Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཡུལ་དམ་པ་རྣམས་ཁྲི་ཕེབས། ཞབས་བརྟན། དབང་ཆོས་ལེགས་འབུལ་སྐབས་དོན་རྣམ་པར་བཞག་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཡུལ་དམ་པ་རྣམས་ཁྲི་ཕེབས། ཞབས་བརྟན། དབང་ཆོས་ལེགས་འབུལ་སྐབས་དོན་རྣམ་པར་བཞག་པ།next

ཡུལ་དམ་པ་རྣམས་ཁྲི་ཕེབས། ཞབས་བརྟན། དབང་ཆོས་ལེགས་འབུལ་སྐབས་དོན་རྣམ་པར་བཞག་པ།


JKT002_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཨོ་སྭ་སྟི་སིདྡྷཾ། ཡུལ་དམ་པ་རྣམས་ཁྲི་ཕེབས། ཞབས་བརྟན། དབང་ཆོས་ལེགས་འབུལ་སྐབས་བརྗོད་བྱ་དོན་གྱི་རྣམ་པར་བཞག་པ་ལ་ནང་གསེས་ཅུང་ཟད་མི་འདྲ་བ་མང་དུ་མཆིས་ཀྱང་སྤྱི་ཙམ་དུ། དཔལ་ལྡན་པཎྜི་ཏས། ཤིས་བརྗོད་ཕྱག་བྱ་དངོས་པོ་ནི། །ངེས་པར་བསྟན་པའང་དེ་ཡི་སྒོ། །ཞེས་དང་། མདོ་རྒྱུད་བསྟན་བཅོས་རྣམས་ནས་ཀྱང་རྒྱལ་བར་འགྱུར་པའི་ཚིག་སྔོན་དུ་འགྲོ་བར་གསུངས་པ་ལྟར་ཤིས་བརྗོད་ཀྱི་ཚིགས་བཅད་ཇི་ལྟར་རིགས་པས་མདུན་བདར་ཏེ། ཡུལ་དེ་ཉིད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལས་བརྩམས་པའི་བསྔགས་པ་བརྗོད་པའི་མཐར་ཕྱག་བྱ་བའི་ཚིག་གིས་མཚམས་སྦྱར་བ་ནི་ཡན་ལག་


JKT002_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་གྱི་ནང་ནས་ཕྱག་འཚལ་བའི་ཡན་ལག་དང་། དེ་ནས་མཆོད་གནས་དང་སྦྱིན་བདག་གི་ལོ་རྒྱུས་རིགས་རུས་ཡོན་ཏན་སོགས་ཀྱི་ཆེ་བརྗོད་གང་འོས། ཁྱད་པར་ཆོས་དང་དམ་ཚིག་གི་འབྲེལ་ཟབ་ཐོག་མཐའ་བར་གསུམ་དགེ་བར་བྱུང་ཚུལ། དེ་ལས་ཀྱང་སྐབས་སུ་བབས་པའི་གནས་དུས་ཆོས་ཀྱི་འཁོར་ལོ་སོགས་བྱ་བ་གང་ཡིན་གྱི་བརྗོད་བྱ་ཞུ་བ་པོས་བརྗོད་བདེ་ཞིང་། གསན་པ་པོས་དགོངས་སླ་བ། ་འདུས་ཚོགས་ཐམས་ཅད་ཀྱི་སྙན་ལམ་དུ་བབས་པའི་ཚིག་ལྷུག་རྒྱས་བསྡུས་འཚམས་པ་ཞིག་དགོད་པ་ནི་དངོས་པོ་ངེས་བསྟན་གྱི་དོན་ཏེ། དེ་ལྟ་བུས་ལམ་ཡངས་པར་བྱས་ནས། འབུལ་མཚོན་རྣམས་རིམ་པར་བཀོད་པ་མཆོད་པའི་ཡན་ལག་དངོས་འབྱོར་གྱི་མཆོད་པ་དང་། དེའི་མཇུག་སྡུད་དུ་གནས་སྐབས་དང་མཐར་ཐུག་གི་འདོད་དོན་སྐྱབས་འཇུག་ཞུ་བ་སོགས་གང་འོས་བཀོད་མཐར། སླར་ཡང་ཡན་ལག་བདུན་གྱི་ཚིགས་སུ་བཅད་པ་རེ་འགོད་སྲོལ་གྱི། ཕྱག་ནི། སྐབས་འདིར་མཆོད་པའི་ནང་གསེས་ཕྱག་གི་མཆོད་པ་དང་། མཆོད་པ་ནི་གཙོ་བོར་ཡིད་སྤྲུལ་གྱི་མཆོད་པ། ལྷག་མ་སྡིག་པ་བཤགས་པ་ནས་བརྩམས་ཏེ། ཡོངས་སུ་བསྔོ་བའི་བར་སྤྱི་ལྟར་དང་། མཐར་དཔལ་ལྡན་པཎྜི་ཏས། མངོན་པར་འདོད་པའི་དངོས་པོ་ལ། །སྨོན་པ་ཤིས་བརྗོད་བྱ་སྟེ་དཔེར། །ཞེས་སོགས་གསུངས་པ་ལྟར་འཕྲལ་དང་ཡུན་དུ་དགེ་བའི་སྨོན་


JKT002_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་ཤིས་བརྗོད་ཀྱི་ཚིག་གིས་མཐའ་བརྒྱན་པ་དང་བཅས་པ་སྟེ། མདོར་དབུ་ཞབས་ཀྱི་དོན་ཐམས་ཅད་དྲིལ་ན་བསགས་སྦྱངས་སྤེལ་གསུམ་གྱི་བསོད་ནམས་བྱ་བའི་དངོས་པོ་ཐམས་ཅད་ཡོངས་སུ་བསྡུས་པ་ཡན་ལག་བདུན་གྱི་ཁོངས་སུ་འདུ་བ་ཞིག་དང་། རྗོད་བྱེད་ཀྱི་ཚིག་ཀྱང་། སྐྱེས་བུ་ཆེན་པོའི་བསོད་ནམས་ཀྱི་མཚན་བཀྲ་ཤིས་རྟགས་བརྒྱད་དང་། སྟོན་པས་བྱིན་གྱིས་བརླབས་ཤིང་རང་རང་གི་མིང་དང་བྱེད་ལས་ཀྱི་སྒོ་ནས་ཀྱང་བཀྲ་ཤིས་པའི་རྫས་སུ་གྲུབ་པ་རྣམ་པ་བརྒྱད་དང་། བྱང་ཆུབ་སེམས་དཔའ་འཁོར་ལོས་སྒྱུར་བ་ཆེན་པོ་ལ་འོས་པའི་རིན་པོ་ཆེ་སྣ་བདུན་དང་ཡིད་བཞིན་གྱི་ནོར་བུ། འདོད་འཇོའི་བ། དཔག་བསམ་གྱི་ཤིང་། བུམ་པ་བཟང་པོ། བྱང་ཆུབ་ཀྱི་ཤིང་སྟེ་ཕུན་སུམ་ཚོགས་པའི་མཚན་མ་ལྔ་སོགས། མདོར་ན་བཀྲ་ཤིས་ཤིང་བརྗིད་ཆགས་པའི་དཔེ་དང་དོན་ལ་སྦྱར་ནས་ཐོག་མཐའ་བར་གསུམ་དུ་དགེ་ཞིང་ཤིས་པའི་ཚིག་སྦྱོར་གང་ལེགས་དང་བཅས་ཏེ་འགོད་པར་བྱ་བ་ཡིན་ནོ། །གཉིས་པ་ནི། འབེལ་བའི་གཏམ་དང་འབུལ་ཐོ་ཟུང་དུ་འབྲེལ་བར་སྙན་དུ་གསོལ་ན། ཤིས་པའི་ཚིགས་སུ་བཅད་པའམ། ཇི་ལྟར་རིགས་པའི་ཚིག་སྦྱོར་ལེགས་པས་ཐོག་དྲངས་ཏེ། འོག་ཏུ་འབུལ་ཡིག་གི་དངོས་གཞིར་བརྗོད་བྱ་གང་ཡོད་པའི་དོན་མདོར་བསྟན་གྱིས་མདུན་བསུ། དེ་ཉིད་རྒྱས་པར་སྙན་དུ་འབུལ་བས་གཞུང་བསྲངས།


JKT002_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་རྒྱས་པར་ཇི་སྐད་གསོལ་བའི་དོན་མདོར་བསྡུས་ཏེ་ཚིགས་སུ་བཅད་པ་དང་ལྷུག་པ་མཚོ་བྱུང་དགྱེས་པའི་སྒྲ་དབྱངས་ཀྱི་ཏམ་བུ་ར་ལས་དྲངས་ནས་སྙན་དུ་གསོལ་བ་ནི་འདི་ཡིན་ཏེ་ཞེས་པ་ལྟ་བུས་མཚམས་སྦྱར་ཏེ། འབུལ་ཡིག་དངོས་ཀློག་པ་ལ་འཇུག་གོ། །གསུམ་པ་ནི། ཇི་ལྟར་དཔྱིད་ཀྱི་དཔལ་མོས་ཡོངས་སུ་བཟུང་བ་ན། རི་གླིང་ཐ་གྲུར་བཅས་པའི་ཁྱོན་ཐམས་ཅད་ནེའུ་གསིང་དང་། མེ་ཏོག་ལྟདང་། ནགས་ཚལ་འདབ་མ་དང་བཅས་པས་མཛེས་པའི་དཔལ་ངང་གིས་འབྱུང་བ་བཞིན་དུ་འཕགས་པ་རྣམས་ཀྱི་ཡེ་ཤེས་གཟིགས་པ་དག་པའི་མཐུ་དང་། གདུལ་བྱའི་བསོད་ནམས་ཀྱི་འབྲས་བུ་དུས་སུ་སྨིན་པ་ལས། སྔར་ཉིན། ཟ༔ བདག་ཅག་རིག་པ་འཛིན་པའི་དགེ་འདུན་འདུས་པ་སུམ་ཅུ་ལྷག་པས་འཆི་མེད་གྲུབ་པའི་སློབ་དཔོན་ཛེ་ཏཱ་རིའི་བཞེད་གཞུང་དྲི་མ་མེད་པ་བཅོམ་ལྡན་འདས་ཚེ་མཐའ་ཡས་པ་ལྷ་དགུའི་བདག་བསྐྱེད། མདུན་བསྐྱེད། བུམ་བཟླས། ཡེ་ཤེས་དང་འཇིག་རྟེན་པའི་གཏོར་མ་འབུལ་བ་བཅས་སྔོན་དུ་བཏང་ནས། དེ་འཕྲལ་ཉི་མ་འཆར་ནས་ཅུང་ཟད་སོང་པའི་དུས་དགེ་བར། འཇམ་མགོན་ཆོས་ཀྱི་རྒྱལ་པོ་དང་། དཔལ་སའི་ཚངས་པ་ཆེན་པོ་མཆོད་ཡོན་ཉི་ཟླ་ཟུང་འབྲེལ་སྤྱན་དྲངས་ཏེ་སོ་སོའི་བཞུགས་ཁྲིར་འཁོད་གྲུབ་པ་དང་བསྟུན། བྱང་འདྲེན་པས་བསྐུལ་ཏེ་བླ་མ་ཚེ་དཔག་མེད་དུ་བསྐྱེད་ཅིང་


JKT002_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

བཟླས་པ་བྱ་བ་གྲུབ་མཚམས། མཆོད་པ་བྱིན་རླབས། བདག་གིས་གུས་པའི་ཕྱག་འདུས་པའི་དབུས་སུ་འགྲེངས་ཏེ་འདུད་པ་དང་བཅས། འདི་སྐད་དུ། ཨོཾ་སྭ་སྟི་སིདྡྷཾ། ཞེས་དཀོན་མཆོག་གསུམ་གྱི་བཀྲ་ཤིས་པའི་ཚིགས་སུ་བཅད་པས་མདུན་བསུས་ཏེ། དེའི་དོན་དང་རྗེས་སུ་འབྲེལ་པ་ཡུལ་ཕུན་སུམ་ཚོགས་པ་མངའ་བ་ལ་སོགས་ཀྱི་འབྲུ་འགྲེལ་དང་། དོན་གྱི་ཆར་མགོན་པོ་བྱམས་པའི་རྒྱུད་བླ་མའི་ལུང་གིས་རྒྱབ་སྐྱོར་དང་བཅས་པའི་མཐར། དེ་ལྟ་བུའི་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་གྱི་ཐུགས་རྗེའི་གདུགས་དཀར་བླ་ན་ཡངས་པར་འཁོད་པའི་སྟོན་འཁོར་ཕུན་སུམ་ཚོགས་པ་ལྔ་ལྡན་གྱི་སྙན་ལམ་དུ། ཐོག་མར་དགེ་བ་ཕུན་སུམ་ཚོགས་པ་རྣམ་པ་ལྔའི་གླེང་བས་མདུན་བསུས། བར་དུ་དགེ་བ་པཱུ་ཛ་མཎྜལ་གྱི་རྣམ་པར་བཞག་པ། ཐ་མར་དགེ་བ་ཞབས་པད་བསྐལ་བརྒྱར་འཚོ་གཞེས་བརྟན་པའི་ཆོ་ག་གྲུབ་ཚུལ། དེའི་དང་པོ་ལའང་། སྤྱིའི་རྣམ་པར་བཞག་པ་དང་། བྱེ་བྲག་གི་རྣམ་པར་བཞག་པ་གཉིས་ལས། དང་པོ་ལ། ཁུངས་གང་ལས་བརྩམས་ཏེ་བྱུང་བ། སྤྱིའི་མཚན་ཉིད། སྒྲ་དོན། དབྱེ་བ། དེ་ལྟ་བུའི་བརྗོད་བྱ་མདོར་བསྡུ་བའོ། །གཉིས་པ་ལ་ལྔ། གནས། སྟོན་པ། འཁོར། ཆོས། དུས་ཕུན་སུམ་ཚོགས་པའོ། །དེ་རེ་རེ་ལའང་། མཚན་ཉིད། སྒྲ་དོན། དབྱེ་བ། སྐབས་སུ་བབས་པའི་གནས་སོགས་ངོས་བཟུང་བ།


JKT002_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་བཟུང་བའི་བརྗོད་བྱ་མདོར་བསྡུས་ཏེ་སྙན་ལམ་དུ་གསོལ་བའོ། །གཉིས་པ་བར་དུ་དགེ་བ་ལ་དྲུག །ཁུངས། མཚན་ཉིད། སྒྲ་དོན། དབྱེ་བ། ཇི་ལྟར་འབུལ་ཚུལ། དེ་ལྟར་ཕུལ་བའི་དགོས་པ། གསུམ་པ་ཐ་མར་དགེ་བ་ལ་གཉིས། ཞབས་པད་བརྟན་པར་གསོལ་བ་འདེབས་དགོས་པའི་རྒྱུ་མཚན་དང་། ཇི་ལྟར་གསོལ་བ་བཏབ་པའི་ཚུལ་ལོ། །ཕྱི་མ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་ཏེ་ཆོ་ག་ལས་ཇི་ལྟར་འབྱུང་བ་བཞིན་ནོ། །དེ་ལྟ་བུའི་ཆོ་ག་ལས་བླ་མ་ལྷར་བསྐྱེད་པ་དང་། སྔགས་བཟླ་བ་སྔོན་དུ་སོང་ནས། མཆོད་པའི་ཐོག་མར་མཎྜལ་འབུལ་བ་ལ་ཇི་སྐད་བཤད་པའི་རྣམ་པར་བཞག་པ་དེ་རྣམས་ཐུགས་ལ་བཞག་ནས། ཞེས་མཚམས་སྦྱར་བ་དང་ལྷན་ཅིག་ཏུ་བྱང་འདྲེན་པས་མཎྜལ་ཚོམ་བུ་སོ་བདུན་མ་བསྐུལ་ཏེ་ཕུལ། བདག་གིས་རི་གླིང་གི་བཀོད་པའི་མཎྜལ་འཇམ་མགོན་བླ་མའི་ཕྱག་ཏུ་ཕུལ་ཞིང་ཕྱག་བྱ་བ་དང་བཅས་གྲལ་ལ་འཁོད། རབ་འབྱམས་རྒྱ་མཚོ་ལ་སོགས་པའི་མཆོད་པ་ནས་བརྩམས།། །།


previousཡུལ་དམ་པ་རྣམས་ཁྲི་ཕེབས། ཞབས་བརྟན། དབང་ཆོས་ལེགས་འབུལ་སྐབས་དོན་རྣམ་པར་བཞག་པ།next