོར་ཐེག་པ་སྣ་ཚོགས་པའི་རིགས་ཅན་མང་པོ་དང་བཅས་པ་ཇི་སྙེད་ཅིག་བཞུགས་པ་ཡིན་ལ། དེ་དག་གི་རྗེས་སུ་འཕགས་བོད་ཀྱི་སྟོན་པའི་རྒྱལ་ཚབ་ཆེན་པོ་རྣམས་ལ་གདུལ་བྱ་གང་འདུལ་གྱི་འཁོར་ཕུན་སུམ་ཚོགས་པ་བརྗོད་ཀྱིས་མི་ལངས་པ་བྱུང་ལ། ད་ལམ་སྐབས་སུ་བབ་པ་ནི། ཞེས་པའི་མཚམས། དམིགས་བསལ་གྱི་སྦྱིན་བདག་ས་སྐྱོང་སྡེ་དགེ་ལྟ་བུ་ལ་མཚོན་ན། སྤྱིར་བོད་ཀྱི་མིའི་འགྲོ་བ་རྣམས་ཆགས་ནས་རིང་ཞིག་ལོན་པ་ན། ཤར་མི་ཉག་བཞག་ར་ལྷ་རྩེ་དཀར་པོའི་རྩེ་ན། སྟེང་འོད་གསལ་གྱི་ལྷ་ཞིག་བབས་པ་ལས་ལྷ་ཡི་རིགས། མི་རྣམས་ཀྱིས་གནམ་ནས་བབས་པ་ལ་རྒྱུ་མཚན་དུ་བྱས་ནས་མགར་གནམ་ཚ་འབྲུག་ཏུ་བཏགས། དེ་ནས་བརྒྱུད་པ་རིམ་པར་འཕེལ་ནས་འཕགས་མཆོག་ཕྱག་ན་པདྨོའི་རྣམ་འཕྲུལ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་ཆོས་བློན་མགར་སྟོང་བཙན་ཡུལ་ནས་བཟུང་སྟེ་གདུང་རབས་ཞེ་ལྔའི་བར་དུ། མཁས་བཙུན་འཛོམ་པའི་བླ་བརྒྱུད། ཆེ་བཙན་འཛོམ་པའི་རྒྱལ་བརྒྱུད། མཐུ་རྩལ་དང་ལྡན་པའི་སྔགས་བརྒྱུད། དཔའ་རྩལ་དང་ལྡན་པའི་གེ་སར་གྱི་བརྒྱུད་པ་སྟེ་ཡོན་ཏན་གྱི་ལྡོག་པ་བཞི་དང་ལྡན་པའི་རྒྱལ་བརྒྱུད་རྣམས་ལ། ཤར་འཇམ་དབྱངས་གོང་མ་ཆེན་པོས་གསེར་གྱི་ཐཾ་ཀ་སོགས་ལས་ཁུར་མཐོན་པོས་དབང་བསྐུར་ཞིང་གཟེངས་བསྟོད་སྩལ། རྒྱལ་བསྟན་སྤྱི་


JKT002_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

དང་བྱེ་བྲག་དཔལ་ལྡན་ས་ངོར་ཚར་གསུམ་བླ་མ་ལྷ་སྲུང་དང་བཅས་པ་རྩ་བའི་སྐྱབས་གནས་སུ་འཛིན་པའི་ལུགས་གཉིས་ཆོས་སྲིད་ལ་འཕོ་འགྱུར་མི་འབྱུང་། སྤྱི་སྒོས་ཀྱི་ཁྲིམས་ལུགས་ཐམས་ཅད་ཆོས་བཞིན་དུ་སྐྱོང་བའི་ཆོས་རྒྱལ་ཆེན་པོ་ཁྲི་ཐོག་པ་སོགས་ཞལ་རྒྱས་དང་། སྟོད་སྨད་བར་གསུམ་གྱི་ཆོས་སྡེ་མཐའ་དག་རང་ཕྱོགས་ཀྱི་གྲུབ་མཐའི་ཁ་འཛིན་གྱི་འཛིན་སྐྱོང་སྤེལ་གསུམ་གྱི་བསྟན་པ་ཕྱོགས་རེ་བ་འཛིན་པ་མང་ཡང་། དེ་རྣམས་དང་ཡེ་མི་འདྲ་བ་ངེད་དཔལ་ལྡན་ལྷུན་གྲུབ་སྟེང་གི་ཆོས་གྲྭ་འདི་ཉིད་དུ། གསང་སྔགས་གསར་རྙིང་བཀའ་གཏེར་ལ་སོགས་པའི་བཤད་སྒྲུབ་ཀྱི་ཆུ་ཀླུང་ཀུན་འདུས་ཤིང་། དེ་དག་ཀྱང་རང་སྨིན་པར་བྱེད་པ་ཐོས་བསམ་སྒོམ་གསུམ། གཞན་སྨིན་པར་བྱེད་པ་འཆད་རྩོད་རྩོམ་གསུམ། གར་ཐིག་དབྱངས་གསུམ་ལ་སོགས་པའི་ཕྱག་ལེན་ཕྲ་མོ་ཚུན་ཡང་ཕྱིན་ཅི་མ་ལོག་པ་མཁྱེན་པའི་བླ་མ་སློབ་དཔོན་རྣམས་ཀྱིས་གཙོར་མཛད། རྡོར་འཛིན་ངུར་སྨྲིག་འཆང་པ་འདུས་པ་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་དང་། བསྟན་པ་རིན་པོ་ཆེ་ལ་ལྷག་བསམ་དུང་ལྟར་དཀར་བའི་བློན་ཆེན་རྣམས་དང་། ཆབ་འབངས་སུ་གཏོགས་པ་ཇི་སྙེད་ཅིག་མཆིས་པ་རྣམས་ཀྱང་སྐྱབས་རྗེ་རྡོ་རྗེ་འཆང་ཉིད་གཏན་གྱི་སྐྱབས་གནས་སུ་འཛིན་པའི་ཕྱིར་འཁོར་ཕུན་སུམ་ཚོགས་པ་ལགས་སོ། །དེ་ལྟ་བུའི་ཕུན་སུམ་ཚོགས་པ་ལྔ་དང་


JKT002_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པའི་སྐབས་འདིར་བདག་གཞན་སེམས་ཅན་ཐམས་ཅད་ཀྱི་ལུས་ལོངས་སྤྱོད་དུས་གསུམ་དུ་བསགས་པའི་དགེ་བ་ཐམས་ཅད་རྒྱུར་བྱས་པ་ལས་བྱུང་བའི་རྣམ་པ་རི་གླིང་ཉི་ཟླ་དང་བཅས་པའི་སྣོད་བཅུད་ཀྱི་དཔལ་འབྱོར་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པ་མཎྜལ་དུ་འབུལ་བ་ལ། ཞེས་མཚམས་སྦྱར་ནས་མཎྜལ་གྱི་ངོ་བོ། ངེས་ཚིག །དབྱེ་བ། དགོས་ཆེད་སྤྱི་དང་བྱེ་བྲག་སོགས་རྒྱས་བསྡུས་ཇི་ལྟར་རིགས་པས་སྐབས་དབྱེ་ནས་མཎྜལ་འབུལ་བ་དངོས་ལ་འཇུག་པའི་ཚེ། བྱང་འདྲེན་པས་བསྐུལ་བ་དང་བསྟུན་མཎྜལ་གྱི་ཚོམ་བུ་སོ་སོར་སྤོས་ཀྱི་རེང་བུས་བརྡ་སྤྲོད་པ་སོགས་བྱའོ། །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། །།


previousཕུན་སུམ་ཚོགས་པ་ལྔ་ལྡན་དང་མཎྜལ་གྱི་རྣམ་བཤད་ཟུང་འབྲེལ་དུ་འཆད་ཚུལ་ཉུང་གསལ།next